ཀྲུང་གོ་བོད་ཀྱི་དྲ་བ།

གནམ་གྱི་ཕྱེད་ཀ་འདེགས་པའི་གྱད་མི་དེ་སུ་ཡིན།(ཞར་བཀོད་གཅིག)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2016-12-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བོད་གཞུག་སྐྱིད།

 

བཙན་པོ་འཁོར་གྱིས་བཞེངས་པའི་རྒྱལ་རབས་དེ་བསམ་ནས།།

ལོ་རྒྱུས་དེབ་ཏུ་འཁོད་པའི་འཁྱུག་བྲིས་ལ་བལྟས་ཚེ།།

སྲིད་བརྟན་ལོངས་སྤྱོད་རྒྱས་པའི་གདུངས་འདེགས་ཀྱི་ཀ་བ།།

འབྲོ་བཟའ་ཁྲི་མ་ལོད་དེའི་བློ་གྲོས་རང་མིན་ནམ།།

 

ཆོས་ཁྲིམས་གཙང་མ་གངས་ཅན་བོད་ཡུལ་དུ་སྤེལ་དུས།།

རྒྱ་ཆོས་བོད་ལ་བསྒྱུར་མཁན་མང་པོ་རང་ཡོད་ཀྱང་།།

བོད་ཆོས་གསར་ཏུ་གཏོད་ནས་གཞན་ཡུལ་ལ་སྤེལ་མཁན།།

མ་ཅིག་ལབ་ཀྱི་སྒྲོན་མེའི་གཟི་མདངས་རང་མིན་ནམ།།

 

སངས་རྒྱས་སྟོང་སྐུ་བྱོན་པའི་རྣམ་ཐར་རེ་ཡོད་ཀྱང་།།

ཚེ་གཅིག་ལུས་གཅིག་སངས་རྒྱས་གོ་འཕང་དེ་ཐོབ་མཁན།།

རྗེ་བཙུན་མི་ལའི་ངེས་འབྱུང་སྐྱེས་ཡུལ་གྱི་གཞི་མ།།

མ་ཡུམ་མྱང་ཚའི་ཁོག་དཔུང་ལ་རྒྱ་དེ་མིན་ནམ།།

 

དཔའ་བོའི་གད་བརྒྱངས་བསྒྲོགས་ནས་དམར་འཛིང་རེ་བྱེད་དུས།།

སུམ་ཉིས་ས་ཡི་དཀྱིལ་འཁོར་རིས་གཟུགས་སུ་ཕབ་ནས།།

གསོལ་སྐྱེམས་མངར་མོ་རྒྱལ་ཁའི་ཞལ་ཟུར་ནས་འཛིམ་སྐབས།།

གནམ་གྱི་ཕྱེད་ཀ་འདེགས་པའི་གྱད་མི་དེ་སུ་ཡིན།།

 

མུན་པའི་ཀློང་ནས་ཤ་འོད་ཤག་ཤག་ཏུ་རྒྱུགས་ནས།།

ཟླ་བའི་འོད་མདངས་སྤྲིན་ནག་ཕུང་པོ་ཡི་བསྒྲིབས་དུས།།

འོ་མའི་བཅུད་དང་བརྩེ་བའི་དྲོད་འཁོལ་རང་སྦྱིན་མཁན།།

གནམ་གྱི་ཕྱེད་ཀ་འདེགས་པའི་གྱད་མི་དེ་སུ་ཡིན།།

 

ཨ་ཕོ་ལུག་རྫིའི་དཀའ་སྡུག་ཐོད་ནག་གི་མདུད་པ།།

བུ་ཆུང་སྣབས་ལུག་ལེ་ལོ་རྣམ་གཡེང་ལ་འཁོར་དུས།།

སྦྲ་ནག་གྲུ་བཞི་སྐྱིད་པའི་གཡང་རྟེན་དུ་འགྱུར་མཁན།།

གནམ་གྱི་ཕྱེད་ཀ་འདེགས་པའི་གྱད་མི་དེ་སུ་ཡིན།།

 

