ཀྲུང་གོ་བོད་ཀྱི་དྲ་བ།

བརྩེ་དུང་དང་འབྲེལ་བའི་སྙན་ངག་དྲུག

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་ཚེ་བརྟན།   སྤེལ་དུས། : 2017-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

350.jpg

དཔོན་ཚང•རྡོ་རྗེ་ཚེ་བརྟན། 1992ལོར་མདོ་སྨད་གཅན་ཚ་རུ་སྐྱེས།སྒྲུང་རྩོམ་དང་སྙན་ངག་འབྲི་རྒྱུར་མོས་ཤིང་བརྩམས་ཆོས་དག «གངས་རྒྱན་མེ་ཏོག »དང་«བོད་ཀྱི་རྩོམ་རིག་སྒྱུ་རྩལ།»«ཟླ་ཟེར།»«བོད་ཡིག་གསར་འགྱུར།»«གཞིས་རྩེའི་ཚགས་པར།»«ལྷོ་ཁའི་རྩོམ་རིག་སྒྱུ་རྩལ།»སོགས་ཀྱི་སྟེང་དུ་བཀོད་དང་འགོད་མུས་སུ་ཡོད།ད་ལྟ་པེ་ཅིན་དུ་གློག་བརྙན་འཁྲབ་ཁྲིད་དང་བརྙན་ལེན་གྱི་ཕྱོགས་ལ་སློབ་སྦྱོང་བྱེད་བཞིན་ཡོད།

ཡང་བསྐྱར་ཁྱོད་ལ་ཕུལ་བ།

སྤྲིན་པ་ལེབ་མོ་ཞིག་མཁའ་མཐར་བསྐྱོད་ཚུལ་གྱིས

ངས་ཁྱོད་རང་བརྗེད་སོང་བར་བསམ་ཡོད

ཆུ་བོ་དྭངས་མོ་ཞིག་རྒྱང་ལ་བྱེར་ཚུལ་གྱིས

ངས་ཁྱོད་ཉིད་དྲན་མི་སྲིད་འདོད་ཡོད

 

འོན་ཀྱང   རྨི་ལམ་ཞིག་ཞེན་པས་རྨི་ཚུལ་གྱིས

ངས་ཁྱོད་རང་ད་དུང་བརྗེད་མི་འདུག་ལ

རོལ་དབྱངས་ཤིག་ག་ལེར་གྲགས་ཚུལ་གྱིས

ངས་ཁྱོད་ཉིད་སྔར་བཞིན་དྲན་གྱིན་འདུག་ཨང

སེམས་ཁྲལ།


སྤྲིན་པ་སྲབ་མོ་དག་ལས་ཉི་འོད་ཚ་བས་འཕྱུར་ཡོང

གཙང་ཆུ་འཇམ་པོ་དག་ལས་རླུང་ཆེན་འཁྱཊ་པས་ལྡང་ཡོང

ཚེར་མ་མེད་པའི་རྒྱ་སེ་མེ་ཏོག

ཙད་ཀྱིས་མ་སྐམ་པར་ཡོད་དམ

ཙག་གིས་མ་འཁེངས་པར་ཡོད་དམ

གློ་བུར་བའི་སེམས་ཁྲལ་ཡང་མོ་ཞིག་གིས

ང་རང་འཁྱགས་རོམ་གྱི་སྦུབས་སུ་བཏུམས་སོང

ཁྱོད།   ཁྱོད།   ཁྱོད། 

ཁྱོད་ནི་ངའི་དྲན་པར་བག་ལ་ཉལ་བའི་རྨི་ལམ

རྨི་ལམ་གྱི་ཡོལ་གོར་འཁྱིལ་བའི་ཉི་ནུབ་ཀྱི་ས་སྲོད

མཛེས་སྡུག་གི་སྐྱོ་གདུང་ཟད་མཐའ་མེད་པ་དེ

མཚམས་རེར་ཟུག་གཟེར་སློང་བའི་ཡིད་འོང་གི་རྨ་ཁ་དང

སྡུག་བསྔལ་བརྩེགས་མ་བསྐྱེད་བྱེད་ཀྱི་དངུལ་ལོར་དང་སྡོད་ཁང

 

ཁྱོད་ནི་ཉི་འོད་དང་ཆར་བས་བཞེངས་པའི་སྣུམ་ཚོན་གྱི་རི་མོ་སྟེ

སྤྲིན་པའི་ཡོལ་ངོས་སུ་འཁྱིལ་བའི་མཚར་སྡུག་གི་འཇའ་ཚོན

ཡང་ན་བྱ་ཁྱུའི་གཤོག་རུ་ཤུགས་ཀྱིས་བརྐྱངས་པ་བཞིན

ཡིད་སེམས་ཅིག་ཅར་བསླུ་བའི་བླ་མེད་ཀྱི་མཛེས་སྡུག

 

