ཀྲུང་གོ་བོད་ཀྱི་དྲ་བ།

བསམ་སྤྱོད་ཀྱི་སྙན་ངག་བདམས་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

webwxgetmsgimg.jpg

མི།
བསམ་སྤྱོད། (རེབ་གོང་།) 


མི   བྱིས་དུས་ཀ་ར་དང་སིལ་ཏོག་དེ་བདེ་སྐྱིད་དུ་བརྩིས།
མི   གཞོན་དུས་བརྩེ་དུང་དང་སྒོར་མོ་དེ་རང་དབང་དུ་རློམ།
མི    རྒས་དུས་ལྷ་ཁང་དང་འདུ་ཁང་དེ་སྐྱབས་སུ་འཛིན།
མི    འཆི་ཁར་ཅི་ཞིག་ཧ་གོ་བ་ལྟར་མིག་ཟུང་ཡང་བཙུམ་མི་ཐུབ

ཐོག་མར་འཇིག་རྟེན་འདིར་ཡོང་དུས
དངངས་སྐྲག་གིས་ངུས་ནས་ཡོང
ཕྱིར་འཇིག་རྟེན་འདིར་འབྲལ་དུས
ཞེན་ཆགས་ཀྱིས་ངུས་ནས་འགྲོ

མི་ཚེ་འཇའ་ཚོན་བཞིན་ཡལ་འགྲོ
ལང་ཚོ་མེ་ཏོག་བཞིན་ཡལ་འགྲོ
སྐད་ཅིག་མའི་རྨི་ལམ་ན བདེ་སྐྱིད་འཚོལ་མཁན་དེ
མི་ཡིན་ལ  བདེ་སྐྱིད་བོར་མཁན་ཡང་མི་ཡིན།

མི་ཡོང་ཁར་གཅེར་བུ་ལག་སྟོང་དུ་ཡོང་ལ
མི་འགྲོ་ཁར་གཅེར་བུ་ལག་སྟོང་དུ་འགྲོ
དོན་ངོ་མར་མི་ཡུལ་ནས་ཅི་ཞིག་བཙལ
མི་ཡུལ་ནས་ཅི་ཞིག་རྙེད  ཤུལ་ན་ཅི་ཞིག་འདུག


2003ལོའི<<མང་ཚོགས་སྒྱུ་རྩལ>>དེབ་དང་པོའི་སྟེང་བཀོད།


ཡང་མིན་ན།

--- སྙིང་ཉེ་བའི་བདག་གི་སློབ་བུ་ཚོགས་ལ་སྤྲིངས་པ།

བསམ་སྤྱོད། (རེབ་གོང་།)



ང་གྲིབ་གཟུགས་ཀྱི་ནང་དུ་མེད
ཡིན་ནའང   ང་རང་ཏག་ཏག་གྲིབ་གཟུགས་ཤིག་ཡིན་སྙམ
གྲིབ་གཟུགས་དེ་ཁྱོད་ཀྱི་རྒྱབ་གཟུགས་ལ་བརྙེས་པའི
ལམ་གྱི་གཏན་གྲོགས་དེ་ཡིན
ཡང་མིན་ན   རྐང་རྗེས་སུ་ལྷུང་བའི་ལྷམ་ངོས་ཀྱི་རི་མོ་དེ་ཡིན

ང་མེ་ལོང་ནང་དུ་མེད
ཡིན་ནའང  ང་རང་ཏག་ཏག་མེ་ལོང་ཞིག་ཡིན་སྙམ
མེ་ལོང་དུ་རང་ཉིད་ལ་བྱི་དོར་བྱེད་དུས
ངས་ཁྱོད་ཀྱི་དྭངས་གཙང་གི་ངོ་གདོང་སྲུང་ཡོད
ཡང་མིན་ན  འབག་བཙོག་གི་ཞལ་རས་ཕྱི་མཁན་དེ་ཡིན

