ཀྲུང་གོ་བོད་ཀྱི་དྲ་བ།

བརྩེ་གཞས་སྙིང་ལ་རྗེ་བོ།(ཁག་བཞི)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-02-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁུ་བྱུག་སྔོན་མོ།(རྨ་ལྷོ)


ཨ་ཅེ་སྣང་ས།


སྟོད་ཀྱི་མངའ་རིས་སྐོར་གསུམ།།
ཨ་ཅེ་སྣང་སའི་རྫིང་བུ།།
རྫིང་བུ་གཡས་ལ་འཁྱིལ་ཡོད།།
རྫིང་བུ་ཞོ་རུ་ཆགས་ཡོད།།
སྣང་སའི་སེམས་པ་དཀར་བ།།
རྫིང་བུ་དྭངས་ཤིང་གཙང་བ།།
སེམས་ཀྱི་རྫིང་བུའི་ནང་ལ།།
མི་ཡི་བྱུང་རབས་ཤར་ཡོད།།
ཨ་ཅེ་སྣང་སའི་རྫིང་བུ།།
གཡང་གི་མཚོ་མོ་ཞིག་ཡིན།།

བར་གྱི་དབུས་གཙང་རུ་བཞི།།
ཨ་ཅེ་སྣང་སའི་ཡུར་བ།།
ཡུར་བ་ཤར་སེ་བཏོད་ཡོད།།
ཡུར་བ་བྲག་ལ་བཟོས་ཡོད།།
སྣང་སའི་སྐད་ངག་ཡག་པ།།
ཆུ་སྒྲ་སྙན་ཅིང་འཇེབས་པ།།
སྙན་མོ་ངག་གི་བཞུར་སྒྲར།།
ཆོས་ཀྱི་རང་སྒྲ་འདྲེས་ཡོད།།
ཨ་ཅེ་སྣང་སའི་ཡུར་བ།།
དགེ་བའི་གཙང་པོ་ཞིག་ཡིན།།

སྨད་ཀྱི་མདོ་ཁམས་སྒང་དྲུག།
ཨ་ཅེ་སྣང་སའི་ཞིང་ས།།
ཞིང་ས་གཤིན་པོར་ཆགས་ཡོད།།
ཞིང་ས་ཉི་མས་འཚོས་ཡོད།།
སྣང་སར་བསོད་ནམས་ཆེ་བ།།
ཞིང་ལ་འབྲུ་དྲུག་རྒྱས་པ།།
བསོད་ནམས་ཞིང་གི་ས་ལ།།
རྟ་ཕོའི་རྨིག་རྗེས་བབས་ཡོད།།
ཨ་ཅེ་སྣང་སའི་ཞིང་ས།།
དཔལ་གྱི་གཏེར་ཁ་ཞིག་ཡིན།།


                                      2017.2.3ཉིན།


སེམས་པ་སྐྱོ་སྐྱོ་མ་གནང་།


ཟླ་བ་ཡར་ངོའི་གྲུ་བོ།།
གྲུ་དཔོན་ཨ་ཇོ་ཚེ་རིང་།།
མཚན་མོའི་གཙང་པོའི་གཞུང་ན།།
འོད་ཀོར་ཡལ་བ་མི་འདུག།
དགུ་ཚིགས་སྐྱ་མོས་བཀར་བའི།།
གླང་རྫི་ཐགས་མོ་གཉིས་ཀ།
སེམས་པ་སྐྱོ་སྐྱོ་མ་གནང་།།
གེགས་མེད་ལྷན་དུ་འཛོམ་པར།།
ཨ་ནེ་གོང་མ་རྒྱལ་མོའི།།
འཕྲུལ་གྱི་ཟམ་པ་མི་དགོས།།
ཨ་ཇོས་གྲུ་ཤན་བཏང་ཡོང་།།
གྲུ་ཤན་རྟ་མགོ་བཏང་ཡོང་།།

གྲུ་དེ་གྲུ་ཤན་རྟ་མགོ།།
གྲུ་དཀྱིལ་གསེར་གྱི་གཞོང་པ།།
གྲུ་རྔ་སེང་གེའི་གདོང་ཅན།།
རླུང་དང་རླབས་ཀྱིས་མི་ཁོག།
ཆར་དང་སེར་བས་མི་འདེད།།
གྲུ་དཀྱིལ་ག་ལེར་བཞུགས་དང་།།
ནམ་ཟླ་དབྱར་གྱི་གཞུང་ལ།།
ནམ་མཁའི་ཁྲོམ་ནས་འཕྲད་ཆོག།
ཁྲོམ་ནས་ཁྱིམ་ཆས་སྒྲིག་ཆོག།
གླང་རྫིས་གླང་པོ་འཚོས་ཆོག།
ཐགས་མོས་སྣམ་བུ་འཐག་ཆོག།
བུ་དང་བུ་མོ་གཉོར་ཆོག།
                               

