ཀྲུང་གོ་བོད་ཀྱི་དྲ་བ།

མཛའ་གཞས་ཀྱི་ལྷག་རོ།(ཁག་དང་པོ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། :  (མཚོ་ལྷོ)སྒྲོལ་མ་འཚོ།   སྤེལ་དུས། : 2017-06-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཆང་འདི་གཙང་བཞེས་གནོངས་དང་།།

ལྷ་ཆེན་ཚངས་པའི་ཆང་ཡིན།།

ང་དང་ལྷ་ཆེན་ཚངས་པས།།

མ་བཞེས་ཁྱེད་ལ་མཆོད་ཡོད།།


བཀྲ་ཤིས་ཁ་བཏགས་དཀར་པོ།།

ད་ནངས་བླ་མར་མ་ཕུལ།།

ཚེ་བསོད་ཅན་གྱི་རོགས་ལ།།

དབུལ་དགོས་བསམ་སྟེ་བསྐྱུར་ཡོད།།


ཨ་ཕས་བཟོས་པའི་ཚར་ལྭ།།

ལོ་གསུམ་རྒྱབ་ཏུ་མ་བླངས།།

ཆུང་འདྲིས་ལོག་ཡོང་དུས་ལ།།

གོས་ཚར་གྱོན་དགོས་བསམ་ཡོད།།


གཤིན་རྗེ་ཆོས་ཀྱི་རྒྱལ་པོས།།

ང་རང་མགྲོན་ཏུ་བོས་ཀྱང་།།

ཕྱིར་ཡོང་མེད་པ་ཤེས་ཏེ།།

སང་དང་གནངས་ལ་བསྣུར་ཡོད།།


དཔལ་ལྡན་ལྷ་མོའི་འཁོར་དུ།།

ལྷ་གཅིག་ཆད་པ་ང་ཡིན།།

ཆུང་འདྲིར་མཇལ་དགོས་བསམ་སྟེ།།

ཉིན་བརྒྱའི་གནང་བ་ཞུས་ཡོད།།


ངང་བ་ཁྱོ་ཤུག་གཉི་ག།

བརྩེ་དགའི་སྣང་བས་བཟི་བ།།

མཚོ་མཐའ་བསྐོར་བའི་བུ་མོའི།།

ཡིད་སེམས་སྨྲེང་རོགས་ཡིན་སོང་།།


རྩི་ཏོག་མགོ་ལྕོག་ལྡེམ་ལྡེམ།།

རླུང་བུའི་རྒྱུ་ཕྱོགས་ཡིན་སོང་།།

ང་གཉིས་འདེགས་འཇོག་མཉམ་པ།།

ལས་ཀྱི་བསོད་ནམས་ཡིན་སོང་།།


ད་ནངས་བསྐོལ་བའི་ཇ་འདི།།

བསྙལ་བའི་ཆང་ལས་ཞིམ་པ།།

ཞག་གསུམ་གྲོགས་ལ་མི་མཆོད།།

ཚེ་ཐུབ་རོགས་ལ་མཆོད་དགོས།།


ལྷ་ཆེན་ཚངས་པ་དཀར་པོས།།

ང་རང་མདུན་མར་བསུས་ཀྱང་།།

ཆུང་འདྲིས་ཞེ་ལ་ཐོགས་པས།།

ལོ་གསུམ་བསྒུག་དགོས་གསུངས་ཡོད།།


མ་ཎི་ཡིག་དྲུག་ཆུ་འཁོར།།

ཆུ་དང་རླུང་གིས་བསྐོར་ཡོད།།

ང་དང་ཆུང་འདྲིས་རོགས་ལོ།།

སྐྱེ་སྔོན་ལས་ཀྱིས་བསྐོར་ཡོད།།


བྱང་གདན་གྲུ་བཞིའི་སྟེང་དུ།།

གཡུ་འབྲུག་ཁྱུང་ཆེན་བྲིས་འདུག།

ང་གཉིས་ཐོད་པའི་ཁ་ཡིག།

མ་བྲིས་རང་གྲུབ་ཡིན་སོང་།།


འདོད་དེ་ལྷ་སའི་ཇོ་ཁང་།།

འབྱོར་བ་སྒྲོལ་མའི་ལྷ་ཁང་།།

རྗེ་བཙུན་སྒྲོལ་མ་དངོས་རེད།།

ལྷ་སའི་ཇོ་དང་གཅིག་རེད།།


དང་པོ་མཉམ་བགྲོད་གནང་ཡོད།།

བར་དུ་ཚིག་མདུད་བརྒྱབ་ཡོད།།