ང་ཆར་གདུགས་ཀྱི་ནང་དུ་མེད
ཡིན་ནའང  ང་ཏག་ཏག་ཆར་གདུགས་ཤིག་ཡིན
ང་འོད་ཀྱི་ཆར་གདུགས་ཤིག་ལ་འཐིམ་ནས
ངས་ཁྱོད་ལ་བཀར་ཡོད
ཡང་མིན་ན  ང་ཆར་བའི་ཁྲོད་ཀྱི་འཇའ་ཚོན་དེ་ཡིན

ང་སྒྲོན་མེའི་ནང་ན་མེད
ཡིན་ནའང  ང་རང་ཏག་ཏག་སྒྲོན་མེ་ཞིག་ཡིན་སྙམ
མཚན་ངོགས་ཀྱི་འཚོལ་སྙེག་བར་ན
ངས་ཁྱོད་ལ་མུན་པ་སེལ་ཡོད
ཡང་མིན་ན   ང་མཚན་མོ་འདིས་སོ་ལྟ་བ་ཡིན།

ང་རང་ཁ་བའི་ནང་དུ་མེད
ཡིན་ནའང  ང་རང་ཏག་ཏག་ཁ་བ་ཞིག་ཡིན་སྙམ
མེ་ཏོག་གི་ཟོལ་གྱིས
ང་ཁྱོད་ཀྱི་བྲང་གཞུང་ལ་འཐིམ་ཡོད
དེ་མིན་ན   ཁྱོད་ཀྱི་རྐང་རྗེས་ནི་ཁ་བའི་ཁྲོད་དུ་ཅི་ལ་འཐིམ


2016.9.28ཉིན།

2016ལོའི<<གངས་རྒྱན་མེ་ཏོག>>དེབ་གསུམ་པའི་སྟེང་བཀོད།


དོ་ནུབ  ངས་མཚན་ལྗོངས་ལ་རོལ་བཞིན་ཡོད།

བསམ་སྤྱོད། (རེབ་གོང་།)


ངོས་མི་འདྲ་བ་དང་ཟུར་མི་འདྲ་བའི་ངོགས་ན
མཚན་མོ་ནི་གཡོ་ཞིང་འགུལ་བའི་སྒྱུ་རྩལ་གྱི་ངོ་གདོང་ཞིག
མཐོང་ཐབས་བྲལ་བའི་མཚན་ལྗོངས་ཀྱི་མུན་པའི་ཀློང་ནས
ངས་དོ་ནུབ་མཚན་ལྗོངས་ཀྱི་རྒྱབ་ལྗོངས་ཁོ་ན་ཀློག་བཞིན་ཡོད

མཚན་ལྗོངས་ནི  མི་ཚེ་འཚོལ་སྙེག་གི་རི་བོ་དེའི་ཕ་རོལ་གྱི་རི་བོ་དེ་དང་འདྲ་ལ
མཚན་ལྗོངས་ནི   ཁ་དོག་མེད་པའི་ཡུལ་ལྗོངས་ཀྱི་རི་མོ་དེ་དང་ཡང་མཚུངས་ཨང
དོགས་པ་དང་འཆར་སྣང་གི་ངོགས་ན
མུན་པ་རུ  གང་ཞིག་ཡོད་དམ་སྙམ་པའི་སེམས་ཁྲལ་ཞིག་གིས
མུན་པ་རུ  མི་མངོན་པའི་སེམས་ཅན་གང་ཞིག་ཡོང་བར་སྙམ་པའི་དོགས་བློ་ཞིག་གིས
དོ་ནུབ  ངས་མུན་པའི་ཀློང་ན་མཚན་མོ་ལ་རོལ་བཞིན་ཡོད

མཚན་མོ་ནི  ས་སྒང་ཧྲིལ་བོ་ལ་ཁྱབ་པའི་གསང་བ་དེ་ཡིན་ནམ
ཡང་ན  མཚན་མོ་ནི་ང་ལ་དབང་བའི་རང་དབང་གི་ལས་ཀ་དེ་ཡིན
གང་ལྟར  མཚན་མོ་འདི་བསམ་གཞིགས་ཀྱི་སྒོ་གླེགས་རྡུང་བའི་མགྲོན་པོ་ཞིག་དང་འདྲ
གང་ལྟར  མཚན་མོ་འདི་དུར་ཁྲོད་ཀྱི་རོ་སྒམ་ནང་གི་ནམ་མཁའ་དང་མཚུངས

