སྨུག་པོའི་སྙན་ངག་བདམས་བཀོད།

 55555555555555.png

    སྙིང་ལྕགས་རྒྱལ། སྨྱུག་མིང་ལ་སྨུག་པོ་ཟེར།  མཚོ་སྔོན་ཁྲི་ཀ་རྫོང་དུ་སྐྱེས། ད་ལྟ་ཁྲི་ཀ་རྫོང་བོད་སྐད་ཡིག་གཞུང་ལས་ཁང་ན་ཕྱག་ལས་གཉེར་བཞིན་ཡོད།  སྔ་ཕྱིར་དུས་དེབ་སྦྲང་ཆར་དང་བོད་ཀྱི་རྩོམ་རིག་སྒྱུ་རྩལ་སོགས་ཞིང་ཆེན་ཕྱི་ནང་གི་དུས་དེབ་དང་ཚགས་པར་སྟེང་དུ་སྒྲུང་གཏམ་དང་ལྷུག་རྩོམ། སྙན་ངག་སོགས་བརྩམས་ཆོས་བརྒྱ་ལྷག་སྤེལ་མྱོང་། འཐུས་ཚབ་སྙན་ངག་ཕྱོགས་སྒྲིག་《ངག་གི་མེ་ཏོག་》སོགས་ཡོད།


རྩོམ་རིག་གི་ལྟ་བ།
    རྩོམ་ཡིག་འབྲི་བ་ནི་མི་རྣམས་ཀྱི་དགའ་སྐྱོ་ཆགས་སྡང་གི་བསམ་པའི་བརྩེ་དུང་ཚིག་གི་སྦྱོར་བ་ལེགས་པའི་འགྲོས་སྣ་ཚོགས་ལ་བརྟེན་ནས་ཤོག་དཀར་ངོས་སུ་འཕོས་པ་ཞིག་སྟེ། ང་ཚོ་དམངས་ཁྲོད་ཀྱི་ངལ་རྩོལ་པ་རྣམས་ཀྱིས་འཚོ་བའི་ཁྲོད་ཀྱི་ཡིད་འགྱུར་སྣ་ཚོགས་ངག་གི་རྟ་ལ་སྐྱོན་ཏེ་དམངས་གཞས་མང་པོ་ལེན་པ་ནང་བཞིན། རང་རེ་ཡོན་ཏན་པ་རྣམས་ཀྱིས་ཀྱང་ཚད་གཞི་མཐོན་པོའི་སྒོ་ནས་རང་གི་ནང་སེམས་ཀྱི་འགྱུར་བ་དེ་ཡིག་འབྲུའི་གཟུགས་སུ་བསྒྱུར་ནས་འཇིག་རྟེན་ལ་ངོ་མཚར་བསྐྲུན་པ་དང་མིའི་རིགས་ཀྱི་འཚོ་བ་དེ་ཕུན་སུམ་ཇེ་ཚོགས་སུ་གཏོང་བའི་མི་ཚེའི་འོས་འགན་དང་དུ་ལེན་སྟངས་ཤིག་ཡིན་ནོ། །


ཀྱེ། ཕ་ཡུལ།

སྨུག་པོ།


ཚེ་སྲོག་གི་གླུ་སྐད་ཁྱོད་ཀྱི་པང་དུ་འཐོར་བ་ནས་བཟུང་།
ཨ་མའི་བྱམས་བརྩེ་དང་དྲོད་ཁོལ་གྱིས།
ཁྱོད་ཀྱི་རུམ་ཁོངས་དང་མཁའ་དབྱིངས་སོགས།
འཚོ་བ་ཡི་སྒོ་གླེགས་ཤིག་ངང་གིས་ཕྱེས།
 
ཚེ་སྲོག་གི་གླུ་སྐད་ཁྱོད་ཀྱི་པང་དུ་འཐོར་བ་ནས་བཟུང་།
ངའི་བྱིས་བློའི་འཇིག་རྟེན་དུ།
ཁྱེད་ཀྱི་རྟོགས་བརྗོད་ཀྱི་ཡིག་འབྲུ་བབས།
དྲན་པའི་ཡོལ་ངོས་སུ་འཆར་བ་ནི་མཚར་སྣང་དང་།
ངོས་ཟིན་གྱི་ཐོག་མ།  རེ་བ་ཡི་མགོ་མ་སྟེ།
ཉི་ཟེར་གྱི་གསེར་མདངས་དང་ལྷན་དུ།
མེ་ཏོག་གི་བཀྲག་མདངས་དང་མཉམ་དུ།
ཡུལ་མི་ཚོའི་མཛའ་བརྩེ་དང་བྱམས་སྐྱོང་ཁྲོད་གཉོམ་ལག་རྒྱས།
 
ཚེ་སྲོག་གི་གླུ་སྐད་ཁྱོད་ཀྱི་པང་དུ་འཐོར་བ་ནས་བཟུང་།
དབྱངས་གསལ་གྱི་ཀློག་སྦྱོར་ངག་ལ་གྱེར་ནས།
མེས་པོ་ཚོས།  ཁྱེད་ཀྱི་བྲང་གཞུང་དུ་བཏབ་པའི་གསེར་གྱི་ཞབས་རྗེས་རེ་བཏུས་ཡོད།
སྔོན་རབས་པ་ཚོས། ཁྱོད་ཀྱི་སྤྱི་གཙིག་ཏུ་སྒྲེང་པའི་རིག་པའི་རྒྱལ་མཚན་དེར་འཇུས་ཡོད།
 
