ཀྲུང་གོ་བོད་ཀྱི་དྲ་བ།

འབོ་རའི་ཀླུ་འབུམ་བཀྲ་ཤིས་ཀྱི་ཉེ་རྩོམ་བསྡུས་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-05-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

756940889278206709.jpg 

 འབོ་རའི་ཀླུ་འབུམ་བཀྲ་ཤིས། 

          འབོ་རའི་ཀླུ་འབུམ་བཀྲ་ཤིས་ནི་ལོ་རབས་བརྒྱད་ཅུ་བའི་ནང་བོད་མདོ་སྨད་ལྷོ་རྒྱུད་ཀྱི་འབོ་ར་ནས་སྐྱེས་ཤིང་། སྔ་རྗེས་སུ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་ནས་ད་ལྟ་ཀན་ལྷོ་ཁུལ་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་དུ་དགེ་རྒན་གྱི་བྱ་བ་གཉེར་བཞིན་མཆིས། 

         2000ལོ་ནས་བཟུང་སློབ་གཉེར་གྱི་ཞོར་དུ་རྩོམ་རིག་གསར་རྩོམ་གྱི་ལས་ལ་ཞུགས་ཏེ།ད་བར་དུ་སྙན་ངག་གཙོས་དཔྱད་རྩོམ་དང་སྒྲུང་གཏམ།འཁྲབ་གཞུང་། གཞས་ཚིག འབོལ་རྩོམ་སོགས་བོད་ཁུལ་གྱི<<ཟླ་ཟེར>>དང<<གངས་རྒྱན་མེ་ཏོག>> <<ལྷོ་ཁའི་རྩོམ་རིག་སྒྱུ་རྩལ།>> <<གངས་དཀར་རི་བོ།>> <<རི་བོ་ཉི་ཟླ>>སོགས་གཞུང་སྒེར་གྱི་དུས་དེབ་དང་གཞན་ཀན་ལྷོའི་གསར་འགྱུར་དང་མཚོ་སྔོན་ཁྲིམས་ལུགས་ཚགས་པར། གངས་རྒྱན་ན་ཆུང་ཚགས་པར་སོགས་སུ་རྩོམ་ཡིག་བརྒྱ་ཕྲག་བརྒལ་བ་ཞིག་སྤེལ་ལ། མི་འགྱངས་པར་སྙན་རྩོམ་གཅེས་བསྡུས་ཤིག་ཀྱང་པར་སྐྲུན་བྱ་འཆར་ཡོད། ད་ལྟ་ཀན་སུའུ་ཞིང་ཆེན་གྱི་རྩོམ་པ་བོ་མཐུན་ཚོགས་ཀྱི་ཚོགས་མི་དང་ཀན་ལྷོ་ཁུལ་རྩོམ་པ་བོའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཀྱི་འགན་ཡང་ཁུར་མུས་སུ་མཆིས་སོ།


སྙན་ཚོམ་དབྱངས་གསལ་འཕར་མ།

      ཀ༽ བཏུང་ཆུ།

ཁ་བ་གངས་ཀྱི་ཆུ།
སྨུག་པོ་རྫ་རིའི་ཆུ།
ན་མོ་སྤང་གི་ཆུ།
སྔ་དྲོར་སྨན་གྱི་ཆུ།
ཕྱི་དྲོར་དུག་གི་ཆུ།
སང་ཉིན་གང་གི་ཆུ་རེད།      

    ཁ༽ སྨྱུ་གུའི་སྟོབས།

འགུལ་ཐེངས་ཤིག་གིས།
ནམ་མཁའ་ཕ་མཐར་བསྐྲད།
ས་གཞི་ཡོམ་ཡོམ་འདར།
རྒྱལ་བོའི་བཞུགས་ཁྲི་འགུལ།
དཔའ་བོའི་སྙིང་སྟོབས་ཞུམ།
སྡར་མའི་སྙིང་རྩ་བཀད་འགྲོ
ཨ་་་་་ཨ ང་ཡི་སྨྱུ་གུ  
ཁྱོད་ཀྱི་སྟོབས་ཨང་།