ཚིག་མདུད་མནའ་ཡིས་མནན་ཡོད།།

འགྱུར་ན་ཚེ་སྔོན་ལས་ཡིན།།


གཤིན་རྗེ་ཆོས་ཀྱི་རྒྱལ་པོར།།

ཤ་ལས་གྲུབ་པའི་སེམས་ཡོད།།

དམྱལ་ཁམས་བཅོ་བརྒྱད་རེ་རེར།།

སོ་སོར་མ་བརྒྱུད་ལོས་ཆོག།


སྤྲིན་པར་ཁམས་བདེ་བསྐུར་བ།།

རྣ་བའི་བུ་གར་ཨེ་བྱུང་།།

གློ་སྙིང་གཅིག་ཏུ་བསྡེབས་པ།།

ཡ་ཆུང་སེམས་སུ་ཨེ་འཁོར།།


ཆུ་མོའི་བཞུར་ཕྱོགས་གཅིག་རེད།།

རླུང་བུའི་རྒྱུ་ཕྱོགས་གཅིག་རེད།།

ཨ་རོགས་ཁྱེད་དང་འུ་གཉིས།།

ཁ་ཡིག་འཁོར་ཕྱོགས་གཅིག་རེད།།


སྣང་བ་འཁྲུལ་དང་མ་འཁྲུལ།།

སུ་དང་གང་གིས་མ་ཤོད།།

འཁོར་བའི་སྒོ་ཆེན་གཅིག་ཏུ།།

ང་གཉིས་བཙང་རྒྱུ་བྱས་ཡོད།།


ཚེ་འདིར་ལྷ་ཆོས་བསྒྲུབས་པ།།

ཕྱི་མའི་ལམ་ཡིག་ཡིན་ཡང་།།

བརྩེ་བའི་དབུ་ཁྱུད་བྲི་བར།།

དུངས་པའི་ལམ་ཡིག་མི་དགོས།།


ཨ་ནེ་གོང་མ་རྒྱལ་མོས།།

ང་རང་ཆོས་རར་བཅུག་ཀྱང་།།

ཆུང་འདྲིས་བྱམས་པ་མཐོང་བས།།

རང་སེམས་ཚུལ་ཁྲིམས་ཤོར་སོང་།།


རྩྭ་སྣ་བརྒྱ་དང་བརྒྱད་པོར།།

མི་གནོད་ཁས་ལེན་བྱས་ཀྱང་།།

རྩྭ་མཆོག་གུར་གུམ་མཐོང་བས།།

ཁས་ལེན་གཏིང་ནས་བརྗེད་སོང་།།


བདག་འཛིན་འཁོར་བའི་ལས་དེར།།

བསྙབ་འདོད་བློ་རུ་མེད་ཀྱང་།།

ཆུང་འདྲིས་ཡིད་ལ་འཁོར་བས།།

མ་བསྙབས་རང་དབང་མ་བྱུང་།།


ལུང་བའི་ཕུ་རུ་བཞུགས་ཚེ།།

ཡིག་ཆུང་ཆུ་ལ་སྐུར་ཤོག།

ང་ཡིས་རགས་སྐྱོགས་བསྣམས་ཏེ།།

ལུང་བའི་མདའ་རུ་ཕྱིན་ཡོད།།


འདི་ཕྱི་གཉིས་ལ་ཕན་པ།།

དམ་པའི་ལྷ་ཆོས་ཡིན་ཡང་།།

སེམས་པར་གཤོག་པ་ཐོགས་ཏེ།།

བྱམས་པའི་ཕྱོགས་སུ་འཕུར་སོང་།།


ང་རང་མཚམས་སུ་བསྡད་དེ།།

ཆོས་ཤིག་ཞུ་དགོས་ཡོད་ཀྱང་།།

སེམས་འདི་རི་དྭགས་རྙི་ལས།།

ཐར་བ་དེ་དང་འདྲ་བྱུང་།།


སངས་རྒྱས་སྨན་ལྷའི་ཐང་ག།

ཡག་ཀྱང་བྲིས་པའི་ལྷ་རེད།།

མ་བྲིས་བྱམས་པའི་ཞལ་རས།།

ཡིད་ལ་འཁོར་འཁོར་བྱས་སོང་།།


འཇིག་རྟེན་སྣང་བ་ཟེར་བ།།

དུངས་པའི་མཚོ་ཞིག་ཡིན་འདུག།

ང་དང་ཆུང་འདྲིས་ངེད་གཉིས།།

མཚོ་དེའི་ཉ་ཞིག་ཡིན་སོང་།།


ཟླ་བའི་འོད་གོར་གཅིག་ཏུ།།

གློ་སྙིང་གཅིག་ཏུ་བསྡེབས་པ།།

རྩེད་མོའི་གར་སྟབས་མིན་ཏེ།།