སྣང་ཡུལ་དང་རྣམ་རྟོག་གི་བར་ན
ཅི་ཡང་མཐོང་སྣང་དུ་མེད་པའི་མཚན་མོ་ནི
མཚན་མོ་གཅིག་པུ་མ་ཡིན་ཏེ  མཚན་མོའི་ཕ་རོལ་གྱི་མཚན་མོ་ནི
དངངས་སྐྲག་དང་ཞེ་སྣང་གིས་བཞེངས་པའི
བརྗོད་དུ་མེད་པའི་མྱོང་རོལ་གྱི་སེམས་ཚགས་ཤིག

དེ་ལྟར་ན  ངས་མུན་པ་ལ་འཁེན་ནས་མཚན་ལྗོངས་ལ་རོལ་བཞིན་ཡོད
དེ་ལྟར་ན  ངས་མཚན་མོ་དང་འདྲ་བའི་མུན་པའི་ཀློང་ན་མ་འོངས་པ་ཀློག་བཞིན་ཡོད
མཚན་མོ་ནི  འདྲ་མཉམ་གྱི་དྲང་བདེན་དེའི་ལམ་ཁ་ཡིན་ནམ
ཡང་ན མཚན་མོ་ནི་གྲིབ་གཟུགས་ལ་བརྙེས་པའི་འགུལ་རིས་དེ་ཡིན

མཚན་མོ་འདི ངས་སུ་ཞིག་གིས་ལག་པ་བསྲིངས་ཡོང་སྙམ་པའི་དོགས་བློ་ཞིག་གིས
མཚན་མོ་འདི  ངས་སུ་ཞིག་གིས་ང་ལ་བལྟས་ཡོད་སྙམ་པའི་བྲེལ་འཚུབ་ཅིག་གིས
སྙིང་ཁོང་ན་དྲག་ཏུ་རྩེན་པའི་ལུ་གུ་དེ
སྤྱང་ཀིའི་སོ་ཁ་ན་འདུར་བའི་གཏམ་རྒྱུད་བཞིན་དྲག་ཏུ་ལྡིང།

དེ་དུས  ངས་མུན་པའི་ཕྱི་ཤུན་བཤུ་བཞིན་མུན་པ་བཙལ
དེ་དུས ངས་མུན་པའི་ཁ་དོག་འབྲི་བཞིན་རི་མོར་བལྟས
མ་གཞི  མུན་པ་ནི་སེམས་ཚོར་གྱིས་བྲིས་པའི་ཁ་དོག་ནག་པོ་ཞིག་སྟེ
རྒྱུ་འབྲས་ཀྱིས་བཟོས་པའི་ལམ་གྱི་གདམ་ཀ་ཞིག

དོ་ནུབ ངས་མཚན་ལྗོངས་ལ་རོལ་བཞིན་ཡོད
བརྒལ་མི་ནུས་པའི་མུན་པའི་ངོ་གདོང་ལ་འཁྲེང་ནས
འདི་ལྟར་མུན་པ་ཀློག་བཞིན་ཡོད  ངས་འདི་ལྟར་བཀླགས་ན
ཁྱོད་རང་བདག་གི་མཚན་ལྗོངས་སུ་ཕེབས་སྲིད་དམ

2016ལོའི<<རི་བོ་ཉི་ཟླ>>སྟེང་བཀོད།


དེ་རིང་ང་ནང་ཆེན་རྫོང་ཐོག་ལ་ཐོན་ཡོད།
བསམ་སྤྱོད། (རེབ་གོང་།)


