ཀྲུང་གོ་བོད་ཀྱི་དྲ་བ།

གྲོལ་གྱི་སྙན་རྩོམ་གཅེས་བཏུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-06-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

        20.jpg

        གྲོལ། དངོས་མིང་ལ་རྡོ་རྗེ་འཇིགས་བྱེད་ཟེར་ཞིང་།  དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བར་ཁྲི་ཀའི་ཤར་ཕྱོགས་སྲིན་པོ་རྫ་རིའི་འདབས་རོལ་འཕྲང་དམར་འགག་བཟའ་སྡེ་བར་སྐྱེས།  ༢༠༠༩ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོར་འགྲིམས་ཤིང་།  ༢༠༡༣ལོའི་སྟོན་མཇུག་ཏུ་བོད་ལྗོངས་སློབ་གྲྭ་ཆེན་མོའི་རིག་གཞུང་སློབ་གླིང་དུ་བོད་ཀྱི་རྩོམ་རིག་ཆེད་དམིགས་ཀྱི་ཕྱོགས་ལ་སློབ་གཉེར་བྱས་ཤིང་ཞོར་དུ་རྩོམ་འབྲིའི་ལས་ལ་ཞུགས། ༢༠༡༦ལོའི་ཟླ་དྲུག་པར་བོད་སྐད་ཡིག་རྩོམ་རིག་གི་རབ་འབྱམས་པའི་མཚན་རྟགས་བླངས། ད་ལྟ་མཚོ་ལྷོ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་གཉིས་པར་དགེ་རྒན་གྱི་ལས་ཀ་བྱེད་མུས་སུ་མཆིས། རྩོམ་རིག་ནི་མིའི་རིགས་ཀྱི་བླ་སྲོག་གསོ་བའི་རྨད་བྱུང་གི་རིལ་བུ་ཞིག་ཏུ་ངོས་འཛིན་པས་ཁོ་བོ་ནི་དེ་ཉིད་བཙོ་སྦྱོང་གི་ལས་བགྱི་མཁན་ཞིག་ལ་སྨོན་བཞིན་ཡོད་དོ། ། 

 དཔྱིད་ཀ   

དཔྱིད་ཀ་ནི་ཁ་དོག་ཅིག་རེད
ཁ་དོག་དེའི་མིང་ལ་ལྗང་ཁུ་ཟེར
དེ་ནི་ཡིག་འབྲུ་ལྟ་བུའི་ལྗང་ཁུ་ཞིག་མ་ཡིན་ཏེ
མདངས་དང་ལྡན་པའི་ཚོས་སྣ་ཞིག་རེད
ཚོས་སྣ་དེས་འཇིག་རྟེན་གྱི་ཡོད་ཚད་ལྗང་མདོག་ཏུ་བསྒྱུར
ཐ་ན་མི་སེམས་ལའང་ལྗང་མདོག་གི་ཁ་དོག་སྤྲོས་ཡོང

དཔྱིད་ཀ་ནི་དྲོད་ཁོལ་ཞིག་རེད
ཡུན་རིང་ཞིག་ལ་མྱང་མ་མྱོང་བའི་དྲོད་ཁོལ་ཞིག
གྲང་འཁྱག་དང་ལྟོགས་སྐོམ་གྲངས་མེད་ཀྱི་རྗེས་ནས
དྲོད་ཁོལ་ཡིན་པ་ཚོར་བའི་སེམས་ཀྱི་དྲོད་ཁོལ་ཏེ
དྲོད་འཇམ་གྱི་རེག་བྱ་དེ་ཡིན་ལ
སེམས་ལྡན་ཀུན་གྱིས་འདས་སོང་གི་ལོ་ཟླར་རེག་མ་མྱོང་ཞིང
འབྱུང་འགྱུར་ཡང་རེག་ཏུ་མི་བཏུབ་པ་ཞིག