ཕ་ཡུལ་ལགས།
མཐོ་བ་རི་རབ་དང་དམའ་བ་རྒྱ་མཚོ།
ཁྱོད་ཀྱི་གཟི་དཔལ་གྱི་བར་སྣང་ཡངས་བོར་ཕྱེས་ཡོད།
སྦྱངས་སྟོབས་ཀྱི་གཞལ་བར་དཀའ་བའི་ཤེས་རིག་གི་གཏེར་མཛོད།
རེ་རེ་བཞིན་ཤེས་རབ་ཀྱི་མིག་གིས་བཙལ་ཞིང་།
དཔལ་ཡོན་གྱི་རླབས་རྩེར་འགོད་པར་བྲེལ།
 
ཀྱེ་ཀྱེ  ཕ་ཡུལ་ལགས།
ང་ཁྱོད་ཀྱི་སྒལ་གཞུང་དུ་འགྲེང་ཡོད།
ང་ཁྱོད་ཀྱི་ཕྱག་མཐིལ་ན་འཚོ་ཡོད།
འཇིག་རྟེན་གྱི་དཔལ་ཡོན་དང་།
རིག་གནས་ཀྱི་སྡིངས་ཀ
ཚན་རྩལ་གྱི་ཕོ་བྲང་ཞིག
བདག་གི་མཐོང་ལམ་དུ་མངོན་བྱུང་།
ཞི་བདེ་དང་འཆམ་མཐུན་གྱི་དྲི་ངད་ཀྱང་ཚོར་བྱུང་།
མཛའ་མཐུན་དང་འཕེལ་རྒྱས་ཀྱི་རྡོག་སྒྲའང་ཐོས་བྱུང་།
 
ཀྱེ། ཕ་ཡུལ་ཨ། 
རི་མཐོན་པོ་ཇོ་མོ་གླང་མ།
ཁྱེད་ཀྱི་དཔངས་མཐོ་བའི་བློ་སྤོབས་ཡིན་ན།
ངས་ཁྱེད་ཀྱི་བློ་སྤོབས་གཡར་ནས།
འཇིག་རྟེན་ཟླུམ་པོའི་དཔལ་ཡོན་གྱི་གསང་བ་རུམ་ན་འདོད།
ཆུ་གཙང་བོ་ཡན་ལག་བརྒྱད་ལྡན།
ཁྱེད་ཀྱི་ལུས་ཟུངས་ཀྱི་ཁྲག་རྒྱུན་ཡིན་ན།
ངས་སྙིང་ཁམས་ཀྱི་དྭངས་མར་བརྒྱུས་ནས།
ཡར་རྒྱས་ཀྱི་འཕར་རྩ་རུ་འདྲེན་འདོད།


 མིག་ཆུའི་ནང་གི་རོལ་དབྱངས།
སྨུག་པོ།


ཡར་ལྷ་ཤམ་པོའི་སྒམ་བརླིང་ལ།
སུ་ཞིག་གི་གསང་བའི་ལོ་རྒྱུས་བཀོད་ཡོད།
རྟ་ཐོག་གི་མི་རིགས་ཤིག
རལ་གྲིའི་སྣེ་མོ་ནས་འགྱེད་ལོག་ཡང་ཡང་བརྒྱབ་རྗེས།
ལོ་རྒྱུས་ཀྱི་ཤོག་ལྷེ་གསར་བ་ཞིག་ལ་བློ་བཀོད་བྱས་པ།
དཔྱད་བརྗོད་ཀྱི་མགྲིན་པ་རྣང་སོང་།
གཅིག་ནི་ཐར་བའི་བདེ་བ་སྟེ།
ཅིག་ཤོས་ནི་དམྱལ་བའི་གཏིང་རིམ།
 
མིན་མིན།  འདི་ནི་གནའ་གཏམ་ཞིག
རལ་གྲིས་ལམ་ཁ་གཤགས་པའི་མེས་པོ་དག
གཟི་མིག་དགུ་བའི་གླ་རྡོ་ཡར་ཀླུང་ནས་བོར་བ།
ད་ལྟ་སུ་ཡི་མགུལ་ན་ཡོད།
 
ལག་ཟུང་གིས་བར་སྣང་ཕྱེ་དགོས་སམ།
གློ་གཤོག་གིས་རྒྱལ་ཁམས་འབྱེད་དགོས།
ངའི་མགྲིན་པ་བརྣང་དོན་ཅི།
 
སྐབས་འདི་དང་འདི་ལ།
ཁྱེད་ཀྱི་མིག་ལ་ཁེངས་ཉམས་རྒྱས་ཏེ།
ལག་མགོ་ཕུར་ཕུར་གྱིས་འཇིག་རྟེན་ལ་ཧབ་འཐོབ་བརྒྱག་དུས།
ངའི་མིག་ཆུའི་ནང་གི་རོལ་དབྱངས་ཐོས་སོང་ངམ།
ངའི་ཉིན་མོའི་མུན་པ་མཐོང་སོང་ངམ།