དེ་རིང་ང་ནང་ཆེན་རྫོང་ཐོག་ལ་ཐོན་ཡོད
ཕ་ཡུལ་དང་འདྲ་བའི་བོད་ཀྱི་ཡུལ་ཤུལ་ནང་ཆེན་ན་ཡོད
ནང་ཆེན་རྒྱལ་རབས་ཀྱི་མཁར་ཤུལ་རྙིང་བ་ན་ཡོད
ལན་རེར ཡུལ་ན་བསྡད་ཡོད་འདྲའི་སྣང་བ་འཆར་ལ
ཡང་ལན་རེར ཆ་མེད་ཆ་མེད་ཅིག་དང་འདྲ་བར་ང་ལ་སུན་སྣང་སྐྱེས་ཡོང།

ཁོ་ཚོས་ང་ལ་ཨ་མདོ་ཞེས་ནས་ཐག་རིང་ཐག་རིང་ཞིག་ནས་བལྟ
ཁོ་ཚོས་ང་ལ་རྒྱ་སྐད་ཀྱི་ལམ་ནས་མགྲོན་པོ་བཟང་ཟེར
ང་ངོ་མ་སུན་སོང
བདག་གི་ཕ་སྐད་འདི་གོ་བརྡ་འཕྲོད་པར་དཀའ་ཨང
བོད་ཡུལ་ནས་ང་སྔར་བཞིན་ཁེར་རྐྱང་དུ་ལུས་འདུག

དེ་རིང་ང་ནང་ཆེན་རྫོང་ཐོག་ལ་ཐོན་ཡོད
ནང་ཆེན་གྱི་དབྱར་ཟླ་བརྒྱད་པ་ནི་ཅི་འདྲའི་མཛེས་ཤིང་ཡིད་དུ་འོང་བ་ཞིག་རེད་ཨང།
མ་ཁྱིམ་གྱི་སྦྲ་འདབས་རླུང་གིས་གཡོ་ཞིང།
ཕ་སེམས་ཀྱི་ས་གཞི་མཁའ་ལྟར་ཡངས་པའི
བདག་གི་མེས་པོ་དག་དྲན
མེས་པོ་དག་གིས་ཕབ་མྱོང་བའི་རྐང་རྗེས་རེ་རེ་དྲན

འོན་ཀྱང   ཡུལ་ཤུལ་ནས་ངའི་རུས་པའི་བླ་རྐང་མ་རྙེད
འོན་ཀྱང   ནང་ཆེན་ནས་ངའི་དབྱངས་གསལ་སོ་བཞིའི་ང་རོ་མ་རྙེད
བོད་ཀྱི་ཡུལ་ཤུལ  བདག་གི་ཡུལ་ཤུལ
སྲང་ལམ་དུ་ཁེབས་པའི་དར་དམར་ཆུང་ཆུང་རེ་རེའི་སྟེང་ན
ཁྱོད་ནི་གནས་འགྲོ་མ་ནང་བཞིན ངོ་གདོང་དེ་དམར་ལམ་ལམ
ཅི་འདྲའི་མཚར་ཉམས་དང་ལྡན་པའི་ངོ་གདོང་དེ་དམར་ལམ་ལམ

དེ་རིང་ང་ཡུལ་ཤུལ་ལ་ཐོན་ཡོད
ཡུལ་ཤུལ་ནི་རྒྱལ་ནང་གི་ལྗོངས་རྒྱུ་ལེགས་ཤོས་དེ་རེད
ངས་ཀྱང་རྒྱལ་ནང་གི་མི་དེ་བཞིན རྒྱ་སྐད་ཁོ་ན་བཤད

འོན་ཀྱང  བདག་གིས་ཨ་ཕ་དང་འདྲ་བའི་རྒྱབ་གཟུགས་འདི་མཐོང་དུས
འོན་ཀྱང  བདག་གིས་མ་ཡུམ་དང་འདྲ་བའི་རྒས་གཉེར་གྱི་ངོ་གདོང་འདི་མཐོང་དུས
ང་ལ་རང་དབང་མི་འདུག
དུང་ཞེན་གྱི་མིག་ཆུས་ངོ་གདོང་འདི་བརླན་པར་བྱས

