ཀྲུང་གོ་བོད་ཀྱི་དྲ་བ།

མཛའ་གཞས་ཀྱི་ལྷག་རོ།(ཁག་བཞི་བ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། :  ( མཚོ་ལྷོ)སྒྲོལ་མ་འཚོ།   སྤེལ་དུས། : 2017-07-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཐགས་མགོ་གཡས་འཁྱིལ་བསམ་སྟེ།།

རྒྱུ་སྤུན་བསྒྲིལ་ནས་སླེབས་ཡོད།།

ཐགས་ལ་ཨ་ཅེ་འབྲོག་མོས།།

སྐྱོ་རོགས་ཡོད་འགྲོ་མ་བསམ།།


ཡར་འབྲོག་གཡུ་མཚོ་བསམ་སྟེ།།

ཀོ་གྲུ་འཕྲེད་ལ་བཏང་ཡོད།།

གཡུ་མཚོར་ཉ་མོས་སྐྱོ་རོགས།།

ཡོད་འགྲོ་བསམ་པ་མ་བྱུང་།།


སུ་རུའི་མེ་ཏོག་བསམ་སྟེ།།

སྦྲང་མས་གཡས་བསྐོར་བརྒྱབ་ཡོད།།

སུ་རུར་འདྲེ་བྱ་སྲེག་པས།།

གཡོན་བསྐོར་བརྒྱབ་ཡོད་མ་བསམ།།


གཡང་འཁྱིལ་ཐབ་ཚང་བསམ་སྟེ།།

རླུང་བུས་དབྱང་རླུང་བསྣམས་ཡོད།།

ཐབ་ཀར་སླ་ང་ནག་པོས།།

སྐྱོ་རོགས་ཡོད་འགྲོ་མ་བསམ།།


རྫ་རིའི་ཆུ་མགོ་བསམ་སྟེ།།

འབྲོང་གཡག་རྫ་རུ་ཕྱིན་ཡོད།།

ཆུ་མགོར་ཀླུ་རྒྱལ་བཙན་པོས།།

སྐྱོ་རོགས་ཡོད་འགྲོ་མ་བསམ།། 


ལྷ་བསང་ཀླུ་བསང་གཏང་བར།།

ཤུག་པས་བྲག་ཚང་བསྐྱུར་ཡོད།།

བསང་ལ་བསང་རྩིས་སྐྱོ་རོགས།།

ཡོད་འགྲོ་བསམ་པ་མ་བྱུང་།།


བུ་མོས་ཕོ་ལྷ་བསམ་སྟེ།།

གླིང་དཀར་སྟོད་ལ་སླེབས་ཡོད།།

ཕོ་ལྷར་གཞི་བདག་སྐྱོ་རོགས།།

ཡོད་འགྲོ་བསམ་པ་མ་བྱུང་།།


ཕར་འཁོར་ལ་མོའི་རྒྱབ་ཀྱི།

ཡུན་བསོགས་དུག་ཆུ་མི་བཏུང་།།

དེ་ལས་རྫ་ལ་འགོས་ཏེ།།

རྫ་ཆུ་བསིལ་མ་བཏུང་རྒྱུ།


གྱི་ལིང་ཇོ་རྒྱ་མི་བཞོན།།

བཞོན་ཏེ་ཡོབ་འདྲུལ་མི་གཏོང་།།

དེ་ལས་རྟ་རྒན་སྔོ་སྐྱར།།

བཞོན་ཏེ་སིམ་སིམ་བགྲོད་རྒྱུ།


བྲག་རི་མཐོ་ལ་མི་འཛེག།

འཛེག་སྟེ་ཆུ་ལོ་མི་ཟ།།

དེ་ལས་ཞིང་ཁའི་ནས་ཆུང་།།

བཏོག་སྟེ་རྩམ་པ་བཟའ་རྒྱུ།


སྨད་ཀྱི་གྲོང་དུ་ཕྱིན་ཏེ།།

ཆུང་འདྲིས་ཨེ་ཡོང་མི་བལྟ།།

དེ་ལས་ལོ་རྒན་དྲུག་ཅུ།།

བཙལ་ཏེ་བག་ཕེབས་གནང་རྒྱུ།


དཀར་ཡོལ་ཚེ་རིང་ལོ་བརྒྱ།

ལག་སོན་ཨེ་འབྱུང་མི་བལྟ།།