2015.12.25


བརྩེ་བ་ཐོལ་བྱུང་མ།
སྨུག་པོ།


དབང་ཕྱོགས་རི་བའི་ཕྲག་གོང་ནས།
ཉི་གཞོན་གྱི་ཟུར་མིག་གིས་འཛུམ་ཆུང་གྲོལ་སོང་།
མཁའ་དབུགས་གྲང་མོ་གཤིས་འཇམ་ཅན་དུ་གྱུར།
དེ་ནི་ཁྱོད་དེ། ནམ་མཁའ་གཡུ་ཡི་བུ་མོ་ལ།
གསེར་གྱི་སྒྲོག་གུ་ཐོགས་པའི།
དཀར་འཇམ་གྱི་གོས་ལྭ་གྱོན་པའི།
ཁྱོད་དང་ཁྱོད་ཀྱི་གོམ་སྟབས།
ཁྱོད་དང་ཁྱོད་ཀྱི་ལང་ཚོ་ཕྲ་ཚོམ་ཅན།
ཁྱོད་དང་ཁྱོད་ཀྱི་བརྩེ་བ་ཐོལ་བྱུང་མ།
 
མིག་ཟུང་གི་གཏིང་ལ་ལྷུང་མའི་པདྨ་དཀར་པོ།
སེམས་གུར་གྱི་ནང་ལ་ལྷུང་བའི་མུ་ཏིག་དཀར་པོ།
ངག་གི་འདབ་མ་འདར་འདར་གྱིས་སྐྱོར་བའི་སྙན་ཚིག
ལག་པའི་སོར་མོ་འདར་འདར་གྱིས་བྱས་པའི་གསོལ་འདེབས་ངོ་མ།
ཁྱོད་དང་ཁྱོད་ཡིན་ཏེ་།
རྣམ་ཤེས་ཀྱི་འཕར་རྒྱུན་གྱིས་སྐྱོར་བའི་ཡིག་འབྲུ་འཇམ་པོ།
ཚེ་སྲོག་གིས་ཡང་ཡང་བཀྲུས་པའི་རླབས་རྒྱུན་སྔོན་མོ།
ཁྱོད་དང་ཁྱོད་ཡིན་ཏེ།
ཨ་ཕའི་ངག་ནས་གཏན་ཚུགས་ཀྱིས་བཤད་པའི་གཏམ་རྒྱུད།
དགེ་རྒན་གྱི་གདོང་ལ་སྲ་མཁྲེགས་སུ་བབས་པའི་གསེར་གྱི་མངའ་ཐང་།
ཁྱོད་དང་ཁྱོད་ཡིན་ཏེ།
ལྷམ་ཆུང་རྡོག་མགོ་ལམ་དུ་ཟད་པའི་ལོ་རྒྱུས།
སྨྱུག་གུའི་རལ་བར་སྐྱེས་པའི་རྔུལ་ཁྲག་གི་ཞབས་རྗེས།
ཡོད་ཚད་ཁྱོད་ཡིན།
བརྩེ་བ་ལྷག་མ་འདི་ཡང་ཁྱོད་ཡིན།
མདོར་ན།
དཔེ་ཁུག་ནང་ལ་བསྡུ་ཉར་བྱས་པ་ཡོད་ཚད་ཁྱོད་མིན་ནམ།

 
2105.12.25


དྲན་ཤིང་།  དྲན་ཤིང་།
སྨུག་པོ།


སྟོན་ཟླ་འདི་མིག་ལ་ཤར་བྱུང་།
ཡོད་ཚད་སྨིན་ཐག་ཆོད་པའི་ངང་།
ང་ལ་འབྲས་ལྡན་གྱི་རོ་མངར་མང་དུ་སྦྱིན།
ཡིན་ཡང་།  ཡ་ཆུང་ད་དུང་སྐྱུར་སིལ་སིལ།
ཅི་ཞིག་བརྗེད་པའི་ཕང་འགྱོད་དང་།
ཅི་ཞིག་བོར་བའི་འཚུབ་སྣང་ལྟར།
དྲན་སྣང་ལ་ཤི་འཐམ་རོ་འཐམ་དུ་གྱུར་བ།
སོང་ས་སྡད་ས་ནས་དངན་པ་དང་ལྷན་ཏུ་ཐོན་པ།
ཡ་ཆུང་སྙིང་གི་དུམ་བུ།  འཁོར་བའི་བདག་མོ་སྟེ།
སེམས་ཀྱི་དྲན་ཤིང་།  སེམས་ཀྱི་དྲན་ཤིང་།
 
སྟོན་ལོ་བཞུད་ཁ་མ་འདིའི་བཀྲག་མདངས་ལྟ་བུའི།
ཁྱོད་ཀྱི་མཁུར་མཚོས་ཀྱི་དམར་མདངས་དྲན་དུས།
རླུང་བུ་འགྲོ་མཁན་མ་འདིའི་འཁྱག་བསིལ་བཞིན།
ངའི་སེམས་ལ་གློ་བུར་གློ་བུར་དུ་ཆུ་འཁྱག་བརྡོལ་བྱུང་།
 
