ཀྲུང་གོ་བོད་ཀྱི་དྲ་བ།

རང་གྲོལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

655648198779174190.jpg

— དཔལ་དོན་གྲུབ་རྒྱལ་སྐུ་གཤེགས་ནས་ལོ་འཁོར་སོ་གཅིག་ལོན་པའི་རྗེས་དྲན་དུ།

འཕགས་ཆེན།  (ཡུལ་ཤུལ)


དུས་ཀྱི་ངོས་གཉིས་སྙུག་གུས་སྦྲེལ

རྡུལ་འཚུབ་ནང་ནས་རལ་པ་བཅད་རྗེས་སུ

ཤ་གསེང་ནས་འབར་བའི་སྐད་སྒྲ་ཚ་པོ་དེས

ད་ལྟ་ང་ཚོ་གསོན་པར་བྱས་ཡོད

དྲན་སྣང་གི་སྤྲིན་པ་རླུང་གིས་གཏོར་ཏེ

དབྱངས་ཀྱི་ནམ་མཁའ་གསལ་བར་བྱས

ད་ལྟ་ཁྱེད་ཀྱི་དཀར་མོ་རྒྱང་གྲགས་ཉན་པའི་རྣ་གཤོག་དེ་དག

མི་རབས་ཤིག་གི་མགོ་བོ་དགྱེ་ཆོག་པའི་ཡན་ལག་ཅིག་ཨང


མེ་ལོང་ནང་གི་གཟུགས་བརྙན་བསད

བོད་ཡུལ་དུ་རླངས་འཁོར་ཤར་གཏོང་བྱས་རྗེས

གངས་རིའི་ཡོལ་བ་འབྱེད་པའི་ལག་པ་རིང་མོ་ཞིག་བསྲིངས

ཞིང་ནང་གི་ལྡུམ་བུ་མང་པོ་བཅད་དེ

འབྲུ་དྲུག་སྙེ་མ་སྨིན་པའི་དུས་ཀྱི་ཤོག་ལྷེ་འདི

ད་ལྟ་བསིལ་གཡབ་བཞིན་འགུལ་ཞིང

སྙན་ངག་གི་ཆར་པ་འབབ་པའི་ནམ་ཟླ་ཡོལ་མེད

ང་གཙང་པོ་བཞིན་འབབ་འདོད


རང་གིས་རང་གསལ་བའི་རྗེས

ལང་ཚོའི་རྦབ་ཆུ་དྲག་ཏུ་འཕྱོས་པ་ནས་བཟུང

ཆར་རླུང་འཇགས་པ་མེད་ཅིང

ཉིན་མཚན་བརྗེ་བའི་མི་ཇེ་མང་དུ་ཕྱིན

འཁྱག་གྲང་གི་བདེ་བ་མྱོང་བའི་ང་ཚོ་ད་དུང་རྒས་མི་སྲིད

དབྱངས་ཀྱི་གཙང་པོའི་བརྒལ་བའི་དྲི་ཟ་ཁྱེད་རང

དོ་ནུབ་སུ་ཞིག་གི་རྨི་ལམ་དུ་འཁོར་འོང་།


2016/11/29ཉིན་ཟི་ལིང་ནས་གྲུབ།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།