2017.2.3ཉིན།


ཡིད་ཁེངས་པའི་གླུ།


མདོ་འཛིན་གཡུ་དཀར་ཡིན་པ།།
ཕྲེང་རྡོག་ཙན་དན་ཡིན་པ།།
གཡས་འཐེན་གཡོན་འཐེན་ཞིག་གིས།།
ཕྲེང་བ་བརྒྱ་དང་བརྒྱད་པོ།།
རང་རང་ས་ལ་འཐོར་ཐལ།།
མདོ་ན་མདོ་འཛིན་མི་འདུག།
དཀར་པོ་གཡུ་ཡི་མདོ་འཛིན།།
མ་རྙེད་ཡུན་རིང་འགོར་སོང་།།
ཡིན་ཡང་བཙལ་དོན་མི་འདུག།
ས་སྒང་རིལ་མོའི་ཟེ་བ།།
རི་བོ་ཧི་མ་ལ་ཡ།།
མདོ་འཛིན་མིན་ན་གང་ཡིན།།

གསེར་ཏོག་ཉི་ཟླ་ཡིན་པ།།
བང་རིམ་བྲག་དཀར་ཡིན་པ།།
གཡས་སྒུལ་གཡོན་སྒུལ་ཞིག་གིས།།
མཆོད་རྟེན་བྱིན་རླབས་རང་འཁྱིལ།།
སེར་ག་མང་པོས་ཁེངས་བྱུང་།།
སྟེང་ན་གསེར་ཏོག་མི་འདུག།
སེར་པོ་གསེར་གྱི་གསེར་ཏོག།
མ་མཇལ་ཡུན་རིང་འགོར་སོང་།།
ཡིན་ཡང་སྐྱོ་དོན་མི་འདུག།
ནམ་མཁའ་ཡངས་པོའི་རྒྱན་ཆ།།
རྒྱུ་སྐར་ཉི་མ་ཟླ་བ།།
གསེར་ཏོག་མིན་ན་ཅི་ཡིན།།


2017.2.2ཉིན།


ཨ་ཅེ་སྣང་ས་དྲན་པ།


དང་པོ་དང་པོ་ཞིག་ལ།།
ཨ་ཅེ་སྣང་སའི་འཐག་ར།།
ལྷ་སའི་གླིང་ན་ཡོད་རེད།།
ཐགས་ནི་ཉིན་འཐག་ཟླ་འཐག།
ལོ་ནས་ལོ་ལ་འཐག་གོ།།
ཐགས་གླུ་སྙན་ཅིང་འཇེབས་པ།།
ལག་ཟུང་གྲིམ་ཞིང་བདེ་བ།།
བཞིན་ལ་མེ་ཏོག་བཀྲ་བ།།
ཨ་ཇོ་བརྒྱ་འཁོར་སྟོང་འཁོར།།
སེམས་ཀྱི་རུས་པ་བརྐུས་པ།།
སྣམ་བུའི་དཀྱུས་ལ་སྦས་ཡོད།།

དང་པོ་དང་པོ་ཞིག་ལ།།
ཨ་ཅེ་སྣང་སའི་སྣམ་བུ།།
ལྷ་སའི་ཁྲོམ་ན་ཡོད་རེད།།
སྣམ་བུ་སྣམ་བུ་ཟེར་བ།།
རྒྱུ་སྤུན་བལ་གྱི་གོས་ཕྲུག།
སྣམ་བུའི་ཐོག་གི་ཐིག་ཁྲ།།
སྟག་མོའི་ལུས་ལ་བཀོད་ཡོད།
གཟི་ཁྲའི་སྟེང་ལ་བབས་ཡོད།།
ཚོང་བ་བརྒྱ་འཁོར་སྟོང་འཁོར།།
བལྟས་ན་མིག་ལ་མཛེས་པ།།
བཀོལ་ན་རིན་ཐང་ཆེ་བ།།

ཨ་ཅེ་སྣང་ས་དྲིན་ཆེ།།
སྣམ་བུའི་ཕྲུག་ལྭ་དྲོད་ཆེ།།
དུས་ཚོད་ག་ཙམ་ཕྱིན་པ།།
རྨི་ལམ་ག་རེ་རྨིས་པ།།
ནོར་བུ་གླིང་ཀར་སོང་དང་།།
རྡོ་གཅལ་སྔོན་མོས་བཤད་ཡོང་།།
དེ་རིང་གློ་བུར་གློ་བུར།།
ཨ་ཅེ་སྣང་ས་དྲན་བྱུང་།།
སྣང་སའི་འཐག་ར་དྲན་བྱུང་།།
སྣམ་བུའི་ཕྲུག་ལྭ་དྲན་བྱུང་།།
ཕྲུག་ལྭའི་དྲོད་ཁོལ་དྲན་བྱུང་།།


2017.2.3ཉིན།

རྩོམ་སྒྲིག་པ། : དོ་རྒྱ་དོན་གྲུབ་ཚེ་བརྟན།