ལུས་གདན་ཐོག་གཅིག་ལ་འཛོམས་པའི་སྤྲོ་བ།
ཕྱི་བལྟས་ཀྱི་མིག་ལ་བབས་ན།
ངའི་དྲན་པ་སྟོན་རླུང་གིས་དེད་པའི་ཁུར་མོང་བཞིན།
ལུས་དང་རྣམ་ཤེས་སོ་སོར་བོར་འགྲོ
 
བལ་ལས་འཇམ་པའི་ངང་རྒྱུད།
གསེར་ལས་བཟང་བའི་རང་བཞིན།
སྙིང་གཏམ་བདུད་རྩི་རང་འབབ་ནི།
སྟོན་གྱི་ཤིང་འབྲས་བཞིན།
ཁ་དོག་ཉིད་ལས་ཀྱང་བྲོ་བ་ལྷུག་ལྷུག་སྟེར་ཚུལ།
ནམ་ཡང་སེམས་ཀྱི་དྲན་ཤིང་།  སེམས་ཀྱི་དྲན་ཤིང་།
 
ནམ་ཟླ་སྟོན་ལ་སླེབས་པས།
ཉི་འོད་ཀྱི་ཚ་གདུག་གཉོམ་ཞིང་།
ས་ཆེན་གྱི་བཞིན་མདངས་ཉམས་པ་བཞིན།
དྲན་གདུང་གི་སེམས་ངལ་ལྕི་ན།
ཁ་ཟས་ཀྱི་བྲོ་བ་བརྗེད་ཅིང་།
འཇིག་རྟེན་གྱི་སྤྲོ་སྣང་ཉམས་འགྲོ
 
སེམས་ཀྱི་དྲན་ཤིང་།  སེམས་ཀྱི་དྲན་ཤིང་།
སྟོན་གྱི་མེ་ཏོག་བཞིན་ངའི་མིག་ལམ་ནས་ཡལ་དུས།
ང་ལ་དྲན་གདུང་ལས་ཅི་ཡང་མི་འདུག
དྲན་གདུང་ལས་ཅི་ཡང་མི་འདུག

 
སྤྱི་ལོ༢༠༡༢ལོའི་ཟླ༨ཚེས༢༣ལ།


ཡུལ་ཤུལ་ནས་གླུ་སྐད་ཅིག་ཐོས་པ།
--- ཡུལ་ཤུལ་ས་ཡོམ་འདས་པའི་ལོ་ངོ་གཅིག་གི་རྗེས་སུ་བྲིས།
སྨུག་པོ། 

 
ལོ་ངོ་གཅིག་ཕར་འདས་སོང་།
ཞོགས་པ་དེ་སུ་ཞིག་གིས་བརྗེད་སྲིད་དམ།
བདག་པོས་ལུག་ཁྱུ་ལ་ཚང་རྩིས་ཅི་ཙམ་བྱས་ཀྱང་།
སྡོམ་རྩིས་ཀྱི་གྲངས་འབོར་ལ་ཐམས་ཅད་ཡིད་མ་ཆེས།
 
ཁྱིམ་ཚེས་རྣམས་མྱུར་དུ་མ་ཎི་ཁང་ལ་འཛོམས།  
ཐམས་ཅད་ཀྱི་བློ་སྙིང་གས་ལ་ཉེ།
བདག་པོ་ལ་གདུང་སེམས་དང་བཅས་དྲིས།
རྐྱེན་ངན་བློ་བུར་བ་དེས།
ཁྱོད་ཀྱི་ལུག་ཁྱུ་གང་ལ་གཏོར་སོང་།  གང་ལ་གཏོར་སོང་།
ལུ་གུ་སྡོམ་པོ་ཚོ་ཡུལ་གྲུ་གཞན་དུ་འཁྱར་ཐལ།
ཞེས་ངུ་ངག་དང་སྡུག་བསྔལ་མང་དུ་བྱས།
བདག་མོས་ཧབ་ཆ་ཆེན་པོ་བརྒྱབ་བྱུང་།
རླུང་འཚུབ་དེ་ཙམ་གྱིས་ལུག་ཁྱུ་གཏོར་སྲིད་དམ།
མ་མོ་ཉ་ཉོག་འགའ་ས་འོག་ཏུ་མནན་པ་ཙམ་རེད།
ངེད་ཀྱིས་ད་ལོ་ལྷས་རྭ་གསར་དུ་བརྒྱག་བཞིན་ཡོད།
ལུག་ཁྱུ་རྩྭ་ས་གསར་བར་སྤར་ན།
ད་གཟོད་བདེ་སྐྱིད་མིག་ལ་མཐོང་རྒྱུ་ཡོད་ཟེར།
 