དཔྱིད་ཀ་ནི་རེ་སྒུག་ཅིག་སྟེ
ལོ་ཟླའི་འཁོར་མོ་ཡུག་ཏུ
རྒྱང་རིང་ལ་བལྟ་བའི་མིག་ཟུང་གི་ནང་ལ་བསྙལ་ཡོད
དམར་ཆུང་གི་སེམས་ལ་བསྐངས་ཡོད
འབྱུང་བཞིའི་ཚ་གྲང་ལ་འཐབ་པའི་ཉིན་མཚན་དག་ཏུ
རྡུལ་གྱིས་མནན་པའི་ལོ་རྒྱུས་ཀྱི་གླེགས་བམ་སྔོག་ནས
གཡའ་ཡིས་ཟིན་པའི་ཁ་སང་གི་གསེར་བུམ་འཆང་ནས
ནམ་ཞིག་ལ་ཅི་ཞིག་སླེབས་འོང་པའི་སེམས་འགྱུ་ཤིན་ཏུ་དྲག

དཔྱིད་མགོའི་ཁ་བ།

དགུན་གཞུང་རིང་མོ་ཞིག་ལ
གྲང་རེག་གི་མངལ་དུ་སྦྲུམ་པའི་ཁ་བ
དཔྱིད་ཀྱི་དུས་མགོ་འདི་ལ
ཨུ་ཚིགས་ཀྱིས       གློ་བུར་གྱིས     
ལྷབ་ལྷུབ་དུ་ཤེད་ཀྱིས་བབས་བྱུང

ལྕང་མའི་ཡལ་ག་དང་སྡོང་མགོའི་བྱ་ཚང
གྲམ་གཞུང་གི་ཆབ་རོམ་དང་རི་བོའི་ཟོམ
ཕྱི་རའི་གྱང་ངོས་དང་ལམ་གྱི་གཞུང་ཐིག
ཁྱོད་ཀྱིས་ཡུན་རིང་དྲན་དྲགས་པའི་འཇིག་རྟེན་འདིའི་ཡོད་ཚད
པང་དུ་བླངས་ཤིང་རུམ་དུ་གཅུད

རུས་རྐང་སྐགས་པའི་གྲང་རེག་ལྡང་ཡང
བདག་གི་ཞེ་ནི་དྲོད་ལམ་ལམ་དུ་སྣང

སེམས་ཀྱི་བྱང་ཐང་དཀར་སོབ་སོབ་ཏུ
རེ་སྒུག་གི་འཇིག་རྟེན་མངོན་དུ་བསྐྲུན་པས
ཁ་བའི་གསེབ་ཏུ་རྗེས་རིས་གསལ་བའི་ཆུ་ཕྲན་བཞིན
བདག་གི་རྣམས་ཤེས་ལ་བྱབས་ཁྲུས་ཐེངས་ཤིག་བྱས་སོང

དཔྱིད་མགོའི་ཁ་བ་འདིས
མི་རྣམས་ལ་དྲན་པ་བསླང་སྲིད
རྒྱང་རིང་དྲན་པའི ཁ་སང་དྲན་པའི སྙན་ངག་དྲན་པའི
བློས་བསླངས་དང་རྟོགས་བཏགས་ཀྱི་འདབ་མ་ད་དུང་འབབ་ཀྱིན་འདུག

སྲབ་ཅིང་མཐུག་པའི་ཁ་བས
གྲོང་ཁྱེར་གྱི་འུར་ཟིང་འཇགས་སོང
འུར་ཟིང་ལ་གོམས་པའི་མི་རྣམས་ཀྱིས་ཅི་ཞིག་བྱ
རི་གྲོང་གི་ལྷིང་འཇགས་དཀྲོགས་སོང
རིང་གྲོང་གི་མི་རྣམས་ལ་རེ་བ་བསྩལ་བྱུང

སང་ཉིན་ནས་བཟུང་དཔྱིད་རླུང་ལྡང་ཡོང་ངེས
མི་རྣམས་རེ་བའི་ས་བོན་གདབ་པར་བྲེལ་ཡོང་ངེས
ངས་ཀྱང
རང་ཉིད་ཁ་བའི་གཏིང་དུ་བཏབ་ནས
སྟོན་ལྗོངས་ཀྱི་འབྲས་བཟང་ལ་རེ་བར་བྱེད 

