ཀྲུང་གོ་བོད་ཀྱི་དྲ་བ།

བྱ་མདོ་རབ་རྒྱས་ཀྱི་སྙན་ངག་བདམས་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-04-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

463744814824631247.jpg

417923976660259285.jpg

       བྱ་མདོ་རབ་རྒྱས། 1969ལོར་བྱ་མདོ་ནས་སྐྱེས། སློབ་ཆུང་མཐར་ཕྱིན་རྗེས་རང་ལོ་བཅུ་བདུན་སྟེང་རབ་ཏུ་བྱུང་སྟེ་སྔ་ཕྱིར་ཕ་ཡུལ་གྱི་ཚ་རྔ་དགོན་པ་དང་། ལྡེ་ཚ་བཀྲ་ཤིས་ཆོས་སྡིངས། བླ་བྲང་བཀྲ་ཤིས་འཁྱིལ། ཀླུ་ཚང་དགོན་ཆེན་སོགས་སུ་བསྡུས་ཚད་དབུ་ཕར། ཐ་སྙད་རིག་གནས་སོགས་ལ་སློབ་སྦྱོང་དང་། ཉིས་སྟོང་ལྔ་ལོའི་སྟོན་ཁར་ཚ་རྔ་དགོན་པའི་སློབ་གྲྭ་ལྔ་རིག་གཏན་དར་གླིང་བཙུགས་ཏེ་དེ་གར་དགེ་རྒན་དང་། ཉིས་སྟོང་བཅུ་གསུམ་ལོར་མཚོ་སྔོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གདན་ཞུ་དགེ་རྒན་དང་། ཉིས་སྟོང་བཅུ་དྲུག་ལོའི་སྟོན་ཁ་ནས་བཟུང་ཡང་བསྐྱར་མཚོ་སྔོན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་གདན་ཞུ་དང་ལེན་གྱིས་ད་ལྟ་དེ་གར་དགེ་རྒན་གྱི་ལས་ཀ་བྱེད་བཞིན་ཡོད། རང་ལོ་ཉེར་གཅིག་ནས་བཟུང་གསར་རྩོམ་གྱི་ལས་ཀར་ཞུགས་ཏེ་སྔ་ཕྱིར《སྦྲང་ཆར》དང་། 《གངས་རྒྱན་མེ་ཏོག 》 《ཁྲིམས་ལུགས་ཚགས་པར》སོགས་སུ་སྙན་རྩོམ་བརྒྱ་ལྷག་སྤེལ།