སྡེ་དཔོན་གྱིས་བཤད་པ་ནང་བཞིན།
དམངས་སེམས་གཅིག་ཏུ་མཐུན་ན།
མི་འགྲུབ་པའི་བྱ་བ་ཅི་ཡང་མེད།
འཇོར་དང་ལྕག་ཁེམ་ཐོགས་པའི་ཡུལ་མི་ཚོས།
གད་སྙིགས་གི་གསེབ་ནས་ཚེ་སྲོག་རྟ་རྔ་ཙམ་ཞིག་རྙེད་པ་དེ།
མཆོད་རྟེན་བང་རིམ་དགུ་ཅན་ཞིག་བཞེངས་བའི་རིན་ཐང་ཅི་ལ་མེད།
 
ལོ་ངོ་གཅིག་འདས་པའི་དེ་རིང་།
ས་རྡུལ་ཡོངས་སུ་དྭངས་ཡོད་དམ། མ་མོ་རྒས་འཁོགས་ཚོའི་ཁྲ་ཆུང་གི་མཆི་མ་སྐམ་ཡོད་དམ།
ལུ་གུ་ཆུང་ཆུང་ཚོའི་ཡ་ཆུང་གི་དངན་པ་དྭངས་ཡོད་དམ།
 
བོད་ཆོས་ལྡན་སྐྱ་སེར་ཀུན་གྱི་སྨོན་ལམ་དང་དམ་ཚིག་མ་ཉམས་ན།
རྣམ་ཤེས་གྲངས་མེད་པ་ཞིག
ད་ལྟ་བདེ་བའི་ཞིང་ན་འཁྲུངས་ལོས་ཡོད།
 
ངས་བློ་བུར་དུ་ལུ་གུ་ཞིག་གི་གླུ་སྐད་ཐོས་སོང་།
ང་མ་མེད་ལུག་ཆུང་ལུག་ཁྱུའི་མཐའ་ན་ཡོད།
དྲིན་ཨ་མ་དྲན་ཞིང་འོ་མ་དྲན།
ངའི་སེམས་ཀྱི་སྡུག་འདི་སུ་ལ་བཤད།


དྲག་ཆར། 

སྨུག་པོ།


1


རང་བྱུང་ཁམས་ཀྱི་ཁྲོ་གཏུམ་ནི།
གང་ཟག་གང་དེའི་ཁྲོ་གཏུམ་བཞིན།
ནམ་མཁའ་ཡང་གང་གི་ཁྲོ་གདོང་བཞིན།
སྤྲིན་ནག་གཅུས་ལོག་གཅུས་ལོག
འཇིག་རྟེན་ཡོངས་སུ་གཅུད་འགྲོ།
གློ་བུར་གློ་བུར་དུ།
དྲག་ཆར་དང་ཤ་འོད་ལྷོག་ལྷོག
ཞི་བའི་སྡེ་ལ་དམག་གི་དཔུང་འཇུག་ལྟར།
 
ཨ་ཧོ། དྲག་ཆར་གློ་བུར་བ་འདིས།
བྱེའུ་མར་ཚང་མལ་སྙེག་ཁོམ་མ་བྱུང་།
སྒོ་ང་རེ་རེ་ཚལ་བར་བཏང་སོང་།
རྫི་བོ་ཁྱིམ་དུ་ལོག་ཁོམ་མ་བྱུང་།
སྣམ་བུའི་ཕྲག་མགོ་རལ་བར་བཏང་སོང་།
 
ཀྱེ་མ་དྲག་ཆར། དྲག་ཆར།
གནམ་གྱི་མདའ་ཆར་རལ་གྲིའི་རྣོ་དབལ་ཅན།
མགོ་ཁང་ཆུང་མེད་ན་ཅི་ཞིག་བྱ།

 
2


གནམ་ལྕག་ཐོག་གི་སྤུན་ཡ།
སྲ་མཁྲེགས་ལྕགས་ཀྱི་གོང་བུ།
བར་སྣང་གི་རལ་གྲི་གཏོར་དུས།
འཇིག་རྟེན་ཡ་འཇིག་རྟེན་ཁྱོད།
མཚམས་སྤྲིན་གྱི་མཛེས་སྡུག་དེ་མིན།
འཇའ་ཚོན་གྱི་གུར་ཁང་དེ་མིན།
ཉི་ཟླ་དང་སྐར་ཚོགས་ཀྱང་མིན།
ཁྱོད་ནི་འཚོ་བའི་ཟུར་གཅིག་ཡིན་ཟེར་ན།
སོམ་ཉིའི་དཔྱངས་ཐག་ག་དུས་གཅོད་དམ།
 
ཀྱེ་མ་དྲག་ཆར།  དྲག་ཆར།
རྐང་སག་ལྷམ་འདི་སྙིང་རེ་རྗེ།
རྩྭ་རྩེའི་བསིལ་ཐིགས་ཕྲ་མོས་རློན་པར་བྱེད།
མགོའི་ཞྭ་མོ་འདིའང་སྙིང་རེ་རྗེ།
ཁྱོད་ཀྱི་ཐལ་ལྕག་གིས་རལ་བར་བཏང་།
 