༢༠༡༧-༢-༢༢

 
 
ཁྱོད་ཀྱི་རྨི་ལམ་ལ་གཤོག་པ་ཐོགས་ངེས།

༼མཐོ་གསུམ་གྱི་མཐར་ཕྱིན་སློབ་བུ་རྣམས་ལ།༽

                
དུས་ཚོད་ཀྱིས་བདས་པའི་ལོ་ཟླའི་གཙང་བོས
བལྟས་བལྟས་རིག་རིག་ལ་ཁྱོད་ཀྱི་མིག་མདུན་ནས
མི་ལོ་གསུམ་དང་ཡང་ན་མི་ལོ་དྲུག  
ཡང་ན་དེ་ལས་རིང་བའི་མི་ལོ་དུ་མ་ཞིག་དེད་ནས་ཕྱིན་སོང
 
རེ་སྒུག་དང་སྟོང་བསམ་གྱི་ཕོན་པོའི་ཚོགས
རེ་ཆད་དང་འཁང་རའི་ཕུང་བོ་དག
རང་དབང་དང་བསམ་དབང་མེད་པར
ཁྱོད་དང་ཉེ་བར་བཅར་ཞིང་རྒྱང་དུ་བྱེར
 
ཁྱོད་ནི་རྨི་ལམ་འཚོལ་མཁན་དེ་ཡིན་ཕྱིར
སྐྱོ་གདུང་གིས་བསྟིབས་མྱོང་བའི་ཁ་སང་དང་དེའི་སྔ་རོལ་ཏུ
གོམ་ཁ་འཁྱོར་ཞིང་ངུ་ངག་འཆོར་མྱོང་ལ
སྤྲོ་སྣང་གིས་མྱོས་མྱོང་བའི་ན་ནིང་དང་དེའི་སྔ་རོལ་ཏུ
འཛུམ་མདངས་སློད་ཅིང་དགོད་སྒྲ་ཤོར་མྱོང
དེ་དག་ནི་ཁྱོད་ཀྱི་ཕྱིར་དྲན་གྱི་མྱ་ངན་ཐང་དུ་བཏབ་པའི་ལྗང་མདོག་གི་ལྗོན་ཤིང་རྐང་གཅིག་ཡིན
 
མར་འགྱེལ་པའི་གནས་སུ་མྱུར་སྟབས་ཀྱིས་ཡར་ལངས་ཤིང
རྗེར་ལུས་པའི་ཡུལ་དུ་མཆོངས་ལྡིང་གིས་མདུན་ལ་སྙེག་པ
ལང་ཚོའི་གསོན་ཤུགས་དང་སྐྱེས་སྟོབས་ཀྱི་གཟི་དཔལ་དུ་སྙེམས་སྟེ
རེ་བ་དང་ཡིད་ཆེས    སྙིང་སྟོབས་དང་བློ་གྲོས
ཁྱོད་ལ་ཅི་ཡང་ཡོད་ལ་ཅི་ཡང་ཡོད་འོས
 
དེ་རིང་ནས་བཟུང
ཁྱོད་ནི་གཟེབ་ནས་ཀློད་པའི་བྱིའུ་ཆུང་ཞིག་ཡིན
ཁྱོད་ཀྱིས་ཀྱང་དེ་ལྟར་སེམས་བཞིན་ཡོད
འོན་ཀྱང་འཇིག་རྟེན་ནི་མཐའ་དང་བྲལ་བས
ཁྱོད་ཀྱི་མགོ་ཐོག་ན་ད་དུང་གནམ་ཡོད
ཁྱོད་ཀྱི་རྐང་འོག་ན་ད་དུང་ས་ཡོད
གནམ་སའི་བར་མཚམས་ནས་རང་ཉིད་ཀྱི་རྨི་ལམ་མ་བརྗེད
 
