མཛའ་གཞས་ཀྱི་ལྷག་རོ།(ཁག་གཉིས་པ)

སྟོད་ལ་སྨུག་པ་འཐིབས་པ།།

ཡིད་སེམས་སྨྲེང་བ་ཨེ་ཡིན།།

ཆར་བ་ཟམ་ཟིམ་བབས་པ།།

སྤྱན་ཆབ་བསིལ་བ་ཨེ་ཡིན།།


དྲན་ཚུལ་རི་ལ་བཀུག་ཚེ།།

རི་ཆེན་སྨུག་པས་བཟུང་འདྲ།།

ཁྱེད་རང་རླུང་ལ་སྤྲུལ་ཏེ།།

ང་ཡི་ཕྱོགས་སུ་གཡུག་ཤོག།


ཡ་གིའི་རྫ་རིའི་སྨུག་པ།།

བློ་དཀར་ཅན་གྱིས་བཏང་བས།།

ལག་པས་འཛིན་རྒྱུ་མེད་ཀྱང་།།

ཡིད་ཀྱི་གཏིང་དུ་ཟིམ་ཡོད།།


གསེར་གྱི་བུམ་པའི་ནང་དུ།།

ཚངས་པས་སྒྲུབ་ཆུ་བླུགས་ཡོད།།

ཁམ་གསུམ་བཞེས་རོགས་མཛོད་དང་།།

ཚེ་རིང་འབྱུང་བའི་ཆུ་ཡིན།།


ཆང་འདི་ལོ་དགུར་བསྙལ་བའི།།

ལོ་མང་ཐེབས་པའི་ཆང་ཡིན།།

ཆུང་འདྲིས་ལོག་ཡོང་བསམས་ཏེ།།

མ་འཐུང་ཟུར་དུ་བསྐྱུར་ཡོད།།


ཆང་སྐལ་ཁྱོར་བ་གང་བོ།།

སེམས་ཀྱིས་གཙང་བཞེས་གནོངས་དང་།།

ཟླ་ཚེས་བཟང་བོར་བསྙལ་བའི།།

ལོ་ཆང་ཁམས་པ་དངོས་ཡིན།།


ཆུ་ལ་དར་ཁ་འཐེན་ཡང་།།

ཆུ་མོའི་བཞུར་རྒྱུན་ཆད་མེད།།

ཆུང་འདྲིས་བྱམས་པའི་ཞལ་རས།།

ཆུ་ཐོམ་ཁ་རུ་འཁྲུངས་སོང་།།


མཐོ་རིའི་སྒང་དུ་ཕྱིན་དུས།།

ཕ་གིའི་སྙིང་སྡུག་མཐོང་བྱུང་།།

རི་མདུན་མཚོ་མོ་འཁྱིལ་བས།།

ཀོ་གྲུ་གཏང་ན་བསམས་བྱུང་།།


ཞེ་བློ་དཀར་བའི་རོགས་ལོ།།

གངས་དཀར་སེམས་ཀྱི་དྲོད་རེད།།

སང་དང་གནངས་ལ་འཕྲད་པར།།

རྟ་ལ་སྒ་ཆ་བྱས་ཡོད།།


ཆུང་འདྲིས་འདི་རུ་བྱོན་ཏེ།།

རི་དྭགས་བརྔོན་རྒྱུ་བྱུང་ཚེ།།

ང་རང་བཙུན་མོར་ཆས་ཏེ།།

ཐགས་བལ་ལས་སུ་བྲེལ་ཆོག།


འགྱུར་ཡོང་བསམ་པ་མ་གནང་།།

ཤ་ལས་གྲུབ་པའི་སེམས་ཡོད།།

ལས་ལ་བར་ཆད་མེད་པར།།

སྐྱབས་འཇུག་ལྷ་ལ་ཞུས་ཡོད།།


འཁོར་བ་སྒྱུ་མའི་གྲོང་རེད།།

གཏད་སོ་མེད་པའི་ཡུལ་རེད།།

ཡིན་ཡང་ང་གཉིས་ལས་འདི།།

དེ་ལས་གཞན་ཞིག་ཡིན་སོང་།།


མཚན་མོའི་རྒྱུ་སྐར་ཁྲོད་དུ།།

གློ་སྙིང་གཅིག་ཏུ་བསྡེབས་པ།།

དཀར་གསལ་ཟླ་བ་མ་གཏོགས།།

སུ་དང་གང་གིས་ཤེས་ཡོང་།།


སྟོད་ལ་སྨུག་པ་འཐིབས་པས།།