     ག༽ རང་དབང་།

རི་བོ་བཤིག་ཐུབ།   ཕུག་ཀྱང་ཐུབ།
ཆུ་བོ་བཀག་ཐུབ།   སྒོག་ཀྱང་ཐུབ།
ངར་ལྕགས་བཞུ་ཐུབ། རྡུང་ཀྱང་ཐུབ།
འོན་ཀྱང་།
མིའི་རང་དབང་ལ་སུས་བདག་པོ་རྒྱག་ཐུབ།

     ང༽ སྐད་འཕྲིན་གྱི་གཏམ་བཤད།

ཁ་མང་པོ།
སྐད་འཕྲིན་དུ་མཁས་པོ་མཁས་པོ།
ཁ་མང་པོ།
ལག་ལེན་ཁྲོད་གྱོང་བོ་གྱོང་བོ།

      ཅ༽ རྩིས་ཐང་དང་གོ་ནོར།

དེང་སང་།
ཕ་མ་ལས་རང་ལ་རྩིས་ཐང་ཆེ།
རང་ལས་ཁྱི་ལ་རྩིས་ཐང་ཆེ།  
ཁྱི་ཕྲུག་ཕ་མ་བཞིན་སྙོར་འོང་དུས།
ཕ་མ་ཁྱི་བཞིན་ལྡོམ་དགོས་བྱུང་།

         ཆ༽ མྱི།

མ་གཅུན་པར་བཞག་ན་བཙའ་ཆགས་འགྲོ
མ་སྐུལ་བར་བསྐྱུར་ན་ཀོ་བཞིན་གྱོང་འགྲོ
བཙན་དབང་གིས་དེད་ན། ཁྱོད།
ཁུར་མོང་དང་ཆུ་བུར་བཞིན་ཡལ་འགྲོ།
ཨོ། ད་ནི་རང་ཉིད་ཀྱང་འཕྲུལ་ཆས་ཤིག་ཏུ་གྲུབ་ཚར་ཨང་།

         ཇ༽ ལྷ་འདྲེ།      

 ཁྱོས་སྒོར་མོ་ལྷ་རུ་བཀུར་ན།
 སྒོར་མོས་ཁྱོད་འདྲེ་རུ་གཏང་ཡོང་།

         ཉ༽ ས་སྨྱུག

ས་རྡུལ་ལས་སྐྱེས་ཏེ།
རྡུལ་ཟེགས་ཀྱིས་གཞན་གསོས་ནའང་།
ཁྱོད་རྡུལ་དང་མཉམ་དུ་ས་ལ་ཟགས་ཚར་དུས།
གཞན་གྱིས་མྱ་ངན་མ་ཞུས།
ད་དུང་། རྡུལ་དུ་གྲུབ་པའི་བེམ་པོ་ཁྱོད།
གཞན་གྱི་རྐང་འོག་ན་འབྱར།

        ཏ༽ མཐའ་བའི་བུ་མོ།

དང་ཐོག་ཁྱོད་ནི།  འཇམ་པོའི་བལ་ཡིན།
གྱོན་ན་དྲོད་འོང་།

བར་དུ་ཁྱོད་ནི།  གྱོང་བོའི་ཀོ་ཡིན།
གྱོན་ན་རྐང་མགོ་བསྡམས་ནས་ཡོང་།

མཐའ་མར་ཁྱོད་ནི།   རྩུབ་མོའི་རྩྭ་ཡིན།
མདུད་པས་རྩྭ་མདུད་རྩ་ནས་ཆད་འགྲོ།

          ཐ༽ སྡིག་པ།

ས་ཡིས་མི་གནོན་ལ་ཆུ་ཡིས་མི་དག་གོ།
མེ་ཡིས་མི་འཚིག་ལ་རླུང་གིས་མི་འཁུར་རོ།
ཁྱོད་ནི། འབྱུང་བཞིས་གདུལ་དཀའ་བའི།
གཟུགས་མེད་ཀྱི་རྔོན་པ་འཇིགས་པོ་དེ་མ་ཡིན་ནམ།

