ཀྲུང་གོ་བོད་ཀྱི་དྲ་བ།

ཀླུ་པད་བཟང་གི་སྙན་ངག་བདམས་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2017-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

61.jpg

ཀླུ་པད་བཟང་། 1994 ལོར་དཀར་མཛེས་ཉག་རོང་གི་ཨ་བསེ་ཞེས་པའི་ཡུལ་སྡེ་ཞིག་ཏུ་སྐྱེས། 2011 ལོ་ནས་སྙན་ངག་གསར་རྩོམ་གྱི་ལས་ལ་འཇུས་ཏེ་སྙན་ངག་ཐར་ཐོར་འགའ་རེ《གངས་རྒྱན་མེ་ཏོག》《གངས་དཀར་རི་བོ》《ཁམས་པའི་ཚགས་པར》《ཁྲིམས་ལུགས་ཚགས་པར》《མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ》སོགས་བོད་ཁུལ་ཕྱི་ནང་གི་དུས་དེབ་དང་ཚགས་པར་དྲ་ཚིགས་ཁག་ཏུ་སྤེལ་ཡོད།

  སྣང་བ་འདི་ལ།
ཀླུ་པད་བཟང་།(དཀར་མཛེས) 


ཕུང་པོ་ལ་ཕུང་པོ་སྦྱོར་བའི་གྲིབ་མ་མགྱོགས་པོ་དེས
ཞེད་སྣང་གི་དཀྱིལ་འཁོར་དུ་མི་ཕོ་སུ་ཞིག་མཚོན་པར་ནུས་སམ

རུས་ཐུར་གྱི་གསེབ་ནས་བཙིར་བའི་རྐང་མར་སེར་པོ
རྨི་ལམ་གྱི་ཀློང་དུ་བྱིང་སྟེ་གློ་རྡེག་གིས་གསལ་བར་གྱུར
རྒྱུ་སྐར་གྱི་གཡས་སུ་ཉལ་བའི་ལྷ་མོ་གཅེར་བུ་མ
འཇའ་འོད་དང་མཉམ་དུ་དམར་ཧྲེང་ངེར་ཡར་བཞེངས་ཙ་ན
ཁྱོད་ཀྱིས་བྲང་ཁོག་ནས་ཕར་སྲིང་པའི་ལག་པ་དཀར་པོ་དེ
ཁྱོད་རང་གི་རྒྱབ་ཕྱོགས་ནས་འབར་བའི་མེ་ལྕེས་བསྲེགས་པར་བྱས

འདམ་མྱགས་སུ་གྱུར་པའི་ལུས་ཕུང་འདི
སྡོང་པོའི་ཤུན་ལྤགས་བཤུས་པ་བཞིན་ཡོངས་སུ་དོར་རྗེས
འཁར་བ་ཐོགས་པའི་བགྲེས་མོ་ཞིག་གི་མངལ་དུ་སྦྲུམ་པ་དག
འཇིག་རྟེན་བརྗེད་ཐེངས་བཅུ་དྲུག་གི་རྣམ་སྨིན་ལས་བྱུང་བའི
མཐར་ཐུག་གི་བསྐྱར་ཟློས་དེ་ཡིན་གྱུར་ན
ཆུ་བུར་མིག་གིས་བརྙེད་པ་དག
ནོར་འཆུག་མེད་པར་རྨི་ལམ་གྱི་ཁོངས་སུ་བསྡུ་བར་བྱ

འཕག་འཚག་ཅིག་གིས་མི་རྣམས་དགའ་བར་བྱེད་སླ་སྟེ
འོད་ཟེར་ལས་མུན་པ་སྟུག་པོར་འཐིབ་པ་འདིས
རྣམ་ཤེས་ཀྱི་མེ་ཐབ་ལ་ཚ་བ་རྒྱས་སུ་བཅུག
ཡོལ་བ་མཐུག་པོའི་གས་སྲུབས་ནས་མངོན་པ་དག་ལ
སེམས་མ་ལྔ་མཚོན་བྱེད་དུ་དབུ་རྒྱན་སོགས་རེ་རེ་བཏགས་ཚེ
ཁྱོད་ཀྱིས་བྲང་ཁོག་ནས་ཕར་སྲིང་པའི་ལག་པ་དཀར་པོ་དེ
ཁྱོད་རང་གི་རྒྱབ་ཕྱོགས་ནས་འབར་བའི་མེ་ལྕེས་བསྲེགས་པར་བྱས།