དྲག་ཆར། དྲག་ཆར།
འཇིག་རྟེན་གཞོམ་པར་འདོད་ཀྱང་།
ལམ་ཕྲན་འདི་རྐང་རྟེན་དུ་བསྐྱུར་རོགས།
སྐུ་མཁྱེན།  སྐུ་མཁྱེན།


འབྲོག་ཕྲུག་མ།
སྨུག་པོ།

 
ལྷག་རླུང་གིས་བཀྲུས་པའི་ཞལ་རས།
ཆར་རྒྱུན་གྱིས་ཤད་པའི་སྐྲ་ལོ།
འཛུམ་མདངས་ཀྱིས་དགོད་པའི་འདྲེན་བྱེད་ཟུང་།
མེ་ཏོག་གི་འདབ་གཤོག་ཁྲོད་ན་ཅི་འདྲའི་སྙིང་དུ་སྡུག་ཨང་།
 
འབྲོག་ཕྲུག་མ། རྩམ་དྲི་ཡལ་མ་མྱོང་བའི་གཅེས་ཕྲུག་མ།
འཛུམ་མདངས་ཉི་མའི་གྲོགས་སུ་ཤར་བས།
ངའི་སེམས་ལ་དྲོད་སྣང་སྦྱིན་སོང་།
ངའི་སྙིང་གི་མུན་པ་སངས་སོང་།
 
ཕ་ཡུལ་གྱི་སྤང་ལྗོངས་སྟེང་འདིར།
ཁྱོད་དང་མཉམ་དུ་མེ་ཏོག་གི་སྒེག་ཆས་སྤྲོས་མྱོང་།
འཇའ་ཚོན་གྱི་གོས་གསར་གྱོན་ནས་ཉི་ཟེར་ལ་ལག་བརྡ་བཏང་མྱོང་།
སྐར་ཚོགས་ལ་ལག་རྡང་སྦྲེལ་ནས་སྐོར་བྲོ་འཁྲབ་མྱོང་།
རྨི་ལམ་གྱི་མཛེས་ལྗོངས་ནས་འཕྲུལ་སྣང་གི་མེ་ཏོག་བཏུས་མྱོང་།
 
འཕྲོག་ཕྲུག་མ།
ཁྱིམ་གྱི་འཚོ་ཚིས་ལ་འབད་པས།
ངའི་འཚོ་བ་ལ་འོ་དྲི་བསྐྱིལ་སོང་།
གཤིས་ཀ་ལས་འཇམ་པའི་དགོད་སྒྲ་དྭངས་མོས།
ངའི་དུས་ཚིགས་ལ་ཁ་དོག་བགོས་སོང་།
 
དོ་ནུབ་ཕྱི་རོལ་ན་ཁ་བ་འབབ་བཞིན་འདུག
ང་གང་དུའང་འགྲོ་མི་འདོད།
ཁྱོད་ཀྱི་མིང་ཡིག་གི་ཚ་དྲོད་རུམ་ནས།
འདས་སོང་གི་ལོ་ཟླ་དྲན་པའི་དཔལ་དུ་བྲིས་ཡོད།
འབྲོག་ཕྲུག་མ།


གླུ་གར་རྒྱལ་གྱི་དམངས་གླུ་ཞིག་ལ་ཉན་རྗེས།
སྨུག་པོ།


ཕྱོགས་སོ་སོའི་སྐུ་མགྲོན་ཁྱིམ་ལ་འདུས།
ཁྲོམ་གླུ་གར་ཡག་གི་དཀྱིལ་ལ་འདུས་པ་བཞིན།
ཡིད་སྤྲོ་བའི་འཚོ་བ།
དཔངས་མཐོ་བའི་ཁེངས་སེམས།
དཔལ་དང་ཕུན་ཚོགས་ཀྱང་འདི་ལ་འཛོམས་དུས།
གླུ་སྐད་ཀྱིས་དྲན་པ་ཡོངས་སུ་བརླན་སོང་།
གླུ་སྐད་ཀྱིས་སྙིང་ཆུང་ཡོངས་སུ་ཟོས་ཚར།
 
གལ་སྲིད་དབྱངས་ཅན་མར་མཇལ་ན།
སྐད་ཆ་ཞིག་ནན་གྱིས་འདྲི་འདོད།
ངའི་མགྲིན་པ་བརྣངས་སོང་།  རྣམ་ཤེས་བོར་སོང་།
མཛེས་སྡུག་གི་བསླུ་བྲིད་འདིས།
ད་ལྟ།   གླུ་སྐད་འབའ་ཞིག་ཟས་སུ་སྒོམ་ཡོད།
 