རྨོན་དོར་རྗེས་སུ་རྔུལ་ཆུ་ཁྲོམ་ཁྲོམ་དུ་བཞུར་ནས།།

ལྕགས་ཁེམ་འཇོར་གྱིས་ས་བརྐོ་རྡོ་བསློགས་རེ་བྱས་ཀྱང་།།

དེ་ཡི་ཞོར་ལ་ཞིམ་མངར་བཟའ་བཏུང་རེ་འདྲེན་མཁན།།

གནམ་གྱི་ཕྱེད་ཀ་འདེགས་པའི་གྱད་མི་དེ་སུ་ཡིན།།

 

བཙན་གཏམ་ཚོད་མེད་མདུན་ནས་སྤོབས་སེམས་ཀྱི་འགྲེང་ལ།།

ཉམ་ཆུང་ནུས་མེད་གྲས་ལ་སྙིང་རྗེ་རེ་སྒོམ་ཞོར།།

མྱི་ཁའི་བཙན་རྫོང་སྟུག་པོ་ལང་ཚོ་ཡི་བརྒལ་མཁན།།

གནམ་གྱི་ཕྱེད་ཀ་འདེགས་པའི་གྱད་མི་དེ་སུ་ཡིན།།

 

ཤེས་རབ་སྒེག་མོའི་འཛུམ་ཞལ་ས་གཞི་ལ་འཕྲོས་ནས།།

མི་བུ་སྟོང་གིས་རིག་པའི་ཅང་ཤེས་ལ་བཅིབས་བཞིན།།

གངས་ལྗོངས་ས་ལའི་ཡུལ་ལ་སྲི་ཞུ་རེ་བསྒྲིབས་དུས།།

གནམ་གྱི་ཕྱེད་ཀ་འདེགས་པའི་གྱད་མི་དེ་སུ་ཡིན།།

 


རྨ་སྔོན་མོ་དང་སེམས་སྐྱ་མོ།

བོད་གཞུག་སྐྱིད།

 

སྔོ་སངས་སངས་ཀྱི་བཞུར་རྒྱུན་རིང་མོ་འདི

ཉ་གསེར་མིག་ཅིག་གི་འཁྱུག་འགྲོས་དེ་ཡིན་ན

ལང་ཚོའི་རྐྱལ་རྩལ་རྒྱས་པའི་བུ་ལོ་དེ་གང་ན

གནམ་སྔོན་པོའི་མདོག་གྱིས་རླབས་པའི་ངོ་གདོང་འཕྱོར་བོ་འདི

ཡབ་མེས་ཀྱི་ལོ་རྒྱུས་གླེང་བའི་དན་རྟགས་དེ་ཡིན་ན

གཡུ་རལ་དགུང་དུ་ཟུག་པའི་ཁྲོ་ཉམས་དེ་གང་ན

ཤེལ་མིག་དང་པར་ཆས་ཐོགས་པའི་འགྲུལ་བཞུད་པ་ཚོའི

མཚར་མདོག་དང་ཧམ་སེམས་ཀྱི་ཀློང་ན

བག་མེད་དང་ལྷོད་གཡེང་གི་རྒྱུ་བའི་ཁྱེད་ཀྱི་རླབས་སྒྲ་རེ་རེ

སུ་ཞིག་གིས་ངའི་རྨི་ལམ་ལ་རྒོལ་བར་བཏང་བའི་ཕོ་ཉ་ཡིན།

རྨ་འགྲམ་གྱི་མཁར་རྙིང་འདིའི་སྟེང་ནས་

ལྗང་མདོག་སྟུག་པོའི་ཕྱོགས་བཞིའི་ལུང་ཁུག་ལ་བལྟས་ཚེ

སྣུམ་བཅུད་བྲལ་བའི་ངོ་གདོང་སྐྱ་བོ་རེ་རེ

མེ་ལོང་ལྟ་བུའི་རྨ་ཆུ་ལས་ག་ལེར་འཆར་འོང་།

བཙན་པོ་སུ་ཞིག་གིས་རང་བསྲེལ་མཆིས་པའི་གནས་འདི་རུ

མག་མོག་གི་ངོ་གདོང་རེ་རེ་ཡིས

རྨ་སྔོན་མོའི་ཁེར་རྐྱང་ཚོར་གྱིན་མ་མཆིས་ལ

སེམས་སྐྱ་མོའི་མིག་ཆུ་སྒུམ་ཚུལ་ལ་རྒྱང་ཐག་ག་ཙམ་རིང་ཨང་།

 

2009ལོའི་ཟླ5ཚེས2ཉིན།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།