སེམས་འགྱུ་དམར་པོ།

དོན་བདེན་གཉིས་གྲུབ་པའི་དགའ་སྟོན་ལ།།

དུས་རྟག་ཏུ་རོལ་བའི་ལྷ་ཡི་ལྷ།།

མ་འགྲོ་དྲུག་ཡིད་ཀྱི་ཞིང་ས་ལ།།

ཐུགས་བྱིན་རླབས་སྟོང་གིས་སྤྲང་ཆར་ཕོབ།།

ཤ་ཉེ་འབྲེལ་འདུས་པ་ཚོང་གི་མགྲོན།།

སྟོབས་འབྱོར་བ་ཐུན་གཅིག་རྨི་ལམ་ཙམ།།

སྐྱིད་རེས་མོས་དུས་བཞིའི་འགྱུར་ལྡོག་ཉིད།།

འདི་བསམ་བཞིན་སྨྲེང་གླུ་ངག་ནས་ཤོར།།

ཟས་མེད་ན་བཟའ་བཏུང་འབད་པས་འཚོལ།།

ཟས་ཡོད་ཀྱང་ཟད་ལ་རབ་དོགས་ནས།།

ཁྱིམ་ཡ་ཕུགས་མཛོད་དུ་བསྒྱུར་ན་འང་།།

ཡུན་ཐུང་ཐུང་མི་ཚེ་རྫོགས་ལ་ཁད།།

དོན་འགྲུབ་རྒྱུ་མེད་པས་འཇིག་རྟེན་གྱི།།

མཐའ་ཟད་རྒྱུ་མེད་པའི་བྱ་བཞག་ལ།།

ཡིད་གཏིང་ནས་ཆད་པས་སྐྱོ་གླུ་ཞིག།

དུས་དེ་རིང་ངག་ནས་དབང་མེད་ཤོར།།

ཁྲམ་གཡོ་སྒྱུ་རྩེད་མོའི་ཕྲེང་བསྒྲིགས་ཏེ།།

ཡུན་རིང་ཏུ་འབད་པ་བརྒྱ་ཕྲག་གིས།།

ལྐོག་ལྐོག་ནས་བསླུས་བས་མཛའ་གྲོགས་ལ།།

གློ་མཆིན་པའི་གཏིང་ནས་ཨ་ཐང་ཆད།།

ང་ཧ་ཅང་དབུལ་བས་སྐབས་ཐོག་དེར།།

གཉེན་ཉེ་འབྲེལ་ཡོད་མེད་མ་ཤེས་ཐ།།

ང་དེང་སང་འབྱོར་བ་རྒྱས་པའི་ཚེ།།

གཉེན་མང་བོས་བསྐོར་འདི་དགོད་པའི་གཞི།།

གང་བྱས་ཀྱང་རྣམ་རྟོག་སེམས་ངོས་ལ།།

གང་སྣང་བ་བདེན་པར་གྲུབ་མ་གྲུབ།།

སེམས་ནང་ལ་ཕྱོགས་ནས་བརྟག་བརྟག་མཐར།།

ནོར་མེད་ན་དབུ་མའི་ལམ་ཞིག་རྙེད།།

ཡུལ་མདོ་སྨད་ལྗོངས་ནས་རི་དྭགས་བཞིན།།

གནས་རྒྱས་མེད་འགྲིམས་པས་ཁ་འཁྱམས་ངའི།།

སེམས་བྲན་ལ་ཤོར་བའི་སྐྱོ་གར་འདི།།

དོན་གལ་ཆེན་བརླགས་པའི་སྔ་ལྟས་རེད།།

དེ་བསམ་བཞིན་སྣང་བ་མི་རྟག་པ།།

བདུད་ཨ་སྟག་ལྷ་མོའི་ཁྲོ་འཛུམ་བཞིན།།

རེ་དཀར་ལ་ནག་པོའི་རྗེས་དྲན་འདི།།

བུ་བྲན་མིང་བ་ཡིས་ཤར་མར་བྲིས།།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།