ཤ་འདུས་དགོ་འདུས་སྤང་ལ་འདུས།
སྤང་མེ་ཏོག་ཡག་གི་དཀྱིལ་ལ་འདུས་པ་བཞིན།
ཁུ་བྱུག་གི་གསུང་དབྱངས་དང་།
ཅོ་ཀའི་དྲུག་འགྱུར་ཡང་སྤང་ལ་འདུས།
ཁྱེད་ཀྱི་གླུ་སྐད་ཀྱང་སྤང་ལྗོངས་ནས་འཁྲུངས་བའི་དབྱངས་རྟ།
གངས་ལྗོངས་ཀྱི་རྣམ་ཤེས་སྦྲུམ་པའི་སྙན་དབྱངས།
རང་བྱུང་ཁམས་ཀྱི་མཉམ་སྒྲོག་རོལ་དབྱངས་ཏེ།
དབྱིག་འཛིན་མའི་པང་དུ་རྟེན་འབྱུང་དུ་འབྲེལ་ཞིང།
རྒྱུ་འབྲས་ཀྱིས་གྲུབ་པའི་མི་དང་སྐྱེ་དངོས་སྲོག་ཆགས་དག
མཛའ་མཐུན་མཉམ་གནས་ཀྱི་སེམས་པའི་སྒྲ་དབྱངས་ག་ལ་མིན།
 
གླུ་སྐད་དུ་སྙན་འཇེབས་དང་མཛེས་སྡུག་འདུས་པ་བཞིན།
སྣོད་ཀྱི་འཇིག་རྟེན་ལ་བཅུད་ཀྱི་སེམས་ཅན་འདུས།
ང་ཚོའི་ལག་རྡང་ལ་སེམས་པ་འདུས་པ་བཞིན།
སྡེ་བཞིའི་ནོར་བཟང་བོད་ཡུལ་ཁམས་ལ་འདུས་པའི་སྨོན་འདུན།
ཁྱེད་ཀྱི་གླུ་སྐད་ཀྱང་དེ་རུ་འདུས་པའི་སྨོན་འདུན།
 
དུས་ཀྱི་བཞུར་རྒྱུན་གང་ལ་སླེབས་ཀྱང་།
མི་སེམས་ཀྱི་སེང་རས་ཇི་ལྟར་བརྗེ་ཡང་།
སེམས་པའི་ཁ་དོག་ངག་གི་འགྱུར་ཁུག་ལ་བསྲེས་ན།
སྲིད་པའི་ཕུན་ཚོགས་ལ་གླུ་སྐད་ནམ་ཡང་སྙན་ཞེས།
གླུ་བ་གང་དེའི་མགྲིན་པའི་ཕུག་ཏུ་སྐོང་བའི།
དབྱངས་ཅན་མར་འདི་ལྟར་བརྗོད་འདོད།


འཕུར་མ་ཐུབ་པའི་བྱེའུ་ཕྲུག་ཚོ།

སྨུག་པོ།

 
འཕར་མ་ཐུབ་པའི་བྱིས་ཕྲུག་ཚོ།
མཚེར་ཤུལ་དུ་ལུས་པའི་ལུག་ཆུང་བཞིན།
དངངས་འཚབ་ཀྱིས་དེད་པའི་འབའ་སྐད།
སུག་བཞིའི་འདུར་རྒྱུག་གི་གོམ་སྟབས་ལ་བརྒྱུ་བཞིན།
བཞུད་ཟིན་པའི་ལུག་ཁྱུའི་ཞབས་རྗེས་སྙེག
 
འཕུར་མ་ཐུབ་པའི་བྱེའུ་ཕྲུག་ཚོ།
ནགས་ཚལ་འདིའི་སློང་མོ་བ་རྒན་གྲས་རེད།
ཁོ་ཚོས།  བཞུད་ཟིན་པའི་སྔོན་རབས་པ་དག
ཤམ་བྷ་ལར་གཟི་ཉམས་ཀྱིས་འཚོ་བའི་ངང་ཚུལ་བསམ་བཞིན།
འཕར་མ་ཐུབ་པའི་གཤོག་རྩལ་གྱི་སྣེ་མོར་ལེ་བདའ་སྤུངས་ཤིང་།
འདི་ལྟར་སོ་གནས་སུ་ལུས་པའི་ཕམ་ཉེས་འཁུར་ཏེ།
སླར་ཡང་གཤོག་པ་ཐེངས་ཤིག་བརྐྱོངས་རྒྱུའི་ཆོད་སེམས་བཅངས།
 
འཕུར་མ་ཐུབ་པའི་བྱེའུ་ཕྲུག་ཚོ།
འཕུར་འདོད་པ་ཀུན་གྱི་དར་ཆ་རེད།
ཁོ་ཚོས་རླུང་གི་རྒྱུ་བ་ཁ་ཤས་མྱངས་རྗེས།
བརྡར་ཟིན་པའི་གཤོག་རྩལ་ལ་བརྟེན་ནས།
འཇིག་རྟེན་གྱི་མཐོ་སར་འཕུར་དགོས།
དེ་ན་ཁོ་ཚོའི་མངའ་ཐང་དང་ལོངས་སྤྱོད་ཡོད།


རྟིང་སྐུལ།
སྨུག་པོ།

 
མགོ་བོ་དགྱེ་རོགས།
མིག་ཆུ་གཏོང་མི་སྲིད་པའི་ཁྱོད།
ཕྲག་ཏུ་བབས་པ་ནི་རྡོག་ཁྲེས་ག་ལ་ཡིན།
དེ་ནི་མ་འོངས་བ་སྟེ།
ལྗིད་ཏིག་ཏིག་གི་རེ་བ་དང་།
གསེར་མདོག་གི་སྟོན་ལྗོངས་གང་ཞིག་གི་གཡབ་མོ་མ་ཡིན་ནམ།
 