ཁྱོད་ནི་ཆང་ཕོར་ཁར་འཁྱིལ་བའི་དོ་ནུབ་ཀྱི་ཟླ་བའི་བསིལ་ཟེར

རོལ་དབྱངས་ཟ་ཟི་ཁྲོད་སིམ་པའི་སྒྱུ་འཕྲུལ་གྱི་དུ་སྨུག་བན་བུན

 

ཁྱོད་ནི་རྟ་རྒྱབ་ཏུ་དཔྱངས་པའི་རང་དབང་གི་ལོ་ཟླ

བྱེ་མའི་ལ་མོ་བརྒལ་དུས       རྫ་ཆུའི་དྭངས་ཤ

བྱང་གི་དགུན་ཟླ་རོལ་དུས      མེ་ལྕེའི་རལ་བ

རི་ཟོམ་གྱི་སྨུག་ཀློང་ནས་མཆེད་ཡོང་བའི་ལ་གཞས་ཀྱི་འགྱུར་ཁུགས

ང་ཡི་སྙན་ཚིག་ཚན་པ་འདིའི་ནང་དུ་སྐུང་བའི་བརྩེ་བའི་བདག་མོ

 

ཁྱོད་ནི་རླུང་གི་ལག་ཟུང་ཆེན་མོས་བདས་ཀྱང

དུས་ཚོད་ཀྱི་གྲིབ་གཟུགས་ལྟར་ཅིས་ཀྱང་ཟིན་དུ་མེད་པ་དེ

ཁྱོད          ཁྱོད           ཁྱོད

བྱ་འདབ། 

ནམ་མཁའི་གདོང་ལ་རླུང་བུས་གཤོག་ལྕག་བྱེད

མཆི་མའི་ཆར་རྒྱུན་ཕྱི་རུ་ཤུགས་ཀྱིས་ལུད

འབྲུག་སྒྲའི་རམ་འདེཊ་རོལ་དབྱངས་ཟོལ་གྱིས་འཕྱོ

གློ་བུར་གློག་གི་འཁྱུག་སྟབས་མཉེན་མོ་ལས

བྱ་འདབ་འོག་གི་ཡིད་འོང་ཁྱོད་ཉིད་མཐོང

 

མཐོང་མ་ཉིད་ནས་བདག་སེམས་འཕྲོག་སོང་བའི

མིང་མི་ཤེས་པའི་བུ་མོ་ཁྱོད་ཀྱི་རྐྱེན་པས

སོ་ཕག་གིས་གྲུབ་པའི་བྱ་འདབ་འདི་མིག་ལ་མཛེས་པ

ཆར་ཐིཊ་ཀྱིས་དཀྲོལ་བའི་ཐག་སྒྲ་འདི་རྣ་བར་སྙན་པ

 

སྐྲ་རྩེའི་ཆུ་ཟིལ་མར་མར་འཐོར་བ

མུ་ཏིག་དཀར་པོའི་ཕྲེང་བར་འཁྲུལ་འགྲོ

ཁོ་བོར་ཕྱོགས་ནས་འཛུམ་ཙམ་བྱས་པས

སྐྱོ་བའི་རི་མོ་རྩད་ནས་བསུབ་སོང

འཚོ་བའི་མཛེས་སྡུག་བསྐྱར་དུ་མཐོང་སོང

 

སྲོད་ཁའི་ཆར་འདི་ཇི་འདྲའི་བསིལ་ཨང

ལམ་སྒྲོན་དག་ཀྱང་ཞེ་དྲག་མཛེས་པ

སེམས་ངལ་མཐའ་དག་འདི་ནས་སངས་འགྲོ

རེ་ཆད་དག་ཀྱང་འདི་ནས་ཞིག་འགྲོ

 

ཆར་བའི་རྒྱུན་འདི་མུ་རུ་བསྲིངས་ན

དུས་ཀྱི་བགྲོད་པ་ཡང་འདི་ནས་ཁེགས་ན

 

སྲང་ལམ་གྱི་མི་ཚོགས་འདི་རླངས་པ་བཞིན་ཡལ་རྗེས

ངས་ལ་གཞས་བཏང་ནས་ཁྱོད་ཉིད་བསླུ་འམ

ཡང་ན་མདུན་སར་བཅར་ནས་རུས་མིང་འདྲི

འདི་ནས་སོ་སོར་གྱེས་རྗེས་ཡང་བསྐྱར་འཕྲད་སྲིད་དམ

 