ཆིག་རྐྱང་གི་རྨི་ལམ་ཉི་ཚེ་བ་དེ
ཁྱོད་ཀྱི་ནམ་མཁར་འཇའ་ཚོན་བཞིན་དུ་ཤར་དང་མི་ཤར
ཁྱོད་ཀྱི་ཁ་སང་གིས་ལས་འབྲས་ཆུད་མི་ཟ་བར་མངོན་དུ་འགྱུར་བས
རེ་འབྲས་དོན་དུ་སྨིན་པར་ཤོག
འོན་ཏེ    དེ་ལྟར་མིན་ནའང
ཁྱོད་ཀྱི་ནམ་མཁའ་བརྡིབས་སོང་བ་མིན་པས
ཁྱོད་རང་རྨི་ལམ་གྱི་ནམ་མཁའ་གཞན་ཞིག་ལ་འཕུར་ཡང་ཆོག་པ་ཡིན
 
དགུང་ཨ་སྔོན་བང་རིམ་དགུ་བརྩེགས་ཡིན
ནམ་འཕངས་སྟོད་དང
ཁྱོད་ཀྱི་རྨི་ལམ་ལ་གཤོག་པ་ཐོགས་ངེས

༢༠༡༧-༥-༢༦


             སྐྱེལ་མ།   

ཉི་འོད་ཀྱི་སོ་ཁ་རབ་ཏུ་རྣོ་ཡང
ཉི་རྩེ་ཡི་ཐིགས་པ་ས་ངོས་སུ་ཕོག་མེད
ཞོགས་པ་འདིར
ངས་ཁྱེད་རང་སྐྱེལ་མ་བྱས་པ་ཡིན

ཞོགས་པ་འདིའི་གྲང་ངར
ད་ལོར་བབས་མ་མྱོང་བའི་ཁ་བ་བཞིན   
ཡུན་རིང་ཡུན་རིང་ཞིག་ལ་ངས་སེམས་ཀྱིས་རྔུབ་མ་མྱོང
ཤ་གསེང་རུས་གསེང་ལ་འཐིམས་མ་མྱོང
ངའི་གོམ་ཁ་ཁྱེད་ཀྱི་རྡོག་ཁྲེས་བཞིན་ཤིན་ཏུ་ལྕི
གདོང་གི་འཛུམ་མདངས་དེའང
ནམ་རྒྱུན་སློབ་ར་འདིའི་མཁའ་དབྱིངས་སུ་འཐིབས་པའི་དུད་སྨུག་བཞིན་སྟུག་ཅིང་གནག

ངས་ཁྱེད་ལ་སྐྱེལ་མ་བྱ་དགོས་བྱུང
རང་ཉིད་ཀྱི་འཐུས་ཤོར་དེའི་འགྱོད་བཤགས་ཐེངས་ཤིག་གི་ཚབ་ཏུ
མི་ཚེ་ཡི་སྐྱེལ་མ་དང་པོའི་ལས་དེ་བསྒྲུབ་དགོས་སོང
ངས་སང་ཉིན་གྱི་ཁྱེད་རང་ལ་ཡང་ལམ་སྣེ་ཞིག་སྟོན་བསམས་སོང

ངའི་རྒྱུད་དུ་སེམས་གཏམ་ཡིན་པ་དེ
ཁྱེད་ཀྱི་སྣང་ངོར་སེམས་གཏམ་ཡིན་མིན་ཅི་ཆ
ཤོད་འདོད་པ་དག
མཁའ་དབུགས་འདིས་སྐག་པར་བྱས་སོང
སྟོན་འདོད་པ་དག
བར་ཐག་གིས་འགག་པར་བྱས་སོང
མལ་ཁང་དང་སྒོ་ཆེན་གྱི་བར་ཐག་དེའང
ཅི་འདྲའི་ཐུང་བ་ལའང
སྒོ་ཆེན་དང་གཞུང་ལས་ཁང་གི་བར་ཐག་ནི་དེ་ལས་ལྡོག་པའོ