དམའ་མོའི་གཞུང་དུ་ཕྱིན་ཡོད།།

གཞུང་གི་ཆུ་མོའི་རྒྱུན་ལ།།

ཤིང་ཟམ་ཟམ་པ་འཁྲུངས་འདུག།


དབྱར་ལ་ཆར་ཆུ་ཆེ་ན།།

ཆུ་མགོ་མ་བསྐོར་ལས་ཆོག།

ང་ཡིས་ཆུ་མོའི་གཞུང་དུ།།

ལྕང་མའི་ཟམ་པ་འཕངས་ཡོད།།


ཤིང་ཟམ་ཟམ་པ་རང་གྲུབ།།

ཆུ་མོར་ཞེན་ཏེ་འཁྲུངས་པས།།

དབྱར་ཆུ་ཆེ་ན་ཆེ་ཤོག།།

ཆུ་མགོ་བསྐོར་དོན་མི་འདུག།


ཁྱེད་རང་སེམས་སུ་འགྲོ་འགྲོ།

དྲིན་ཆེན་ཕ་མ་སོང་ཚེ།།

ཚེ་འདིའི་དྲིན་ལན་ཟེར་བ།།

ང་ཡིས་སྔ་ནས་འཇལ་ཚར།།


ཨ་རོགས་ཁྱེད་དང་འུ་གཉིས།།

ལས་ཀྱིས་འཛོམས་པའི་མི་རེད།།

ལུས་པོ་གར་ཕྱིན་ས་རུ།།

སེམས་ཀྱིས་འཁྱེར་སོ་བདེ་བ།།


ཕྲད་ཚེ་ཞེ་བློ་མགུ་བ།།

ཤོར་ཚེ་མིག་ཆུ་མོད་པ།།

བསྐྱུར་འཇོག་བློ་ཡིས་མ་ཐོངས།།

བསྙབ་འདོད་ཡིད་ལ་འཁོར་བ།།


ནགས་ཏེ་ཁ་ཞེང་ཅན་ཡིན།།

འཇོལ་མོ་ནགས་སྲུང་བྱ་ཡིན།།

ཁུ་ལོས་ནགས་རི་བརྒྱུད་དང་།།

དབྱར་དགུན་མེད་པའི་བྱ་ཡིན།།


ཁྱེད་ནི་ལྷ་ཤིང་ཤུག་པ།།

ང་ནི་གསོམ་པའི་ལྗོན་ཤིང་།།

ནགས་ལུང་གཅིག་ཏུ་མེད་ཀྱང་།།

མདངས་མདོག་གཅིག་ཏུ་འཁོར་ཡོད།།


ཚར་དཀར་གོང་བའི་ཁ་ནས།།

མཉན་འདོད་ཚིག་གི་མདུད་པ།།

ཐེངས་གསུམ་གྲོལ་རྒྱུ་བྱུང་ན།།

ལ་གསུམ་གོམ་པས་འཇལ་ཆོག།


ལན་གཅིག་མཇལ་བའི་དུས་ལ།།

ག་ཙམ་ཞུ་དགོས་མ་ཤེས།།

སྤྱན་ཆབ་སེམས་སུ་བབས་པས།།

སེམས་ཀྱི་རུས་པ་བཞུས་སོང་།།


དུས་ལ་སྔ་འཕྱི་ཤོར་བས།།

གཞན་གྱི་མདུན་མར་ཆས་སོང་།།

ལས་ལ་ལེ་འདེད་མི་གནང་།།

ལས་ཀྱིས་བསྐོས་པ་ཡིན་སོང་།།


དུངས་པའི་བཙན་རྫོང་མཁར་དེ།།

ཆར་ཆུས་བཤིག་རྒྱུ་བྱུང་ཚེ།།

ཤ་ཟད་རུས་ཟད་མི་བྱེད།།

ལས་ཀྱིས་བསྐོས་པ་ཡིན་སོང་།།


ཚེ་འདིར་རྨོན་མཛོ་གཤིབ་གཤིབ།།

ང་གཉིས་ལས་ལ་མེད་ཀྱང་།།

ལན་གཅིག་མཇལ་བའི་ལས་སྐལ།།

འཁོར་བའི་སྙིང་བོ་ཡིན་སོང་།།


ཁམ་སྡོང་མཐོན་པོའི་ཤིང་ཏོག།

ལག་པས་བསྙབས་རྒྱུ་དཀའ་ཡང་།།

རྒྱང་ཐག་རིང་ནས་བསྐོར་དུས།།