དེ་རིང་ང་ཡུལ་ཤུལ་གྱི་ནང་ཆེན་རྫོང་ཐོག་ལ་ཐོན་ཡོད
དོ་ནུབ་ནང་ཆེན་ལ་གློག་ཡང་ཆད་འདུག
དོ་ནུབ་ཀྱི་ནང་ཆེན་ནི  ཉི་ཟླའི་ཁྲོད་ན་འཚོ་བའི
ས་སྒང་གི་མགྲོན་ཁང་ཞིག་དང་འདྲ

དེ་རིང་ང་ནང་ཆེན་རྫོང་ཐོག་ལ་ཐོན་ཡོད
སྐད་བརྡ་མི་འཕྲོད་པའི་ནང་ཆེན་རྫོང་ཐོག་ལ་ཐོན་ཡོད
ངས་ཀྱང་ཚང་མ་ཁྱིམ་ཚང་གཅིག་གི་ཡིན་པར་བསམ་ནས
ཁྲོམ་ར་ན་ལག་རྡེང་སྦྲེལ་ནས་བསྐོར་བྲོ་འཁྲབ་བཞིན་ཡོད
འགྲོ་ཡ་་་་་་་་མཉམ་དུ་འགྲོ་་་་་་


2016 . 8 . 12ཉིན་ཡུལ་ཤུལ་ནང་ཆེན་ནས་བྲིས།

2016ལོའི<<རི་བོ་ཉི་ཟླ>>སྟེང་བཀོད།


ཁྱོད་ལ་ལྡེ་མིག་ཡོད་དམ།
བསམ་སྤྱོད། (རེབ་གོང་།)


ཁྱོད་ལ་ལྡེ་མིག་ཡོད་དམ།
བྲང་གཞུང་གི་སྒོ་ཟྭ་ནི་ལྕགས་རི་ལས་ཀྱང་སྲ
གལ་ཏེ  སེམས་པ་གྱ་གྱུ་ཞིག་གི་ལྡེ་མིག་ལས
བྲང་གཞུང་གི་སྒོ་ཟྭ་འདི་གཏན་ནས་ཕྱེས་མི་ཐུབ

ཁྱོད་ལ་ལྡེ་མིག་ཡོད་དམ
གཅུས་ཤིང་འཁྱོག་པོ་ནི་ལྡེ་མིག་ག་ལ་ཡིན
དེ་བཞིན   བསླུ་བྲིད་ཡང་དེ་ལྟར་ཡིན
འོན་ཀྱང  དངོས་ནས་ཁྱོད་ལ་ལྡེ་མིག་མི་འདུག

བྲང་གཞུང་གི་ནམ་མཁའ་ན་བྱ་རྒོད་འཕུར་བཞིན་འདུག
བྲང་གཞུང་གི་རྩྭ་ཐང་ན
ཨ་མ་ལྟ་བུའི་བྱམས་བརྩེ་ཡི་མེ་ཏོག་བཞད་འདུག
དངོས་ནས  ཧ་ཅང་མཚར་བའི་བྲང་གཞུང་འདིར
ཁྱོད་ཅིས་ཀྱང་ནང་དུ་འཛུལ་དཀའ

ལྡེ་མིག་འཚོལ་བར་བྱ
ལྡེ་མིག་གི་ནང་དུ་ལྡེ་མིག་འཚོལ་བར་བྱ
ཆེས་མཐའ་མཇུག་ཡང་ལྡེ་མིག་འཚོལ་བར་བྱ

ཞིབ་ཅིང་ཕྲ་བའི་ལྡེ་མིག་རྣམས་ཀྱི་ནང་དུ
བརྩེ་བའི་ལྡེ་མིག་དེ་འཚོལ་བར་བྱ

ཁྱོད་ལ་ལྡེ་མིག་ཡོད་དམ
གཡོ་ཟོལ་གྱི་དབང་གིས
འཇིག་རྟེན་ཕྱེད་ཀ་ལས་མེད
མིན   ཕྱེད་ཀ་མུན་ནག་ཡིན
སྒེའུ་ཁུང་ཕྱི་རོལ་གྱི་ཡུལ་ལྗོངས་ལ་མཚར་ཉམས་མི་ཤེས