ད་ནི་ཁྱེད་རང་ཡུལ་ལ་ལྡོག་སོང
ཕྱིར་ལྡོག་མེད་པའི་ལམ་དེར་ཞུགས་སོང
ནག་ཉེས་གང་མང་ཞིག་ངེད་གཉིས་ཀྱིས་མཉམ་འཁུར་བྱ་འོས
སང་ཉིན་ཁྱེད་རང་མུ་མཐུད་དུ་ལམ་ཆ་ཆས་ཤོག
སང་ཉིན་གྱི་སང་ཉིན་ད་དུང་མུ་མཐུད་དུ་ཆས་རོགས

༢༠༡༦-༡༢-༡༨

 སློབ་གྲྭ        གྲུ་བཞི།   

སློབ་གྲྭ་ནི་ར་སྐོར་གྲུ་བཞི་ཞིག་རེད
གྲུ་ག་བཞི་ལས་ལྔ་ལ་འདར་དུ་མེད

དེ་རུ་ཡོད་ཚད་གྲུ་བཞི་རེད
ཐོག་ཁང་གྲུ་བཞི
གཞུང་ལས་ཁང་གྲུ་བཞི
རྩིགས་ངོས་སུ་སྦྱར་བའི་རྫ་དཀར་གྲུ་བཞི
ས་ངོས་སུ་བཏིང་བའི་པང་གཅལ་གྲུ་བཞི
ཐ་ན  རྩྭ་དང་སྡོང་བོ་འཛུགས་སའི་ས་དོང་འང་གྲུ་བཞི་རེད

སློབ་ཁང་གྲུ་བཞི
སྒོ་དང་སྒེའུ་ཁུང་གྲུ་བཞི

ཁྲིད་སྟེགས་དང་སྒོ་སམ་གྲུ་བཞིའི་མདུན་དུ
དགེ་རྒན'གཅིག'ཡོད    གྲུ་བཞི
སྒྲོག་ཙེ་དང་སྐུབ་སྟེགས་གྲུ་བཞིའི་སྟེང་དུ
སློབ་མའང'གཅིག'ཡོད    གྲུ་བཞི

༢༠༡༦-༡༡- ༢༣

    ཉི་ཟླ་ཉག་ཁ་བརྒྱུད་དུས། 

ཉི་ཟླ་ཉག་ཁ་བརྒྱུད་དུས
གྲང་ངར་དང་ལྷགས་རླུང་རྐྱ་འཐབ་ནས་ལྡང་བ་ལས
བདག་གིས་ཉི་ཟླའི་ཡིད་དབང་འགུག་པའི་མཛེས་ལྗོངས་མ་མཐོང
ཡིན་ཡང
འཇག་སྐྱའི་ཤུགས་གླུའི་གསེང་དུ
མི་སེམས་འགུག་པའི་གཏམ་རྒྱུད་ཅིག་ཐོས་བྱུང
 
དྲོད་ཡལ་བའི་ཉི་འོད་འཁྱམས་པོ་དེའི་འོག་ཏུ
བཞུ་མ་ཐུབ་པའི་ཁ་བའི་འདབ་མའི་ཚོགས
སུ་ཞིག་གི་འཁྱག་རེངས་སུ་གྱུར་བའི་སེམས་ངལ་ཡིན་ནམ
ཆགས་གྲུམ་ཤོར་བའི་མེ་ལོང་དག
ད་ལྟ་གང་དུ་འཚོལ
 
བརྗེད་པར་དཀའ་བའི་ལོ་རྒྱུས་ཀྱི་དྲན་ཤིང
ཉི་ཟླའི་གཙུག་ན་ཀྲོང་ངེར་འགྱིང་ཡང
ན་ཟུག་མ་འཇགས་པའི་བདག་གི་སྨོན་འདུན
དེ་ཡི་མགུལ་ན་དར་ལྕོག་བཞིན་ལྷབ་ལྷུབ་ཏུ་སྐྱོམས
 
ཉི་ཟླ་ཉག་ཁ་བརྒྱུད་དུས
ངས་ཕྱིར་མིག་ཤོར་བའི་མིག་གི་རྒྱལ་མོ་ཞིག་མཐོང་བྱུང
ཐེག་པར་དཀའ་བའི་ཁུར་བོ་འཁུར་བའི
བཟློག་པར་དཀའ་བའི་བཀའ་བབས་བཙན་པའི
ཉམ་ཐག་པའི་མི་མོ་ཕལ་བ་ཞིག་གི་མིག་ཀོང་ནས
འོད་ཀྲིག་གེར་འཁྱིལ་བའི་མིག་ཆུའི་རྡོག་པོ་ཞིག
 