མ་ཟས་མིག་ལ་མཛེས་པ།།


ད་རེས་ལས་འཕྲོ་ཟད་ཀྱང་།།

སེམས་ཀྱི་འབྲེལ་ཐག་ཆད་མེད།།

སེམས་པར་གཤོག་པ་བཙུགས་ཏེ།།

ཁྱེད་ཀྱི་མཁའ་རུ་ལྡིང་ཆོག།


ཚེ་འདིར་ལས་འཕྲོ་མེད་པ།།

ལས་ཀྱི་སྔོན་ལས་ཡིན་སོང་།།

ཁྱེད་དང་ལན་གཅིག་བགྲོད་པ།།

ཚེ་འདིའི་སྙིང་བོ་ཡིན་སོང་།།


ད་རེས་ཁྱེད་དང་ལྷན་དུ།།

ཚེ་ལོ་བསྐྱལ་ན་བསམས་ཀྱང་།།

འུ་གཉིས་ཐོད་པའི་ཁ་ཡིག།

འཁོར་ཕྱོགས་གཞན་ཞིག་ཡིན་འདུག།


སང་དང་གནངས་ལ་འགྲོ་ན།།

འགྱོད་སེམས་ང་ལ་མི་འདུག།

ང་ཡི་དྲན་པའི་གཙང་བོར།།

དང་མ་ཁྱེད་རང་བགྲོད་མྱོང་།།


ལས་ཀྱིས་བསྐོས་པ་འདི་ཉིད།།

ཟློག་ཐབས་མེད་པ་ཁྲིམས་རེད།།

སེམས་པར་རྐང་བ་ཡོད་ན།།

ཕར་འགྲོ་ཚུར་འོང་གནང་ཆོག།


ལན་གཅིག་འཛོམས་པའི་མཐའ་ལ།།

གཏན་བྲལ་མེད་ན་བསམས་ཀྱང་།།

མཚན་དེ་ངང་ཐུང་ཡིན་པས།།

ང་གཉིས་རང་སོར་དེད་སོང་།།


བྱ་ལ་དགོས་པ་ཚང་ཡིན།།

དེ་ལ་ཡམ་ཡོམ་མི་གཏོང་།།

ང་ནི་ཞག་གསུམ་མགྲོན་པོ།།

གར་འཕུར་མེད་པའི་བྱ་ཡིན།།


ང་རང་སྤང་དུ་བབས་པའི།།

ཧ་ཅང་འཕྱི་བའི་ཁ་བ།།

ལན་གཅིག་སྤང་ལ་འཁྱུད་པ།།

བདེ་བ་གཞན་ཞིག་ཡིན་སོང་།།


གཞི་ཁྱིམ་གཅིག་ཏུ་འཁོར་ཏེ།།

མཉམ་དུ་བགྲོད་ལོང་མེད་ཀྱང་།།

ཡིད་ཀྱི་དྲན་པའི་ངོས་སུ།།

རྟག་ཏུ་འཁོར་བ་ཁྱེད་ཡིན།།


ཁྱེད་ཀྱི་གཟིམ་ཁང་ནང་དུ།།

ལམ་ལམ་འཚེར་བའི་སྐར་ཆེན།།

ཁྱེད་ཀྱིས་ང་ཡིན་སོམས་དང་།།

ང་ཡི ཕྲ་ཆུང་མིག་ཡིན།།


མཚོ་ལ་དར་ཁ་འགྲིག་ཀྱང་།།

ང་ཡིས་ཕྱིར་བསྐོར་བརྒྱབ་ཆོག།

སང་ལོ་དཔྱིད་ཟླ་སླེབས་དུས།།

མཚོ་མཐའ་བསྐོར་ཏེ་མཇལ་ཡོང་།།


ཡར་འཁོར་ལྷ་དང་བླ་མར།།

སྐྱབས་འཇུག་སྙིང་ནས་ཞུས་ཡོད།།

མ་ཤི་ཚེ་རིང་བྱུང་ན།།

ཁྱེད་ལ་གཡས་བསྐོར་བརྒྱབ་ཆོག།


ལས་འཕྲོའི་དར་དཀར་མདུད་པ།།

མི་གཅོད་ཕྱི་མར་བཅོལ་ཆོག།

སྐྱེ་བ་ཕྱི་མའི་ལས་ལ།།

ངས་ཀྱང་སྨོན་ལམ་བརྒྱབ་ཡོད།།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།