ཤུབས་དང་སྣོད་གང་རུང་དུ
ལྡེ་མིག་དེ་སྦ་བར་མི་བྱ་རོགས
བྲང་གཞུང་གི་སྒོ་ཟྭ་ནི་ཁྱོད་ཀྱི་ཕྱིར་དུ་བརྒྱབ་པ་ཡིན
ཁྱོད་ནི་ལྡེ་མིག་མང་བའི་མི་དེ་རེད
ཁྱོད་ནི་ཟོལ་གྱིས་བཅོས་བའི་ཤུབས་ནང་གི་མི་དེ་རེད།

ག་ལེར  ཁྱོད་ལ་གཤོག་པ་ཡ་གཅིག་ལས་མེད་དོན་ཅི
ག་ལེར  ཁེར་རྐྱང་གི་རི་གྲོང་ནས་ཁྱོད་ཉི་འོད་ལ་མི་རེའམ
རང་ཉིད་ཀྱིས་རང་ཉིད་ལ་འདི་ལྟར་མི་བྱ་རོགས
ལྡེ་མིག་དེ་འཚོལ་བར་ཞུ

ཐོག་མར    ཚ་དང་གཡེར་སྒོག་གི་རང་ཉིད་བཀྲུས་ནས
དྭངས་གཙང་གི་བསམ་བློའི་ལྡེ་མིག་འཚོལ་བར་ཞུ
གནམ་འོག་གི་བྲང་གཞུང་གི་ཆེད་དུ
ཁྱོད་རང་བག་ལྷོད་པར་བཞུད་ཅིག


2017.1.1ཉིན།


རྨི་ལམ་གྱི་གསང་བ།
བསམ་སྤྱོད། (རེབ་གོང་།)


རང་ཁྱིམ་བཀོད་ལེགས་མལ་ས་དྲོད་མོའི་ནང།།
གཉིད་ཀྱི་བདེ་དགར་བག་མེད་སྤྱོད་པའི་ཚེ།།
ཆུ་གཏེར་རྦ་རླབས་གཡོ་བའི་ཚོར་བ་ལས།།
སྔོན་གོམས་གཏམ་གྱི་བྱུང་རིམ་འདི་འདྲ་རྨིས།།

མལ་གྱི་མངལ་ལས་དུབ་པའི་མིག་ཟུང་ནི།།
གཉིད་ཀྱིས་གནོན་པར་གྱུར་བའི་ཐུན་མཚམས་ལ།།
སེམས་ཀྱི་བག་ཆགས་གཡོས་པའི་རྣམ་རྟོག་གིས།།
མཚན་གྱི་རྨི་ལམ་མི་གཅིག་སྣ་མང་རྨིས།།

འདོད་ཡོན་སྲེད་ལ་རྔམ་པའི་མཆུ་སྒྲོས་ཀྱིས།།
འཇིག་རྟེན་ཕུན་ཚོགས་སྒོ་ང་ཟོས་བའི་ཚེ།།
མཐུ་ལྡན་མཁའ་ལྡིང་ལས་འབྲས་གཤོག་པ་ཟུང།།
ལྡེམ་ལྡེམ་བསྐྱོད་བཞིན་བདག་དང་ཉེ་བར་ཕྱིན།།

མེ་ཏོག་སྐྱེད་ཚལ་ཡིད་འོང་ཉམས་དགའ་བར།།
གཞོན་ནུ་རྐང་དྲུག་སྦྲང་རྩིའི་དཔལ་ལ་སིམ།།
གློ་བུར་མཁའ་མཐའ་འཁྲིགས་པའི་སྤྲིན་ནག་གིས།།
མི་འདོད་སེར་བ་དྲག་པོ་ངང་གིས་བབས།།

