ཀྲུང་གོ་བོད་ཀྱི་དྲ་བ།

​སྐྱེ་དགུ་དྲན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྫ་སྐྱེས་ཕུར་བ།   སྤེལ་དུས། : 2017-04-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚེ་སྲོག་གི་རལ་བ་ཆད་པའི་མྱ་ངན་དང་།།
སྔངས་ཞེད་ཀྱི་འཇིགས་པ་ལྕི་བའི་ནམ་ཟླ་ལ།།
འཆི་གསོན་གྱི་ལག་པ་སྦྲེལ་བའི་སྐྱེ་དགུ་བ།།
མངོན་སུམ་གྱི་མེ་ལོང་འདི་དང་གཉིས་སུ་གྱེས།།
 
སྐྱོ་སྡུག་གི་ཡས་སྣེ་བསྟིམས་པའི་རི་ཁུད་དང་།།
གྱེས་ཕྱག་གི་ལག་བརྡ་གཡུག་པའི་མཁར་གྲོང་ནས།།
ན་ཟུག་གི་ངུད་མོ་ཕྱོགས་སུ་མཆེད་པ་ན།།
གྱེས་གདུང་ནི་ངས་ཀྱང་མྱངས་ཡོད་སྐྱེ་དགུ་ཨ།།
 
དངོས་མེད་ཀྱི་ལག་པ་བསྲིངས་བའི་ཅི་ཞིག་དང་།།
དངོས་ཡོད་ཀྱི་འཚོ་གཞིས་བརླགས་པའི་སྐྱེ་དགུ་གྲོང་།།
ཆོ་འཕྲུལ་གྱི་དབྱིངས་ལ་སྤྲིན་བཞིན་ཡལ་བ་ན།།
མི་སེམས་ནས་བདེ་སྐྱིད་བུད་སོང་སྤུན་ཟླ་ཨ།།
 
ཐལ་སྤུངས་གྱི་ལོགས་ནས་འཇའ་བཞིན་ཡལ་ན་ཡང་།།
རྡུལ་འཚུབ་ཀྱི་གསེབ་ནས་སྨུག་བཞིན་འཐིབ་ན་ཡང་།།
ལོ་རྒྱུས་ཀྱི་སྒལ་ཚིགས་ཡིན་པའི་སྐྱེ་དགུ་བ།།
གངས་ཅན་གྱི་གདུང་རབས་ངོས་ན་རྟག་ཏུ་གསོན།།
 
འཆི་བ་ལ་ཀུ་ཅོ་མེད་པའི་ལག་བརྡ་འཇོག།
བསྐྱར་གསོན་ལ་བདེན་པ་བསུ་བའི་གོ་ཆ་བཙལ།།
གཅིག་ཏུ་ན་སྐྱེ་དགུ་གྲོང་གི་དཔལ་ཡོན་ལ།།
དབྱངས་གསལ་གྱི་མ་མ་འབོད་དོ་ང་ཚོ་ཨང་།།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།