དཀར་ལུང་པདྨ་རྡོ་རྗེ།
སྔོན་འགྲོའི་གཏམ།
ཁྱོད་ནི་གངས་ཀྱི་ཉིང་ཁུ་རེད
ཁྱོད་ནི་སྤྲིན་གྱི་རླངས་པ་རེད
ཁྱོད་ནི་འཛིན་མའི་ཁྱོན་ན
བཅུད་ཀྱི་དབང་བོ་འཛིན་པའི རྨ་ཆུ་རེད
ཁྱོད་ནི་རྒྱང་ལ་འཐེན་པའི སུ་དང་གང་ཞིག་གིས
བརྩེ་བ་སྒོམ་པའི རྨ་ཆུ་རེད
1
རྨ་ཆུ འདི་ནས་རྒྱང་ལ་འཐེན
གངས་སེང་གི་ངར་སྐད་སྒྲོག་པའི་གཏམ་རྒྱུད་རིང་མོར
འཁྲེང་སེམས་ཀྱི་ཕྱིར་མིག་འཕེན་ཞོར
བས་མཐར་བསྙེགས་པའི་ཁུ་ལོ་དེ སྙིང་གིས་སྒོམ་བཞིན
རྨ་ཆུ་འདི་ནས རྒྱང་ལ་འཐེན
ཁྱུང་ཆེན་རྒོད་པོའི་ལྡིང་སྐོར་རྒྱག་ཚུལ་དེར
ཡིད་སེམས་ཀྱི་དད་སྨོན་སྐྱེས་ཞོར
རྫ་མཐར་ལུས་པའི་ཡུ་མོ་དེ སེམས་ཀྱིས་གླེང་བཞིན
རྨ་ཆུ འདི་ནས་རྒྱང་ལ་འཐེན
ཁུ་སིམ་གྱི་ཀློང་ན་ཡུར་བའི་རི་སྡེ་ཁྲ་མོར
གྱེས་ཕྱག་གི་མིག་ཆུ་འབྱིད་ཞོར
ན་ཟླ་ཚོའི་རེ་སྨོན་དེ ངག་ནས་བཟློ་བཞིན
2
བསིལ་རླུང་དེ་ཡང་མོར་ལྡང་བས
དཔྱིད་ཀྱི་དཔལ་ཡོན་རྒྱས་བྱུང
རྨ་ཆུས རེ་སྨོན་ལ་གསོན་ཤུགས་བསྩོལ་བཞིན
འདི་ནས རྒྱང་ལ་འཐེན
ཚ་གདུང་གིས་བསྲེགས་པས
མེ་འོབས་ཀྱི་དོང་དུ་ལྷུང་སོང
རྨ་ཆུས ཚ་བ་དེར་བསིལ་བས་སེལ་ཞོར
འདི་ནས རྒྱང་ལ་འཐེན
འབྲས་བུ་དེ་ཡོངས་སུ་སྨིན་པས
བདེ་སྐྱིད་ཀྱི་འཛུམ་ཞལ་མངོན་བྱུང
རྨ་ཆུས སེམས་ཀྱི་དྲོལ་འཁོལ་དེ་སྦྲུམ་ཞོར
འདི་ནས རྒྱང་ལ་འཐེན
འཁྱག་པས་བསྡམས་སོང
ཙག་གིས་གཙེས་ཡོང
རྨ་ཆུས ད་དུང་ཡོད་ཚད་སྒོམ་བཞིན
འདི་ནས རྒྱང་ལ་འཐེན
2015ལོའི་ཟླ12པའི་ཚེས5ལ།
《ཁྲིམས་ལུགས་ཚགས་པར》སྟེང་བཀོད།