          ད༽ མྱི་དཀར་ནག

ཕྱི་པགས་དཀར་བས་མི་དཀར་ག་ལ་ཡིན།
བློ་སེམས་དཀར་ན་མི་དཀར་ཡིན།
ཕྱི་པགས་ནག་ན་མི་ནག་དེའང་ག་ལ་ཡིན།
བློ་སེམས་ནག་ན་མི་ནག་ངོ་མ་ཡིན། 

     ན༽ དུས་ཚོད་དང་ཚེ་སྲོག

དུས་ཚོད་ནི་
ཆུ་ཀླུང་ཆེན་པོ་ཞིག་གི་བཞུར་རྒྱུན་ཡིན་ན།
ཚེ་སྲོག་ནི་
ཆུ་ཀླུང་གི་རླབས་རྒྱུན་དང་འགྲོགས་པའི་
གྲུ་ཆུང་དེ་མ་ཡིན་ནམ།

           པ༽ སྲང་།

འཁོར་ལོས་འཁོར་ལོ་དེད་ནས་སོང་།
འཁོར་ལོ་འཁོར་ལོས་འཛིང་ཞིང་འཁྲུག
འཁོར་ལོ་ཆེ་བས་འབྲིང་བ་ཟས་ཤིང་།
འཁོར་ལོ་འབྲིང་བས་ཆུང་བ་ཟས།

འཁོར་ལོ་དང་འཁོར་ལོ་ཡི་འགལ་འདུའི་བར་ན།
མི་ཁ་དང་མི་ཁའི་འཐབ་རྩོད་བར་ནས།
རྐང་རྗེས་མང་པོས་རང་ཁྱིམ་མ་རྙེད་པར་རང་ཤི་རྒྱག་དགོས་བྱུང་།

          ཕ༽ ལོ་སར།

རྒྱུ་ཅན་ཚོར་ལོ་གསར་བ་ཡིན།
རྒྱུ་མེད་ཚོར་དོམ་གསར་བ་རེད། 

ལོ་སར། ལོ་གསར།
ངས་ལོ་སར་གྱིན་ཡོད་དམ།
ཡང་ན། ལོ་ཡིས་ང་རང་སར་གྱིན་ཡོད།

ལོ་སར།  
མི་རྣམས་མི་ཁོམ་པའི་གནས་ནས།
རེ་བ་དང་རེ་སྒུག་གི་ཁྲོད་ནས་རྒས་སོང་།

      བ༽ རྨ་བྱ།

མཛེས་པ་ཁྱོད་ལ་ལྡན་ནོ།
སྒེག་པ་ཁྱོད་ལ་འཛོམས་སོང་།
ཡིན་ཡང་། ཁ་ལ་དུག་གི་ལོ་མ་བཟའ་བ།
ད་ལོ་མིན་པ་ངས་ཤེས་མ་སོང་།

      མ༽ གྲོང་ཁྱེར།

ཉིན་དཀར།
ཁྱོད་ནི་རྡོ་ཡི་ནགས་ཚལ་ལྟར་སྲ་ཞིང་མཁྲེགས་ལ།
མཚན་མོ།
ཁྱོད་ནི་འོད་ལ་སྙེགས་པའི་འབུ་མེ་ལྕེབས་དེ་ཡིན་ཨང་།