2016_3_26

དེ་ལྟ་ནའང་།

ཀླུ་པད་བཟང་།(དཀར་མཛེས)  

ཉི་འོད་ཆག་གྲུམ་བྱུང་བའི་དུས་ཚིགས་ཤིག་ལ
གཟིགས་པ་དྲུག་གི་རྩེ་མོ་ཚ་རེག་དང་མཉམ་དུ་མར་ཕབ་བཞིན
སེམས་པ་ཉིད་ཉིན་སྲིབ་གཉིས་སུ་གཤགས་ནས
མུན་པ་ལ་མིག་ཟུང་བཙུམས་ཏེ་མཚན་མོ་བརྒལ་དགོས་བྱུང་ན་ཡང
སྙན་ངག་ཁྲོད་ཀྱི་ཡིག་འབྲུ་ལས་ཧི་མ་ལ་ཡར་ལྐོག་ཉན་བྱ
དེ་ཡི་ཕ་རོལ་གྱི་སྲིད་པ་ཆགས་པའི་གངས་རྒན་ལ
ལུ་གུ་དཀར་དཀར་མཚོན་པའི་དོན་གྱི་རི་མོ་བྲི་བར་བྱ
དེ་བཞིན་དུ་འབྲུག་པ་ཀུན་ལེགས་རྗེས་ཀྱི་གྲིབ་མ་མགྱོགས་པོ་དེའང
ཤ་ཁྲག་གི་སྨད་གཡོག་ཁྲ་མོ་དེས་བསྐུང་བར་བྱ
དུས་རབས་ཉེར་གཅིག་པར
གསེར་རྩི་བྱུག་པའི་ལྕམ་མོ་དག་གན་རྐྱལ་དུ་ཉལ་གྱུར་ཀྱང
ང་ཡི་ཤ་སྐྱི་དང་ཤ་སྐྱིའི་བར་ན
པགས་རྩག་གྱོན་པའི་གཞོན་ནུ་མ་སྦས་བསྐུངས་བྱས་ཡོད།

2017_4_24

དྲེག་པ།

ཀླུ་པད་བཟང་།(དཀར་མཛེས)  

རླངས་པ་འཕྱུར་འཕྱུར་གྱི་ཆུ་ཁོལ་སྙིམ་པ་གང་དང
དེའི་ངོས་སུ་འབྱར་བའི་འདག་རྫས་ཀྱི་ལྦུ་བས
ངེད་ཅག་གི་ངོ་གདོང་ལས་དྲེག་པ་གཞོང་པ་གང་ཐོགས་འདུག
དེའང་ས་ཆེན་གྱི་བྲང་ཤ་ལ་སྐད་ཅིག་གིས་འཐིམ་ཙ་ན
ང་ཚོའི་ལོ་ཚོད་དང་འདྲ་བའི་མེ་ཏོག་དཀར་དམར་མང་པོ་སྐྱེ་ཡོང
རྣོ་སྐུད་ཀྱིས་དམ་དུ་སྡོམ་པའི་སྐྱེ་བ་དང་འཆི་བ
དུབ་པ་མེད་པའི་བྱང་སེམས་དེའི་ལག་མཐིལ་ནས
“ཕྱོགས་གཉིས་སུ་སྦྲུལ་ལྟར་བརྐྱངས་འདུག”
ལག་པས་ཁོ་རང་མེ་ལོང་ཆག་པོའི་ནང་དུ་གཡུགས
ལུས་ཀྱི་ཚ་བས་དུས་ཚོད་ངོས་ལ་རང་ཉིད་བྲིས
ལུས་སེམས་གཉིས་ཀ་ཕྲག་དོག་གིས་གཟིར་ཏེ
ང་ཚོས་རྨི་ལམ་གྱི་མཛེས་པ་མེ་ཡིས་བསྲེགས་པར་བྱས
དམར་ལམ་ལམ་གྱི་མེ་ལྕེའི་ཚོགས་ནི
མིའི་རིགས་ཀྱི་གདོད་མའི་དྲེག་པ་དེའོ།།

(ཕཱ་ཟིའི་སྙན་ངག་ནང་གི་ཚིག་ཅིག)  

2017_4_19


རང་ཉིད་གཞན་ཞིག

ཀླུ་པད་བཟང་།(དཀར་མཛེས)  