མྱ་ངན་བྱེ་ཐང་བརྒལ་བའི་ངལ་བ་ཡིས།།
སྨུག་རྒྱའི་འཇའ་ཚོན་སྣང་བའི་གྲོང་ཁྱེར་ན།།
རབ་ཏུ་ཆགས་པའི་གདུང་བས་མ་བཟོད་པའི།།
ལན་མང་འཚོལ་བའི་རྔུལ་ཆུ་ཟགས་པ་རྨིས།།

ཚེ་ཡི་ལམ་དུ་རྡོ་བའི་ནགས་ཚལ་ན།།
ཤུགས་དྲག་ཚ་ཟེར་འོད་སྣོན་འགྱེད་པ་རྨིས།།
གཏམ་དང་ལང་ཚོའི་དབེན་པའི་ཕོ་བྲང་ན།།
མཐོ་བའི་རྗེ་ཡང་ཁེར་རྐྱང་བགྲོད་པ་རྨིས།།

བཀའ་དང་ཁྲིམས་ཀྱིས་གཙེས་པའི་ཞབས་ཟུང་གིས།།
མངའ་སྡེ་ཆ་ལ་གཏོགས་པའི་འབངས་ཁྱིམ་ཀུན།།
རང་དབང་ལོངས་སྤྱོད་བྲལ་བའི་ཟུར་ཞིག་ན།།
རེ་བའི་འོད་ལ་མཆོད་མེ་སྒྲོན་པ་རྨིས།།

རང་བྱུང་ལྷོད་ཀྱིས་འབབ་པའི་ཆུ་བོ་ཡང།།
འཁྱོག་པོའི་འགྲོས་ཀྱིས་གྱེན་དུ་འགྲོ་བ་རྨིས།།
དེ་ལྟ་དེ་ལྟར་སྣང་བའི་ཡུལ་འདིར་རུ།།
བྲང་གི་ནོར་འཛིན་སྟོབས་ཀྱིས་འགུལ་བ་མཐོང།།

ཤ་ཆང་ཟས་སྡེར་སྒྲིག་པའི་གཡས་གཡོན་ན།།
འཛུམ་མདངས་ལྷུག་ལྷུག་དགོད་པའི་ཞབས་ཞུའི་ཁྲོད།།
ཝ་མོའི་གྲལ་ཁ་ཡག་པའི་དཔོན་ངན་ཞིག།
ཁྲི་ལ་འགྱིང་ནས་ཉོག་གཏམ་སྨྲ་བ་རྨིས།།

མྱ་ངན་མིག་ལས་འབབ་པའི་མཆི་མའི་རྒྱུན།།
ངོ་གདོང་གཙང་མར་བཀྲུས་རྗེས་མེ་ལོང་དུ།།
ཡང་ཡང་ལྟ་བའི་བཞིན་གྱི་ངོ་གདོང་ལ།།
སླར་ཡང་དྲི་མའི་ས་རྡུལ་འབབ་པ་རྨིས །།

ལང་ཚོའི་ཆང་གིས་རབ་མྱོས་ནུ་འབུར་ཟུང།།
ཆགས་ལྡན་ཉི་མའི་འོད་ཀྱིས་གཞུས་པའི་ཚེ།།
དགོད་ཅིང་རྩེ་བའི་འགྱུར་བ་རྣམ་འཕེལ་བའི།།
ལུས་ཀྱི་ཟློས་གར་ཅི་ཡང་འཁྲབ་པ་རྨིས།།

རིག་པའི་གནས་ལ་རྨོངས་པའི་ཁྲམ་པ་ཞིག།
གཞན་ནོར་རྐུ་བའི་ལས་ལ་རབ་མཁས་ཏེ།།
མིང་དང་བརྡ་ཡིས་བསླུ་བའི་ངང་ཚུལ་གྱིས །།
ཀུན་ཡིད་ལོག་པར་ཁྲིད་པའི་བཟོ་ལྟ་རྨིས།།

