​ལོ་ཟླ་རྡོག་གིས་མནན་ན།

རྐང་རྗེན།LiIཀྲུང་གོ་བོད་ཀྱི་དྲ་བ།


དུས་ཚོད་ཀྱི་གཤོག་པ་རྡེབ་ཐེངས་རེ་རེེར
ཆུ་ངོས་ཀྱི་རི་རབ་ལ་གཉེར་རིས་དོད
ལོ་དང་ཟླ་ནི་ཆུའི་ཐིགས་པ་བཞིན
ཆུ་ངོགས་ཀྱི་མི་ཕོ་དེའི་མིག་ཀོང་ནས་ཟགས

སྟོང་ལོ་འདིའི་མཐའ་མཇུག་གི་ས་སྲོས་སུ་འགྲེང་སྟེ
ནུབ་མཁའི་རི་སིལ་བཞིན་དམར་བའི
སྤྲིན་པའི་ཧྲག་བར་ན་ཕྱིར་མིག་ལྟ་བའི་འཁྲེང་ཞེན་གྱི་ཐ་སྙད་ཚོགས
སྣེ་མོ་སང་ཉིན་ལ་འདྲེས་པའི་ཆུ་མོའི་རྒྱུན་ལ་བཏངས་པ་ཡིན
ལོ་རྗེས་མའི་ཉི་ཟེར་གྱི་མགོ་མས
མྱི་ཡིན་པ་དག་གི་རེ་བའི་མིག་ཟུང་གི་འབྱེད་ཟུམ་བར་ལ
མེ་ཏོག་བཞིན་མཛེས་པའི་རྨི་ལམ་ཞིག་འབྲི་བར་སྨོན

ཡང་
འཚོ་བའི་ཅ་ལག་གིས་བཙིར་བའི
སྒྲོམ་དུ་གྲུབ་པའི་ཁང་མིག་གི་གྲུ་ག་ནས་བསྡད་དེ
ལྕགས་ཐབ་ན་ཚག་ཚག་ཏུ་འབར་བའི་མེ་ལྕེ་ལ་ཉན་ནས
ལོ་ཟླ་ཕྱིར་ལ་དེད་ཅིང་ཕངས་སེམས་མང་དུ་ཤོར
ལོ་ཟླ་སྔོན་ལ་ཁྲིད་ནས་འཆར་གཞི་མང་དུ་བཟོས
སྣང་བའི་ངོས་ལ་གྲུབ་པའི་རི་མོ་དག
མེ་ལྕེའི་གཡོ་སྟངས་ལས
སེམས་ཀྱི་ལྡེབས་ལ་རེས་གསལ་རེས་མོག་ཏུ་སྣང་

ལོ་ཟླའི་རྐང་བ་མུན་ནག་ལ་འཐིམས་ཤིང་
མུན་ནག་ལས་ཐོན་ཏེ་སྟོང་ལོ་གསར་བ་ཞིག་གི་ཐུ་བ་ནས་མནན

ནམ་གསལ་བ་ན
ངེད་ཅག་གིས་ཡང་བསྐྱར་མལ་ལས་ལྡིང་ཞིང་ཁ་ངོ་བཀྲུས
ཚེར་མའི་རལ་བ་ལྟར་གཟེངས་བའི་ཁ་སང་གི་དྲན་པ་དག་ཀྱང་བཀྲུས་རྗེས
ཡང་བསྐྱར་ལམ་དུ་ཞུགས
ཡང་བསྐྱར་གཏམ་རྒྱུད་གང་ཞིག་གི་རྒྱུན་བུར
སྣེ་མོ་མཐུད་པར་རྩོམ
LiIཀྲུང་གོ་བོད་ཀྱི་དྲ་བ།


LiIཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།