དམ་ཚིག་དང་ལྡན་པའི་རྣལ་འབྱོར་པ་གང་ཞིག
པོ་ཏ་ལར་རྡོག་པས་གཡས་སྐོར་གྱིས
སྙིང་རྗེའི་ཕད་གོག་ཏུ་གྲོ་དང་སྲན་མ་བསྡུ་བཞིན
སྦྱིན་པའི་ཨམ་ཕྲག་སྟོང་པ་མངོན་སུམ་གྱི་བར་ནས་མར་ལྷུང་ཡོང་དུས
ཡིད་ཐང་ཆད་པའི་ངོ་གདོང་མང་པོ་ང་ཡི་ཕྱོགས་སུ་འཚང་ག་ཤིག་ཤིག

སྨུག་པ་ལྟ་བུའི་ཆང་དྲི་སྐྱུར་མོ་སྐྱུར་མོ་ཞིག་གིས
ཤུགས་བསྟན་རྫོགས་མེད་ཅིག་ང་དང་ལྷན་དུ་བར་སྐོར་གླིང་དུ་འཕངས
ཁོང་ཁྲོ་བཞིན་པའི་ཇོ་ཤཱཀ་རྣམ་གཉིས་ཀྱི་མཇལ་འཕྲད་ལས
གནས་གང་ཞིག་ཏུ་རྒྱང་རིང་ལ་བརྗིད་ཆགས་པར་སྣང་མོད
གཟན་སྣེ་ཆང་གིས་ཟིན་པའི་གྲྭ་པ་ཞིག་གི་རྐང་རྗེས་ལས
གངས་རི་ནི་ནགས་ཚལ་ལས་འཕགས་ཤིང་མི་སྣང་བར་གྱུར།

2017_6_14

མཚན་མོའི་གཞས།

ཀླུ་པད་བཟང་།(དཀར་མཛེས)   


ཆར་ཆུས་རློན་པའི་ངོ་གདོང་མང་པོ
སྤྲིན་པའི་བ་གམ་ནས་འཕགས་ཤིང་མི་སྣང་བར་གྱུར
དུས་ཚོད་ཀྱི་ལག་པས
ང་ཡི་སྐྲ་ལོ་དུམ་བུར་ནས་དུམ་བུར་གཏུབ་བཞིན
འོ་མ་ཕོར་གང་ལ
སྐྱུར་ལངས་པའི་སྐད་ཅིག་མ་དེར
སྐྱེ་བ་གཉིས་ཀྱི་བར་མཚམས་དྲན་པར་བྱེད

བྱ་རྒོད་གནམ་ལ་འཕུར་བ
སྐྱེ་བ་ད་ལྟ་བ་ཡིན་ན
ཁྭ་ཏ་ས་ལ་བབས་པ
སྐྱེ་བ་ཕྱི་མ་ཡིན་འོས
ངས་དེ་ལྟར་བསམ་བཞིན་བསམ་བཞིན
པོ་ཏ་ལར་ཞིབ་ཀྱིས་བལྟས་དུས
སྙན་ངག་གི་ལྕགས་ཐག་རིང་མོས
ང་རང་བཙོན་དུ་བཅུག་སོང་།

                    2017_6_16ཉིན་ཁམས་བྱེ་ནས།

སྐྱེ་བ་མེད་པ།

ཀླུ་པད་བཟང་།(དཀར་མཛེས)  

ཤུགས་རིང་གིས་དྲུད་ཡོང་བའི་རླངས་པ་དྲོན་པོ་དེས
ང་ཡི་བྲང་ཁོག་ཏུ་སྨིག་རྒྱུ་ལྟ་བུའི་རྩིག་པ་བརྩིགས་ཤིང
རླུང་འཚུབ་སྟུག་པོའི་བར་སྣང་དུ་འཚང་ག་བྱེད
རྟོག་པས་བཙན་ཤེད་ཆེན་པོས་ཕར་གཡུག་ནའང
མངོན་སུམ་གྱི་རྩ་བར་གནས་བཅས་ཚར་འདུག

དེ་བས་མ་སྐྱེས་པའི་ཕོ་བྲང་གི་ཀློང་ནས
སྐྱོ་གདུང་གི་སྐྲ་ལོ་སྟོན་དུས་ཀྱི་འཇག་རྩྭ་བཞིན་བྲེགས་ཏེ
མྱ་ངན་ལས་འདས་པའི་གཟིགས་པ་དྲུག་གི་རྩེར་ཕྱིན་ནས
མི་སྡུག་པའི་ཉམས་ཀྱིས་མར་བལྟས་ཚེ