        ཙ༽ ཚོགས་འདུ།

སྟོན་པ་ང་ཡིན་ཟེར།  
ལམ་པ་ང་ཡིན་ཟེར།
བསྒྱུར་བཅོས་ང་ལ་ལྡན།
གདམས་པ་ང་ལ་ལྡན།
ངའི་ཁ་རླངས་ཁྱོད་ཀྱིས་རྔུབ་དགོས་ཟེར།
ངའི་བདུད་རྩི་ཚང་མས་འཐུང་དགོས་ཟེར།
མི་ཚོས། ལྐོག་ནས་ཁ་ཕོད་ཆེ་སོང་ཆེ་སོང་ཞེས་ཀྱང་ལབ་བྱུང་།  

       ཚ༽ རྩྭ་ཐང་གི་ངུ་ཤུམ།

ངའི་སྒལ་གཞུང་ན།
ལམ་མང་པོས་འཚང་ཁ་རྒྱག་གིན་འདུག
སྤང་ལྗོངས་ཡངས་མོས་ངུ་ཤུམ་གཏོང་གིན་འདུག
ངའི་བྲང་གཞུང་ལ། ཨུ་ཁུང་བརྟོལ་མཁན་གྱི
སྡེར་ཐོགས་ཀྱི་ཨ་བྲ་ཇེ་མང་རེད།
རྨིག་ཐོགས་ཀྱི་སྒོ་ཕྱུགས་ཇེ་ཉུང་རེད།
ངས་དེ་དག་ལ་དེང་རབས་དེང་རབས་ཟེར་ནས་འབོད་དགོས་བྱུང་།

        ཛ༽ ཟ་མ།

སོ་ཡིས་འབུ་བཟའ་ཆོག་ན།
འབུ་ཡིས་སོ་ཟ་ཅི་ལ་མི་ཆོག

        ལྦ༽ དཀར།

ཕྱི་པགས་དཀར་ན་དཀར་ནི་མིན།
ནང་སེམས་པ་དཀར་ན་དཀར་ནི་ཡིན།

      ཞ༽ དམུས་ལོང་།

མིག་དབང་མེད་པ་ནི་དམུས་ལོང་ཡིན་ནའང་།
མཐོན་པོ་མི་ཡིས་དམངས་ཀྱི་ནང་སེམས་མི་མཐོང་བ་ནི།
ལོང་བའི་ནང་གི་དམུས་ལོང་ཡིན་ཨང་།

        ཟ༽ པོ་ཏ་ལ།

ཀོ་ཤུན་རྙིང་ཤུབས་སུ་བཅུག་པའི་ཡིག་རྙིང་དེ།
ས་ཕག་རིན་གཙང་གི་མདུང་རྩེ་ནས་རྡུལ་གྱིས་མ་གོས།
དུས་ཀྱི་རླུང་ནག་གིས་གཙེས་གཙེས་མཐར།
ལོ་རྒྱུས་རྙིང་ཧྲིལ་ཁྲོད་ཀྱི་
རྡོ་རིང་ཁེར་རྐྱང་དེ་ཁྱོད་ཡིན་ཨང་།

         འ༽ འཚོ་བ།  

ཤི་ཡང་བློས་གཏོང་མི་ཐུབ།
གསོན་ཀྱང་ཉམས་སུ་མི་རེ།
བྲོས་ཀྱང་ཐར་ས་མེད།

གོན་པ་ཞིག་ཡིན་པའི་དབང་དུ་བཏང་ན།
མ་གྱོན་ན་འཁྱག་ལ་གྱོན་ན་ལྷག་ཏུ་འཁྱག་གོ།

        ཡ༽ དགེ་རྒན།

བུ་བཙས་མི་ཐུབ་ཀྱང་ཨ་མའི་ཆོ་ལོ་ཡོད་ལ།
གསེར་མ་ཡིན་ཡང་ཁ་ལས་གསེར་ལྟར་རྒྱུགས།
འོད་སྣང་མེད་ཀྱང་མུན་སེལ་སྒྲོན་མེ་ཞེས་སུ་འབོད།