           དཔྱིད།                                                         


རླུང་བུ་ལ་ལ  ཅིས་ཀྱང་ལྡང་དགོས་ལ                        

མྱུ་གུ་ལ་ལ་ཅིས་ཀྱང་འབུས་དགོས་སོ                     

འབྲས་ཤིང་ལ་ལ་ཅིས་ཀྱང་མེ་ཏོག་བཞད་དགོས་ལ       

བྱེའུ་ལ་ལ་ཅིས་ཀྱང་མངལ་སྦྲུམ་དགོས་སོ               


མཛེས་སྡུག་ལྡན་པའི་དུས་ཚིགས་ཨང                          

སྐྱོ་སྨྲེང་ལྡན་པའི་དུས་ཚིགས                                    


དུས་ཚིགས་འདིར  དོན་དག་ལ་ལ                         

ཅིས་ཀྱང་མགོ་བརྩམ་དགོས་ལ                               

གྲོགས་པོ་ལ་ལས་ཅིས་ཀྱང       

རང་ཡུལ་བསྐྱུར་ནས  

མི་ཡུལ་བསྙེག་དགོས་སོ


ཨ་རི་ན་བཞུགས་པའི་གྲོགས་པོར་ཕུལ་པ།             


ཁྱེད་ཀྱི་ཉིན་མོ་ནི  

བདག་གི་མཚན་མོ་ཡིན་ལ    

ཁྱེད་ཀྱི་མཚན་མོ་ནི   བདག་གི་ཉིན་མོ་འོ                         


འུ་ཅག་གི་ཕ་ཡུལ་ན་ད་ལྟ    

དབྱར་ཟླ་གསུམ་གྱི་མགོ་མ་ཡིན་པས 

 ཆུ་བོ་གཙང་ལ་ཡུལ་ལྗོངས་མཛེས  


གནས་སྐབས་འདིར  

ང་རང་ཕ་ཡུལ་ན་འཆམ་འཆམ་དུ་འགྲོ་བཞིན་ཡོད                         


མིག་མདུན་གྱི   རི་མོ་ལྟ་བུའི་ཡུལ་ལྗོངས་ལ་ལྟ་བཞིན   

བདག་གིས་གློ་བུར་དུ  

མཛེས་ལྗོངས་འདི་ཁྱེད་ཀྱི་རྨི་ལམ་མིན་ནམ  

ང་རང་ད་ལྟ   

ཁྱེད་ཀྱི་རྨི་ལམ་ན་འཆམ་འཆམ་བྱེད་བཞིན་མེད་དམ་སྙམ་སོང


    སེམས་བསྐྱེད


ང་རང་རྡོ་ཡི

ཟམ་པ་ཞིག་ཏུ་གྱུར་ཀྱང་བླ་སྙམ་སོང


མི་ལོ་ལྔ་བརྒྱར་ཆར་བས་བརླན་ཅིང

མི་ལོ་ལྔ་བརྒྱར་རླུང་གིས་བཀྲུས་ཏེ

མི་ལོ་ལྔ་བརྒྱར་ཉི་མས་སྐམ་ན་ཡང


ཁྱེད་བདག་གི་ཟམ་པ་འདི་བརྒྱུད་ནས

ཐེངས་གཅིག་ཕེབས་སོང་ན་དེ་ཡིན་སྙམ


                                ༢.༡༧ལ་པེ་ཅིན་ནས།


     ཟླུམ་པོ།


བདག་གིས་འཚོ་བར་བསྟུན་ཏེ

རང་གི་ཟ་ཟུར་ཡོངས་སུ་དབུར་ནས་

ཟླུམ་པོ་ཟླུམ་པོར་བཟོས་ཟིན


 ཟླུམ་པོ་ནི་ཚུལ་ཁྲིམས་ཡིན་ལ

ཟླུམ་པོ་ནི་སྦྱིན་པའོ

ཟླུམ་པོ་ནི་བཟོད་པ་ཡིན་ལ

ཟླུམ་པོ་ནི་བརྩོན་འགྲུས་སོ

ཟླུམ་པོ་ནི་བསམ་གཏན་ཡིན་ལ

ཟླུམ་པོ་ནི་ཤེས་རབ་ཡིན་ནོ


              ཟླ་༢པའི་ཚེས་༨་ལ་ཧྲི་ཅ་གྲོང་ནས།


དབྱར་ཟླ་དྲུག་པའི་རྩྭ་ཐང་།                                     


དབྱར་ཟླ་དྲུག་པ་ནི  

རྩྭ་ཐང་ན  མགྲོན་པོ་མང་བའི་དུས་སོ 