ཕྱི་རོལ་ཡུལ་ཀུན་མཐོང་བའི་མིག་ཟུང་དང།།
སྣ་མང་དཔེ་དེབ་ཀློག་ལ་བྲལ་ན་ཡང།།
དེང་རབས་ལོང་བའི་ཚོགས་ཀྱི་སྨྲ་སྒོ་ནས།།
ཆེན་པོ་མི་རིགས་གླེང་བཞིན་བགྲོད་པ་རྨིས།།

རང་བྱུང་དྭངས་བསིལ་འབབ་ལྡན་རྫིང་བུའི་ངོགས།།
མི་གཙང་ལུས་ཀྱི་དྲི་མ་འཁྲུད་པའི་ཚེ།།
གློ་བུར་ཞེ་ནག་ཁྭ་ཏའི་དཔུང་ཚོགས་ཀྱིས།།
ཐན་སྐད་སྒྲོག་བཞིན་བཤང་གཅུ་འདོར་བ་རྨིས།།

གཤོག་ཟུང་ལྡེམ་ལྡེམ་བསྐྱོད་པའི་ཐང་དཀར་ཞིག།
ཏེ་སེའི་ཁོར་ཡུག་ཀུན་ལ་ལྡིང་བའི་ཚེ།།
གདོད་མའི་ས་ཁུང་དོག་པའི་མུན་སྦུགས་སུ།།
ཉམ་ཆུང་སྲིན་བྱ་ཡིབ་ནས་འདུག་པ་རྨིས།།

ཡིད་འོང་རྗེས་ཆགས་ཉམས་དགའི་སྐྱེད་ཚལ་ན།།
གདོང་འབག་བརྒྱ་འགྱུར་ཅན་གྱི་གར་མཁན་མའི།།
བཅོས་མའི་ཟོལ་གྱིས་འཛུམ་པའི་བཟོ་ལྟ་ཡིས།།
དྲང་བའི་མི་འདི་ལོག་པའི་ལམ་ལ་ཁྲིད།།

ཡིད་ཆེས་ཟབ་མོའི་ཉེ་བར་རབ་བཏུད་དེ།།
བདག་བློའི་མཁར་སྒོ་དམར་པོ་ཕྱེས་པ་ན།།
མངོན་དང་ལྐོག་གིས་རང་མཚང་བརྗོད་པ་ཡི།།
གཏད་མེད་མི་ཡིས་བྱ་བྱེད་འདྲ་མིན་རྨིས།།

བགྲང་གིས་མི་ལང་རྨི་ལམ་སྣ་ཚོགས་ཤིག།
ཡིད་ཀྱི་བག་ཆགས་འཁྲུག་པའི་གར་སྟབབས་ཀྱིས།།
མཚན་ལམ་རིང་མོ་འདི་ཡི་མཁའ་མཐའ་ལ།།
སྐད་ཅིག་འོད་ཀྱི་ཟེགས་མའི་ཚུལ་དུ་བབས།།

གངས་ཀྱི་རི་བོའི་བསྐོར་བའི་འཇིག་རྟེན་ཞིག།
མུན་པ་སྨག་རིམ་སྟུག་པོའི་སེང་རས་ཀྱིས།།
མྱུར་བར་སྒྲིབ་པའི་སྟ་གོན་རྩོམ་པ་ན།།
ཁོ་བོ་དངངས་སྐྲག་དང་བཅས་གཉིད་ལས་སད།།

སྔོ་མདངས་ཆེམ་ཆེམ་འཕྲོ་བ་འཕྱར་ཙམ་གྱིས།།
དགའ་སྐྱོ་ཟུང་གི་འཆོ་བའི་ཁ་དོག་ཅིག།
སོར་མོའི་རྒྱུད་ལ་དྲངས་པ་དེ་དང་མཉམ།།
ཞོགས་པའི་ཉི་གཞོན་ཤར་རིའི་རྩེ་ནས་འཕགས།།


རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།