འཇིག་རྟེན་སྣང་བ་ཡིན་སོང་།།


འཁོར་བ་འཁོར་བའི་གྲོང་འདི།།

སྒྱུ་མའི་གྲོང་ཞིག་ཡིན་ཡང་།།

སྒྱུ་མར་ང་གཉིས་མི་མཁས།།

དེ་ལས་གཞན་ཞིག་ཡིན་སོང་།།


འཁོར་བ་འཁོར་ལོའི་ནང་དུ།།

སྐྱིད་མེད་སྲིད་པས་གསུངས་ཀྱང་།།

ཁྱེད་དང་ལན་གཅིག་བགྲོད་པ།།

འཁོར་བའི་སྙིང་བོ་ཡིན་སོང་།།


མར་འདི་དབྱར་ལ་མ་བསོགས།།

བལྟས་ཏེ་སྟོན་ལ་བསོགས་ཡོད།།

སྟོན་མར་མ་མོའི་བྲང་མགོ།

ཁྱེད་ཀྱི་ཇ་ཁར་བསུས་ཡོད།།


འབྲི་མོ་རྒྱ་རྒྱ་རོག་རོག།

གཡང་གི་འཁྱིལ་རོགས་ཡིན་འདུག།

གཡང་ཅན་ཐུལ་དཀར་འབྲི་མོ།།

ཨ་མས་ང་ལ་བགོས་འདུག།


ཤིང་སྟེ་བྲ་མའི་གསེབ་ནས།།

བྱེའུས་གཞས་ཤིག་བཏང་བར།།

ལྕང་སྡོང་གཞས་ལ་སིམ་སྟེ།།

མགོ་ལྕོག་ལྡེམ་ལྡེམ་བྱས་སོང་།།


ཤིང་བཟོ་ཀུན་དགའ་ཡོང་ན།།

སྟར་ཀའི་སྡོང་ཆེན་མ་ཆོད།།

ཡ་གིའི་སྡོང་མགོ་གཅིག་ཏུ།།

ང་གཉིས་འཛོམས་རྒྱུ་བྱས་ཡོད།།


སྡོང་མགོ་གཅིག་གི་བྱ་ཡིན།།

བྱ་ཚང་གཅིག་ཏུ་འཁོར་ཡོད།།

སྡོང་བོས་ཡམ་ཡོམ་མ་གནང་།།

བྱེའུ་ཆུང་ཐུགས་སེམས་དཀྲུག་འགྲོ།


ནགས་ཏེ་ཤིང་གི་གྲོང་རེད།།

ཤིང་སྣ་བརྒྱ་དང་བརྒྱད་ཡོད།།

འདོད་དེ་དཔག་བསམ་ཤིང་ལ།།

ཤིང་བཟོས་མ་བཏང་ཨེ་ཆོག།


རྡོ་རྗེ་མདུད་པ་བཞིན་དུ།།

མ་འགྱུར་བསྒུག་རྒྱུ་བྱུང་ཚེ།།

དམྱལ་བ་ལྟ་བུའི་ལམ་ཞིག།

བརྒྱུད་དགོས་བྱུང་ཡང་ལས་ཡིན།།


ཚེ་རིང་རྣམ་དྲུག་བཞིན་དུ།།

མ་ཤི་ཚེ་དཔལ་འཕེལ་ཚེ།།

ཆུ་རྐྱང་རྩམ་རྐྱང་ཡིན་ཡང་།།

ང་རང་སིམ་སིམ་བགྲོད་ཆོག།


གངས་དང་ཁ་བ་བཞིན་དུ།།

ང་གཉིས་གཤིབ་རྒྱུ་བྱུང་ཚེ།།

ཉི་མས་བཞུས་ན་བཞུས་ཤོག།

བཞུས་ཏེ་གཅིག་ཏུ་འདྲེས་ཆོག།


ཆུང་འདྲིས་འོ་ཇར་སྤྲུལ་ཏེ།།

དཀར་སངས་འབྲུག་མར་འཁོར་ཚེ།།

ང་རང་མར་ལ་ཆས་ཏེ།།

ང་གཉིས་སིམ་པ་ཞུས་ཆོག།


རི་བོ་གྲུ་འཛིན་ཕོ་བྲང་།།

ལས་ཀྱིས་ཁྱེད་ལ་བསྐོས་འདུག།

ཆང་ས་བརྒྱབ་པ་མིན་པས།།

ང་ཡིས་གཡས་བསྐོར་བརྒྱབ་ཆོག།


ཀ་བ་གདུང་མ་གཉི་ག།

ཁང་ཁྱིམ་གཅིག་ཏུ་འཁོར་ཡོད།།

མཐུན་ཚེ་ཕར་མཛེས་ཚུར་མཛེས།།

མ་མཐུན་རང་རང་སོ་སོ།།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།