རྒན་ལ་སྐུར་བའི་འཕྲིན། 

རྒས་དུས་རང་གི་བྱིས་དུས་ཡིད་ཀྱི་གཞུང་གི་དྲན་ཤིང་ཡིན།།

རྨི་ལམ་འདྲ་བའི་མི་ཚེ་རྫོགས་ལ་ཡོད་པའི་དྲན་ཤེས་དེས།།

གཞོན་ནུའི་ཚོགས་ལ་མི་ཚེའི་ལོ་རྒྱུས་མ་གསང་བཤད་ན་ལེགས།། 

ཚེ་རབས་གཅིག་གི་སྐྱིད་སྡུག་མ་གསང་དྲང་མོ་བཤད་ན་བཟང་།། 


ཟློས་གར་ལྟ་བུའི་མི་ཚེ་གཅིག་གི་རི་མོ་ཡག་མིན་དེ།།

རང་གི་བྲང་ན་ལོ་རྒྱུས་མེ་ལོང་བཞིན་ཏུ་གསལ་བོ་ཡིན།།

ཆུང་ཆུང་དུས་ཀྱི་རྨི་ལམ་འདྲ་བས་འཚོ་བའི་ཕྱི་ནང་སྟེ།། 

མི་རབས་ཞིག་གི་སྣེ་ཁྲིད་ཡིན་པ་ཨེ་ཤེས་རྒན་པོ་ཚོ།། 


དབྱར་གྱི་སྤང་ཐང་འདྲ་བའི་མཛེས་སྡུག་ཡོད་དུས་སྣང་བ་དེ།། 

སྟོན་གྱི་བ་མོའི་བཅོམ་འདྲའི་རྒས་ཁོག་སྒམ་པོར་ཆགས་དུས་སུ།།

རང་ལམ་ནོར་སོང་བསམ་ནས་འགྱོད་པ་ལན་རེ་སྐྱེ་མྱོང་ངམ།།

ལག་ན་འཁོར་ལོ་མེད་པའི་རྒན་པོ་གྲོང་ལ་འཆམ་སོང་ངམ།།


མི་རབས་གཅིག་གི་གཏམ་རྒྱུད་ལེགས་མིན་རྒན་པོས་ཤེས་མིན་དང་།།

ཚེ་རབས་གཅིག་གི་དགེ་སྡུག་གཞན་གྱིས་མི་མཁྱེན་རང་ལ་གསལ།། 

དེའི་ཕྱིར་དགེ་བའི་ལས་ལ་འབད་པ་རྒྱུན་པའི་རྒད་པོ་ཚོ།།

སེམས་པ་གཞན་ལ་མ་གཡེངས་ནམ་རྒྱུན་ཆོས་ཀྱི་ཕྱོགས་སུ་བརྩོན།།


གཞུང་རྒྱུད་དྲང་ལ་སེམས་པ་བཟང་བའི་རྒན་པོ་རེ་འགའ་ཡོད།།

རྗེས་རབས་བསམ་ནས་རང་གི་རུས་རྒྱུད་རྒྱུན་དུ་བཤད་ནི་ཉུང་།།

སྔོན་གྱི་ཇག་རྐུན་སོགས་ཀྱི་གཏམ་རྒྱུད་ལུང་བ་གང་རེ་བཤད།།

དེ་འདྲ་དེ་བས་མི་རིགས་ཡར་འགྲོ་ཙམ་ལ་སྐུལ་མ་མེད།།


དེང་རབས་དུས་ཀྱི་གོམ་པའི་ལྡོག་སྒྲ་སེམས་ཀྱི་དཀྱིལ་ལ་རྡོབ།།

མི་སེམས་འགུལ་བའི་མི་རྒྱུད་དཀར་བོར་འདངས་ཤིག་བརྒྱབ་ན་བཟང་།།

རང་ཉིད་འདས་རྗེས་ཕྱི་རབས་རྣམས་ཀྱི་ལམ་ཁ་ཡག་མིན་དེ།།

རྒན་པོ་ཉིད་ཀྱི་ད་ལྟའི་ལས་ཀྱི་སྤྱོད་པར་རེག་ལས་སོ།།


ཕྱི་ཡི་སྤྱོད་པ་རྩིབ་པོ་ཡིན་ཡང་ནང་ཁོག་ཡངས་ཤིང་ཆེ།།

མི་གཤིས་ཀུན་སྤྱོད་ཀུན་ལ་མཐུན་པའི་གོམ་སྒྲ་ཡོད་པ་དེས།།

ཁྱེད་ནི་གཞན་ལས་ཡག་པའི་དཔེ་བཟང་བསྟོན་པའི་རྒན་པོ་དང་།།

རྗེས་རབས་ཡུལ་མི་དག་གི་སེམས་ཀྱིས་མི་བརྗེད་འདེགས་ཤིང་ཡིན།།

            ༢༠༡༧   ༦   ༢༦ཉིན། 

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།