མགྲོན་པོ་མང་དུས་འདི་ལ   

 རྩྭ་ཐང་གིས  ཅི་ཡང་མ་བཤད་ནའང  

རྩྭ་ཐང་གི་སེམས་ནའང་སྐད་ཆ་ཞིག་ཡོད་ངེས  


སྟབས་ཉེས་ན  

ཆུ་བོ་གཙང་བའི་རིང་ལ   མེ་ཏོག་བཞད་སྒང་འདི་ལ  

མགྲོན་པོ་ལ་ལ  མྱུར་དུ་མྱུར་དུ་བུད་སོང་ན་སྙམ་བཞིན་མེད་དམ

མགྲོན་པོ་ལ་ལ   མྱུར་དུ་མྱུར་དུ་ཕེབས་བྱུང་ན་སྙམ་བཞིན་མེད་དམ



     དུས་ཀྱི་མཁས་པ།


ཉི་ཟླ་ལྟ་བུའི་མཁས་པ་དེང་སང་དཀོན།།

གང་བཞུགས་ཕལ་ཆེར་ཕྱོགས་རེར་མཁས་པའོ།།


ཡིན་ཡང་ཁོ་བོ་རྐང་ནས་ཁོང་ཚོར་གུས།།


འདི་དག་དཀའ་སྡུག་དུས་ཀྱི་སྐར་མ་སྟེ།།

ཉི་མ་ནུབ་ཅིང་ཟླ་བ་འགྲིབ་པའི་རྗེས།།

མཚན་རིང་མུན་པར་འཐབ་པས་ངལ་དུབ་ཀྱང་།།

སང་དགོང་སྐར་མའི་ཚོགས་འདི་ལྷག་དུ་གསལ།།


    མགྲོན་པོ་དང་ཁ་བ།


ཁ་བཏགས་ཐོགས་པའི་མགྲོན་པོར་ཨ་གསར་རྒོད།།

ཞག་གསུམ་ལོན་རྗེས་རང་མཚང་ལྷང་ངེར་བུད།།

ཡུན་ཐུང་མཇལ་བའི་དགའ་སྣང་ཡལ་བའི་རྗེས།།

མ་གཞིར་འདི་ཙམ་སྙམ་པ་ཤུལ་དུ་ལུས།།


ཡོང་ཚུལ་བཞིན་དུ་འགྲོ་དུས་དཀའ་བ་འདི།།

ཕལ་ཆེར་དངོས་པོའི་གཤིས་སུ་གྲུབ་སྙམ་སྟེ།།

ཁ་ཉིན་འབབ་ཚུལ་མཛེས་པའི་ཁ་བ་ཡང་།།

དོ་ནུབ་འདམ་དུ་སྦགས་བཞིན་སོང་མིན་ནམ།


     ང་དང་སྟོན་ཀ།


སྟོན་གྱི་དུས་དང་ངེད་གཉིས་དཔྱིད་དཔལ་དང་།

འདྲ་ས་མང་ཡང་དཔྱིད་ལས་འགོངས་པ་མང་།།


ཞོགས་པར་ཁ་བའི་འོག་ནས་རྩྭ་ལྗང་མངོན།།

ཐུལ་དཀར་འབྲི་མོའི་སྤུ་རྩེ་བད་ཀྱིས་དཀར།།

དྭངས་གཙང་མཁའ་ལ་སྤྲིན་དཀར་འཁོར་བའི་དུས།།

དབང་མེད་ཡིད་ལ་བོད་ཀྱི་འཁྱམས་པོ་དྲན།།


ན་ཚོད་སྨིན་ལ་ཅི་སྤང་གང་སྒྲུབ་འོས།།


རང་སེམས་བཀག་སྟེ་བཟླས་བརྗོད་འབའ་ཞིག་ལས།།

ལབ་གླེང་མང་ཚེ་འདས་དོན་དྲན་གསོར་སྐྲག།།

                    ༢༠༡༦་༩་༡༠ལ་རྟ་བོ་ནས།


        ལོ་སར།


དེ་རིང་ངས་ཀྱང་ལོ་སར་ཚེས་གཅིག་བཏང་།།

བརྙན་འཕྲིན་བརྒྱུད་ནས་དགུང་ཚོགས་ལ་ཡང་བལྟས།།

ལེགས་སྐྱེས་ཕར་སྟེར་ཚུར་ལེན་བྲེལ་ཟིང་བར།།

མཆོད་མེ་བསྒྲོན་ཏེ་བཟླས་བརྗོད་གཟུགས་ཀྱང་བྱས།།


གོ་ཚོར་མེད་པར་བཞི་བཅུ་ཟད་ལ་ཉེ།


འཆི་བདག་སུར་ཡང་མི་མཛའ་གཏུམ་དྲག་ཅན།

ཉེ་རིང་འགྲུལ་བ་ཕར་སྐྱེལ་ཚུར་བསུས་ཀྱི།

བྲེལ་ཟིང་ལ་བརྫུས་ཡོང་གི་མེད་དམ་སྙམ།།


                   ལོ་སར་ཚེས་གཅིག་ལ།


 རྨི་ལམ་ནང་གི་མཇལ་འཕྲད།


ཨ་ཕ་འདས་ནས་མི་ལོ་བཅུ་གཉིས་སོང་།།

མདང་ནུབ་སླར་ཡང་རྨི་ལམ་ནང་ནས་མཇལ།།


གསོན་དུས་དཀའ་སྡུག་མྱངས་པ་སེམས་ལ་འཁོར།།