         ར༽ ཅོང་།

ལྦ་མི་གྲག་འདྲེ་ཡི་འགྲམ་ལྕག
གཉིད་མི་བདེ་རྣ་ཡི་ཟ་འཕྲུག

        ལ༽ མེ་ལོང་།

ཁྱོད་མཛེས་ན་ཁོ་ཡང་མཛེས་ལ།
ཁྱོད་བཙོག་ན་ཁོ་ཡང་བཙོག

       ཤ༽ ཆང་ཁང་།

ཆང་ཕོར་གྱི་མཁའ་ན་སྙིང་གཏམ་ལྷུག་ལྷུག་ཏུ་བཞད།
ཆང་དྲི་ཡི་གསེང་ན་སྙིང་རྩ་མེ་རུ་འབར།
ཨ། ཨ། དཔའ་ངར་དེ་སྟག་མོ་ངར་ངར།      

      ས༽ དྲན།

ཉི་མ་རི་ལ་ནུབ་དུས་ཁྱོད་རང་དྲན།
ས་གཞིར་གྲིབ་མ་གཡོག་དུས་སྔར་བཞིན་དྲན།
ལུག་ཁྱུ་ལྷས་རར་འཇུག་དུས་ལྷག་ཏུ་དྲན།
མཚན་མོར་ཟླ་བ་འཆར་དུས་དེ་བས་དྲན།
ཁྱོད་རང་དྲན་པའི་གདུང་བ་ཅི་འདྲའི་ཅི་འདྲའི་ལྗིད་ཨང་། 

         ཧ༽ ཞེ་ནག

ཆུ་སྙིགས་དེ་རྫ་བུམ་གྱི་རྒྱ་སེ་མེ་ཏོག་ལ་བཀྲམ།
ས་རྡུལ་དེ་མེ་ཏོག་ལྡུམ་རའི་ནང་གི་བུང་བའི་སྟེང་ལ་གཏོར།
ཚེར་མ་དེ་མཚོ་འགྲམ་དུ་བཏབ་ནས་རྨ་བྱར་ཡུན་རིང་སྒུག

        ཨ༽ ཁ་བ།

རང་མདོག་དཀར་པོ་ངོམ་ཐེངས་རེ་རེར།
བྱེའུ་ཚོགས་ཀྱིས་དམོད་མོས་སེད་བྲད་བཏང་བྱུང་།

        ཨི༽ སྐྲག

ང་གནས་ལུགས་བཤད་པར་མི་སྐྲག
གནས་ལུགས་མི་བརྩི་བའི་མི་རྣམས་ལ་ཧ་ཅང་སྐྲག

        ཨུ༽ ལྟ་བ།

ལེབ་ལྟ། གྱེན་ལྟ།  
ཐུར་ལྟ། ཚུར་ལྟ།  
ཕྱི་ལྟ། ནང་ལྟ།  
གང་ནས་བལྟས་ཀྱང་སྲ་མོ་རྡོ་ལས་མཁྲེགས་ཡིན།

     ཨེ༽ ལེགས་སྐྱེས།

ཐོག་མའི་སྐེ་དཀྲིས་མི་དགོས།
བར་གྱི་སོར་གདུབ་མི་མཁོ།
ཚེ་གཅིག་ལ།
ང་ལ་འཛུམ་དང་སེམས་བྱིན་པས་ཆོག

      ཨོ༽ སྟོན་ཁ།

སྨུག་སྤྲིན་ལང་ལོང་དེས།
སེམས་ཁམས་མོག་པོར་བཏང་།
ཆར་བ་ཟམ་ཟིམ་དེས།
ལུས་སེམས་རློན་པར་བརྫིས།
ཆུ་བོ་ཀྱ་ཀྱུ་འདིས།
སེམས་པ་ཀྱ་ཀྱུ་རུ་ཁྲིད།

སྟོན་ཁ། སྟོན་ཁ།
སླར་ཡང་སྟོན་ཁ་ཨཱ།
དེ་རིང་། ལུང་བ་རྨས་མ་འདིའི་ནང་གི།
སེམས་པ་རབ་རིབ་ཡིན།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།