ཉི་ཟླ་འདི་གདོད་མ་ནས་དཀྱོགས་མཚམས་ཤིག་རེད
གནས་འདི་ནས
ངས་ཕ་ཡུལ་ལ་ཕྱིར་མིག་ཡང་ཡང་བལྟས
ངས་ལོ་རྒྱུས་ལ་ཕྱིར་དྲན་ཡང་ཡང་བྱས

༢༠༡༧-༢-༢༨

བྱང་ཆུབ་ལོ་མ་ས་རུ་ཟགས་པའི་སྐུ་འབུམ།


སྐྱེས་ཆེན་གང་ཞིག་གི་ལྟེ་ཕྲག་འཕོ་མྱོང་བའི་གནས་དེར
ལྷ་སྒྲུང་ལྟ་བུའི་མངོན་སུམ་གྱི་ལྟད་མོ
ཡབ་མེས་སུས་ཀྱང་བརྗེད་ག་ལ་མྱོང
དད་པའི་སྤུ་ལོང་གཡོ་བ
ངག་ཏུ་གསོལ་འདེབས་ཡང་ཡང་བཟློས་བ་ཙམ་གྱིས་ཀྱང་ག་ལ་ཡིན
 
དད་འདུན་སེམས་ལ་ཉར་ནས
གུས་ཕྱག་ལན་གསུམ་འབུལ་བསམས་ཀྱང
མི་ཚོགས་ཀྱི་རྐང་པ་འཇོག་ས་དཀོན་པའི་འཚང་ཁའི་གསེང་ན
ང་ལ་དཔྲལ་བ་ས་རུ་གཏུགས་ས་ཞིག་གང་དུ་མཆིས
 
མུ་ཏིག་གི་རྡོག་པོ་ལྟ་བུའི་མཆོད་རྟེན་དེ་དག་ལ
སྔར་བཞིན་གསོན་ཉམས་དང་བཀྲག་མདངས་ཀྱིས་ཁེངས་མོད
གྲོང་ཁྱེར་གྱི་འུར་ཟིང
ཕྱི་ཡི་ལྕགས་རི་དེ་ཙམ་གྱིས་ཁོག་པའི་གདེང་ཚོད་སུ་ལ་མཆིས
 
སྐོར་ལམ་དོགས་པོ་ན
ཉི་འོད་དྲོ་ལ་གྲང་ངར་དེ་བས་རྣོ
རུས་རྐང་སྐག་པའི་ཚོར་བ
ཞུ་མ་ཐུབ་པའི་ཁ་བ་ལས་སྲ་མཁྲེགས་སུ་གྱུར
 
བྱང་ཆུབ་ཤིང་གི་ཡལ་ག་སྐམ་ཚར་ལ
ལོ་མའང་སྔ་མོ་ནས་ས་རུ་ཟགས་པས
ཕྱིར་ཡལ་གར་འབྱར་བའི་སྔར་མེད་ཀྱི་གཏམ་རྒྱུད
སྲིད་པའི་ཁམས་སུ་ཡང་ག་ལ་སྲིད

༢༠༡༧-༢-༡༢ཉིན་སྐུ་འབུམ་དུ།

 
 མིག 


ཁྱོད་ལ་མིག་ཅིག་ཡོད་ལ
ངལའང་མིག་ཅིག་ཡོད
ང་ཚོ་ཚང་མར་མིག་ཡོད་པ་མིག་གིས་མཐོང
ང་ཚོ་ཚང་མར་མིག་མེད་པ་མིག་གིས་མི་མཐོང
 