ཅི་ཞིག་བཤད་འདོད་ཀྱི་རླུང་བུས་ཡང་ཡང་སྒུལ་ནའང

མགྲིན་པ་རུ་སྲིང་བལ་ལྟ་བུའི་ཅི་ཞིག་འཚང་ཡོང་གིན་འདུག


ཁྱོད་རང་ཡང་ཡང་དྲན་དོན།

ཁྱོད་རང་དྲན་དུས

ངས་ད་གཟོད་སྙན་ངག་བདེ་མོ་རེ་འབྲི་འདོད

---  སྔོན་དུ་བརྗོད་པ།

 

ཁྱོད་རང་ཡང་ཡང་དྲན་དོན

ཆར་གྱིས་རྡེག་ཅིང་རླུང་གིས་བསྣད་པའི་ལོ་མའི་ཚོགས

ལམ་གྱི་ངོས་སུ་གཏོལ་མེད་དུ་འགྲིལ་ཡོང་བའི་རྐྱེན་ནོ

 

ཁྱོད་རང་ཡང་ཡང་དྲན་དོན

པེ་ཅིང་གི་དགུན་ཟླ་འཁྱག་ཤིང་བཙོག་ནའང

ཕྱིར་དྲན་གྱི་མེ་ལྕེ་དེས་ཁོ་བོར་དྲོད་ཁོལ་སྦྱིན་ཡོང་བའི་རྐྱེན་ནོ

 

ཁྱོད་རང་ཡང་ཡང་དྲན་དོན

དཔེ་སྒྲོམ་སྟེང་གི་སྒྲུང་དེབ་དམར་པོ་དེའི་རྐྱེན་ནོ

དེའི་བར་དུ་བཅུག་པའི་ལོ་མ་སེར་བོ་དེའི་རྐྱེན་ནོ

 

ཁྱོད་རང་ཡང་ཡང་དྲན་དོན

ངའི་རྨི་ལམ་གྱི་མངའ་ཐང་ཇི་འདྲའི་རྒྱ་ཆེ་ཡང

དེ་ཉིད་སྔར་བཞིན་ཁྱོད་ཀྱིས་བདག་གིར་བྱས་ཡོད་པའི་རྐྱེན་ནོ

 

ཁྱོད་རང་ཡང་ཡང་དྲན་དོན

ངས་གྲོང་ཁྱེར་འདིའི་ཟ་ཟུར་གང་རུང་ནས

ཁྱོད་རང་ཉན་རྒྱུར་མོས་པའི་གཞས་དེ་ཐོས་ཡོང་བའི་རྐྱེན་ནོ

 

ཁྱོད་རང་ཡང་ཡང་དྲན་དོན

ཁྱོད་ཉིད་ངའི་ཚེ་སྲོག་གི་སྐུད་རྒྱུན་དང་འབྲེལ་མྱོང་བའི་རྐྱེན་ནོ

ཁལ་ཞིག་གི་ཚུལ་གྱིས་ཁྱོད་གཉིས་ལ་ཡང་ལྕི་ཤོར་མ་མྱོང་བའི་རྐྱེན་ནོ

 

ཁྱོད་རང་ཡང་ཡང་དྲན་དོན

སེམས་པ་གཉིས་ཕན་ཚུན་ཅི་ལྟར་འཁྲེང་ནའང

ལས་ཀྱི་རབ་ཁ་ནས་གཏན་དུ་གཤིབ་ཐབས་མ་བྱུང་བའི་རྐྱེན་ནོ

 

ཁྱོད་རང་ཡང་ཡང་དྲན་དོན

གཅིག་ཐང་ན་རྒྱུ་རྐྱེན་གང་ཡང་མེད་དེ

དཔེར་ན་དོ་ནུབ་བཞིན་དྲན་པའི་ནང་ཤུགས་ཀྱིས་འཚང་ཡོང་བ་ལྟ་བུའོ

བར་ཐག

འུ་གཉིས་ཀྱི་བར་ཐག་དེ་ཧ་ཅང་ཉེ་བསམ་ན

རི་རབ་ཞིག་གི་མདུན་རྒྱབ་ཡིན་འདུག

གཙང་བོ་ཞིག་གི་ཕར་ཚུར་རེད་འདུག

གོམ་པས་མི་ཆོད་ཅིང་སེམས་ཀྱིས་མི་ཟིན་པའི་ཚད་རེད

 

འུ་གཉིས་ཀྱི་བར་ཐག་དེ་ཧ་ཅང་རིང་བསམ་ན

ཚིག་རྐང་གཅིག་གི་མགོ་རྔ་ཡིན་འདུག

རོལ་དབྱངས་ཤིག་གི་ལྟེབ་ཁུགས་རེད་འདུག

ལག་པས་རེག་ཆོག་ཅིང་མིག་གིས་ཟིན་ཐུབ་པའི་ཚད་རེད

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།