མགོ་བོ་དགྱེ་རོགས།
མིག་ཆུ་གཏོང་མི་སྲིད་པའི་ཁྱོད།
མཚན་མོའི་གཉིད་ཀྱང་འཕྲོག་འགྲོ་བ་དེ་རྨི་ལམ་ག་ལ་ཡིན།
དེ་ནི་འཚོ་བ་དང་བྱ་གཞག་སྟེ།
སེམས་ཀྱིས་འཐགས་པའི་དར་ཚོན་སྣ་ལྔ།
བསམ་གཞིགས་ཀྱིས་བཞེངས་པའི་ཕོ་བྲང་།
 
མགོ་བོ་དགྱེ་རོགས།
མིག་ཆུ་གཏོང་མི་སྲིད་པའི་ཁྱོད།
འཁོར་བའི་ནགས་ཀློང་དེའི་རྫོབ་ཅི་འདྲའི་མཐུག
མིག་ལ་མཛེས་པ་ཐམས་ཅད་པདྨ་ག་ལ་ཡིན།
དུག་ཚེར་ཅན་དེ་ལའང་ཡིད་འགུགས་མེ་ཏོག་ཟེར།
 
མགོ་བོ་དགྱེ་རོགས།
མིག་ཆུ་གཏོང་མི་སྲིད་པའི་ཁྱོད།
ལམ་གྱི་རིང་ཚད་སེམས་ཀྱི་རྒྱ་ཁྱོན་ཡིན་པས།
རྐང་སྣེ་རྡོ་ལ་ཐོགས་པའི་སེམས་ཁྲལ་གྱིས་ཅི་བྱེད།
མིག་གིས་རྒྱང་རིང་ལ་ལྟོས་དང་།
རང་ཉིད་ཀྱི་ཕ་མཐའ་རུ་བརྒལ་ན།
ཐར་བའི་ལམ་སྣ་རྙེད་པ་མ་ཡིན་ནམ།

 
༢༠༡༡ལོའི་ཟླ་༡༡ཚེས༢༩ཉིན།


རོགས་དྲན་པའི་སྐོར།
སྨུག་པོ།


ཁྱོད་དྲན་ཚུལ་ཐ་སྙད་ཀྱིད་མཚོན་དཀའ།
ཁྱོད་དྲན་པའི་གདུང་བ་སྙན་ངག་གིས་ཐེག་དཀའ།
ནམ་རྒྱུན། ཁྱོད་ཀྱི་འཛུམ་ཀོང་ཕྱི་མིག་གི་རྒྱན་དུ་ཤར་ཚེ།
ངས་རྒྱ་སེ་རྐང་གཅིག་གི་མཛེས་སྡུག་མཐོང་སོང་།
རི་སིལ་དམར་པོའི་བཀྲག་མདངས་ཀྱང་མཐོང་སོང་།
བར་ཐག་གི་དགྲ་བོས་དྲན་གདུང་གི་བཙོན་མ་གཙེས་དུས།
སྙིང་གི་འཕར་སྒྲས་ཁྱོད་ཀྱི་མིང་ཡིག་ཁོ་ན་གླེང་།
ཁ་པར་གྱི་སྐུད་ལམ་ནས།
ཁྱོད་དང་ཉེ་བར་བཅར་ཐེངས་རེར།
སེམས་ཀྱི་སྐུད་པའི་ཚུར་སྣེ་ན་དངན་པ་གྲངས་མེད།
ཕར་སྣེ་ན་མིག་ཆུ་གྲངས་མེད།
དྲན་པའི་ཁུག་སོ་ན་བར་ཐག་གིས་བཞག་པའི་རྨ་ཁ་གྲངས་མེད།
 
རོགས་ཆུང་ལོ།
དུས་ཀྱི་གོམ་སྒྲས་ངའི་སྙིང་ལ་ཅོང་བརྡ་བཏང་བྱུང་།
ཕུགས་བསམ་དང་རེ་སྙེག་ནི་འབད་པས་བརྩོན་དགོས་ཟེར།
བདེ་སྐྱིད་དང་རྨི་ལམ་ཡང་འབད་པས་བསུ་དགོས་ཟེར།
ངའི་སེམས་འཁུར་ནི་ཁྱོད་ལ་གཏད་ཡོད།
ངའི་མིག་ཟུང་ནི་ཁྱེད་ལ་ཅེར་ཡོད།
ངས་བློ་ཐག་རྦད་ཆོད་ཀྱིས།
རི་ཆུ་སྟོང་ཕྲག་གི་རྔམ་བརྗིད་རྐང་སྟབས་ཀྱིས་གཅོད་འདོད།
བརྩེ་འདང་གི་མཚོ་མོར་རང་སྲོག་བསྡོ་ན་འདོད།
མི་ཁའི་མདའ་མོ་དུག་ལས་བཙན་ཡང་།
བར་ཆད་ཀྱི་འགག་སྒོ་བྲག་ལས་བརྟན་ཡང་།
ང་ལ་ཐེ་ཚོམ་ཅི་ཡང་མེད།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།