གཟུགས་འཛིན་གྱི་ནུས་པ་ཡོད་པ་དེ་ལ་མིག་ཟེར
མིག་ཡོད་ཀྱང་གཟུགས་འཛིན་མི་ཐུབ་པ་ལ་ལོངས་བ་ཟེར
མིག་གིས་མཐོང་བ་ནི་ཕྱི་ཡི་རི་མོ་ཙམ
མིག་གིས་མཐོང་བ་ལ་ནང་གི་སྙིང་པོའང་ཡོད
 
གདོང་ལ་མིག་མེད་ན་མཛེས་པ་ཆག་འགྲོ
མི་ལ་མིག་མེད་ན་ལེགས་ཉེས་ལ་རྨོངས་འགྲོ
 
མིག་ནི་དགའ་སྐྱོའི་འགྱུར་ཁུགས་ཀྱི་མཆི་མའི་རྫིང་ཆུང
མིག་ནི་སྐྱིད་སྡུག་རེས་མོས་ཀྱི་འོད་ཀྱི་རྐོང་བུ
མིག་ནི་སེམས་པའི་སྒྲོམ་གཞིའི་གཞོགས་ཀྱི་མེ་ལོང
མིག་ནི་སྡང་བའི་མེ་ལྕེ་འཕྱུར་བའི་ཁུང་བུ
ཁྱོད་ཀྱི་མིག་ན་ཁྱོད་ཀྱི་ཡོད་ཚད་གསལ
ང་ཡི་མིག་ན་ང་ཡི་ཡོད་ཚད་འཆར
 
མིག་ལ
ཞེ་སྡང་གི་མིག    འདོད་ཆགས་ཀྱི་མིག   གཏི་མུག་གི་མིག
ཕུང་དང་ཁམས་འཁྲིགས་པའི་གྱོད་ཀྱི་གཞི་མ
རང་དང་གཞན་འཕུང་བའི་འགལ་འདུའི་བྱེད་པོ
འཕྲལ་དང་ཕུགས་འཆོལ་བའི་འཐོམ་སྦྲིད་ཀྱི་གཏེ་བོ
མིག་ལ
ད་དུང   གཡོ་ཟོལ་གྱི་མིག   ཚུལ་འཆོས་ཀྱི་མིག   ཐེ་ཚོམ་གྱི་མིག
བདེན་པའི་ཆོས་ཉིད་བསྒྲིབས་པར་བྱེད་པའི་མིག
ཕས་ཀྱི་རྒོལ་བ་བཟློག་པར་བྱེད་པའི་མིག
 
སྣང་མུན་གཉིས་ཀྱི་དབྱེ་མཚམས་འབྱེད་པའི་སྐྱ་རེངས
ལེགས་ཉེས་གཉིས་ཀྱི་ངོ་བོ་འབྱེད་པའི་ཚད་ཤིང
དགེ་སྡིག་གཉིས་ཀྱི་དཀར་ནག་འབྱེད་པའི་ཆོས་རྒྱལ
མིག་ཡོད་ན   ཁྱོད་རང་སྐྲག་མི་དགོས
མུན་ནག་ལ་སྐྲག་མི་དགོས
གདམ་ཀ་ལ་སྐྲག་མི་དགོས
བསླུ་བྲིད་ལ་སྐྲག་མི་དགོས
འཚོ་གནས་ལ་སྐྲག་མི་དགོས
ཁྱོད་ཀྱིས་བླང་དོར་ཚུལ་བཞིན་བྱས་ཆོག
སྤང་བླང་ལུགས་བཞིན་བྱས་ཆོག
 
ཀྱེ   མིག་ལ་གཅེས་སྤྲས་མཛོད་དང་མིག་ལྡན་དག
ཀྱེ  མིག་ལ་བྱི་དོར་བྱོས་དང་མིག་ལྡན་ཚོ
 
ཁྱོད་ལ་ཤ་གཟུགས་ཀྱི་མིག་ཅིག་ཤིན་ཏུ་མཁོ
དེ་བས་ཀྱང་རྣམ་དཔྱོད་ཀྱི་མིག་ཅིག
ཤེས་རབ་ཀྱི་མིག་ཅིག
མདོར་ན་མིག་ལས་ལྷག་པའི་མིག་ཅིག

༢༠༡༦-༡༠-༢༧

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།