རེ་བའི་ལྷག་མ་ཡོད་མེད་ཅི་ཡིན་དྲིས།།


ཕར་ཞུ་ལན་ལ་ཚུར་བཤད་མི་གསལ་ཡང་།།

སད་དུས་སྔས་གཞི་མཆི་མས་བརླན་ཅིང་འདུག།



སྲིད་པ་ཆགས་གླུ།

        དྲི་བ།

སྲིད་པའི་བོད་ཡིག་བཤའ་དུས་ན།།

ན་རོ་འཁྱར་ནས་གང་ལ་སོང་།།

ངས་མ་ཤེས་གླུ་བར་དྲིས་ནས་ཡིན།།


སྲིད་པའི་བོད་ཡིག་བཤའ་དུས་ན།།

མིང་གཞི་ཕྲལ་ནས་གང་ལ་བཏགས།།

ངས་མ་ཤེས་གླུ་བར་དྲིས་ནས་ཡིན།།


སྲིད་པའི་བོད་ཡིག་བཤའ་དུས་ན།།

རྗེས་འཇུག་གཅིག་པུ་གང་ནས་ལུས།།

ངས་མ་ཤེས་གླུ་བར་དྲིས་ནས་ཡིན།།

       དྲིས་ལན།

སྲིད་པའི་བོད་ཡིག་བཤའ་དུས་ན།།

ན་རོ་འཕྱར་ནས་སྟོད་ལ་སོང་།།

སྟོད་རྒྱ་གར་འཕགས་པའི་ཡུལ་ལ་འཕྱར།།


སྲིད་པའི་བོད་ཡིག་བཤའ་དུས་ན།།

མིག་གཞི་འཕྲལ་ནས་སྨད་ལ་བཏགས།།

སྨད་རྒྱ་ནག་ལྭ་བའི་འདབས་ལ་བཏགས།།


སྲིད་པའི་བོད་ཡིག་བཤའ་དུས་ན།།

རྗེས་འཇུག་གཅིག་པུ་བོད་ནས་ལུས།།

བོད་མགོ་རྔ་མེད་པ་དེའི་དོན་རེད།

ཨོ    བོད་མགོ་རྔ་མེད་པ་དེའི་དོན་རེད།།


  འདྲེ་སྒྲུང་མཉན་པ།


ཁྱེད་མཚན་མོ་གཅིག་པུར་སྡོད་དུས

གལ་ཏེ་སུན་སྣང་འདྲ་སྐྱེས་ན

གློག་སྒྲོན་གཟིམས་ལ

སྐད་འཕྲིན་ཕྱེས་ཏེ་འདྲེ་སྒྲུང་གླིང་གི

འདྲེ་སྒྲུང་ཞིག་ལ་མཉན་རོགས་མཛོད


དེ་ཚེ་ཅང་མི་འགོར་བར

ཁྱེད་ཀྱི་སྣང་བ་ཞིག་ལ

གཡོས་ཁང་ནང་དུའང་མི་ཞིག་ཡོད་སྙམ་འཆར་ལ

ཆབ་ཁང་ནང་དུའང་མི་ཞིག་ཡོད་སྙམ་འཆར་ཡོང

སྒོ་གླེགས་རྒྱབ་ཏུའང་མི་ཞིག་ཡོད་སྙམ་འཆར་ལ

མལ་གྱི་རྐང་བའི་ཐད་ནའང་མི་ཞིག་ཡོད་སྙམ་འཆར་ཡོང


ཨ་ལ་ལ ཨ་ལ་ལ་ལ་ལ  ཧ་ཧ

དེ་ཚེའི་གཞི་ནས

ཁྱེད་ཀྱི་སེམས་ཁོང་ལའང་འཁྲུག་ཆ་དོད་པོ་འབྱུང་ངེས


                                      3.18གྱི་མཚན་མོར།


 བདག་དང་སྙན་ངག

                    

བདག་གིས་སྙན་ངག་ལ་ཕར

བརྡ་སྤྲོད་ཀྱི་གཞུང་བཞིན་དུ་ཚིག་གི་གོས་ཞིག་བསྐོན

བདག་གིས་སྙན་ངག་ལ་ཕར

བསྡུས་བརྗོད་དང་ཏིང་འཛིན་སོགས་ཀྱི་རྒྱན་ཡང་སྤྲས


སྙན་ངག་གིས་ཚུར

བདག་གི་སེམས་ཁོང་གི་དགའ་བ་འབྲི་བཞིན་ཡོད

སྙན་ངག་གིས་ཚུར

བདག་གི་སེམས་ཁོང་གི་མིག་ཆུའང་འབྲི་བཞིན་ཡོད


སྙན་ངག་གིས་ཚུར....


ཡིན་ན་འང

སྙན་ངག་ཁོས་ད་རག་ཏུ་ཇི་ལྟར་འབད་ནའང

བདག་གི་སེམས་ཁོང་གི་སྐད་ཆ་ངོ་མ་བོ

.............ཁོས་ད་དུང་ཡང་འབྲི་མ་ནུས

                      ༨.༢༧.གྱི་མཚན་མོར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།