ངལ་དུབ་ཀྱི་འཚོ་བ་འདི་དབུ་མའི་ལུགས་ཀྱི་སྟོང་ཉིད་དུ་བསྒྱུར་མོད
གཉིད་ལས་སད་དུས་རྨི་ལམ་ཞིག་བརྗེད་ཐབས་བྲལ་བ་ཇི་བཞིན
སྦས་དོན་ཟབ་པའི་སྨྱུག་ཆིངས་ལ་སེམས་པ་ཡང་ཡང་ཤོར་འགྲོ

2016_12_27

གསོལ་བ་འདེབས་པ།
ཀླུ་པད་བཟང་།(དཀར་མཛེས)
                                        

བཞུགས་གནང་དང་གྲོགས་པོ་ལགས
རྒྱ་ཕིབས་ཀྱི་རྩེ་ནས་འཛག་པའི་ཆུ་ཐིགས་ཕྲ་མོ་གཉིས
ཁྱོད་ཀྱི་སྨིན་མའི་རྩེ་རུ་གཡོ་བ་མེད་པར་གནས་བཅས་ཚེ
བྱ་རྒོད་ཅིག་གིས་ཁྱོད་ཀྱི་མདུན་དུ་ཀེང་རུས་མང་ཙམ་སྤུང་ངེས
གངས་རི་དེའི་ཕ་རོལ་ནས་མཐོང་བ་དག་སེམས་སུ་སྒོམ་བཞིན
བདུད་རྩི་ཕོར་གང་གིས་བྱེ་ཐང་གི་ཉི་འོད་ལ་བྱབས་ཁྲུས་བགྱིས་ཡོད་པས
ཁྱོད་ཉིད་གད་མོ་དགོད་པའི་རྣམ་འགྱུར་གྱིས་བར་སྣང་བཀང་བར་བྱས


ཕེབས་གནང་དང་གྲོགས་པོ་ལགས
ཁྱོད་ཀྱི་བྲང་ཁོག་གི་སྒོ་མོ་ཆེས་ཆེར་ཕྱེས་ནས
མེ་ཏོག་རློན་པའི་རྐང་མཐིལ་གྱི་ས་བོན་སྟོན་པར་མཛད་རོགས
ཁོ་བོས་མེ་ལྕེ་ལྟ་བུའི་བྱེ་ཐང་གི་བརླ་འོག་ནས
ཁྱོད་ཀྱི་བདེ་སྐྱིད་ལས་མང་པའི་སྡུག་བསྔལ་མྱོང་བར་གྱུར་ཚེ
འོད་ཟེར་ཐོགས་པའི་ཕྱེ་མ་ལེབ་རླུང་འཚུབ་ཀྱི་ཁྲོད་དུ་བྱིང
མིག་ཆུ་འབྱིན་པའི་གླེགས་བམ་དཀར་པོ་ལ
སྡུག་བསྔལ་སྲེག་བྱེད་ཀྱི་དཔལ་འབར་ཡོད་པ་རྟོགས་ཨེ་བྱུང


ཁོ་ལ་དགྲ་བོ་ནི་མང་བར་གྱུར་ཡོད་དེ
ཞོགས་པའི་ཉི་ཟེར་ཀློང་གི་རྡུལ་ཕྲན་ཇི་བཞིན་འཚང་ག་བྱེད
ཁོ་བོའི་རྣམ་ཤེས་ལས་སྲིན་འབུ་གྲངས་མེད་ཅིག་འཕེལ་བར་གྱུར་ཚེ
གཡོ་བ་མེད་པར་བཞུགས་གནང་དང་གྲོགས་པོ་ལགས
གྱང་ངོས་ཀྱི་ལྷ་ཆེན་པོ་དེས་མིག་ཆུ་དབྱུང་བར་བརྩམ་བྱུང
མིག་ཆུའི་ཐིགས་པ་རེ་རེ་ཁྱོད་ཀྱི་སྐྲ་ཉག་མ་རེ་རེ་ལ་ཐིམ་རྗེས
སླར་ཡང་དམར་པོ་འོད་དང་བཅས་རྐང་མཐིལ་ནས
ཁོ་བོའི་རེ་འདུན་གྱི་རྩད་པར་བབས་དགོས་པས
བདག་གིས་གསོལ་བ་འདི་འདེབས་པ་ལགས་སོ

2016_4_25

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།