དཀར་སངས་ཧྲུག་ཧྲུག་བྱུང་ཚེ།།

འགྱོད་སེམས་དེ་ལས་མི་འདུག།


སྲོད་ཀྱི་གྲིབ་མར་མི་བསྒུག།

རྐང་ལམ་ཕྲ་མོར་མི་བལྟ།།

དེ་ལས་བློ་སེམས་བདེ་མོས།།

རྨི་ལམ་ཞིམ་པོ་རུམ་རྒྱུ།


རྒྱ་གྲོང་དཀྱིལ་དུ་ཕྱིན་ཏེ།།

དར་དང་གོས་ལ་མི་བལྟ།།

དེ་ལས་མ་མོའི་སློག་པ།།

གྱོན་ཚེ་ལུས་ལ་འཇམ་པ།།


གཡང་ཆགས་རི་ལ་མི་འགྲོ།

སྨན་རྩྭ་བཏུ་བར་མི་འགྲོ།

སེམས་ཅན་སྤུ་གྲ་ཅན་གྱི།

ཐུགས་སེམས་དཀྲུག་འདོད་མི་འདུག།


རྒྱ་མཚོའི་གཏིང་དུ་ཕྱིན་ཏེ།།

གཡུ་བྱུར་ཨེ་ལོན་མི་བལྟ།།

དེ་ལས་རི་ཁྲོད་འགྲིམ་སྟེ།།

ལྷ་ཆོས་བསྒྲུབ་ལ་རེམ་འདོད།།


རི་འདི་ཤར་རིའི་རི་རྒྱུད།།

རི་བོའི་ཆགས་ལུགས་གཅིག་ཡིན།།

བློ་སྟེ་ནུབ་ཀྱི་རི་ལ།།

འཁོར་དང་མ་འཁོར་མི་འདུག།


ཤིང་འདི་ལྷ་ཤིང་ཤུག་པ།།

ཤིང་གི་སྐྱེ་ལུགས་གཅིག་ཡིན།།

མར་འཁོར་གསོམ་པའི་ཤིང་ལ།།

འཁོར་དང་མ་འཁོར་མི་འདུག།


མཚོ་འདི་ཡར་འབྲོག་གཡུ་མཚོ།།

མཚོ་མོའི་བཞུར་ཕྱོགས་གཅིག་ཡིན།།

བློ་སྟེ་མ་ཕམ་གཡུ་མཚོར།།

འཁོར་དང་མ་འཁོར་མི་འདུག།


གདུ་བུ་གསེར་གྱི་གདུ་བུ།།

མགར་བས་རྡུང་ལུགས་གཅིག་ཡིན།།

བསམ་བློ་དངུལ་གདུབ་ཕྱོགས་སུ།།

འཁོར་དང་མ་འཁོར་མི་འདུག།


ཡུལ་དེ་འཕྱོང་རྒྱས་ཡུལ་རེད།།

མི་ཁ་འཁོར་ལུགས་གཅིག་ཡིན།།

འཕྱོང་རྒྱས་ཟླ་སྒྲོལ་ཕྱོགས་སུ།།

འཁོར་དང་མ་འཁོར་མི་འདུག།


རྒྱན་ཆ་བྱུ་རུའི་སྐེ་རྒྱན།།

རྒྱུན་ཐག་གཅིག་གི་སྟེང་ཡིན།།

བསམ་བློ་གཡུ་ཡི་ཕྱོགས་སུ།།

བཏང་དང་མ་བཏང་མི་འདུག།


ཆུ་དང་ཆར་བས་དེད་པས།།

གཞུང་གི་ཆུ་ཟམ་གཟས་ཡོད།།

ཆུ་ཟམ་ལྕང་མ་རློན་པ།།

ཡིད་ཐང་ཆད་རོོགས་ཡིན་སོང་།།


ཆུ་ཟམ་ལྕང་མ་རློན་པར།།

བགྲོད་མཁན་དེ་ཙམ་མེད་མོད།།

ཚེ་ཟད་བུ་མོ་དེ་ཡིས།།

ཕྱིར་ལྟོས་མེད་པར་བུད་སོང་།།


མཆོད་མེ་སྐོང་བུ་གང་ལ།།

མར་ཁུ་དེ་ཙམ་མི་དགོས།།

ཆུ་མོ་འདོམས་པ་གང་དུ།།

ཉ་བརྒྱ་ཆུད་རབས་མི་འདུག།


བྱེའུ་ཆུང་ལྕང་མར་འཁྱུད་དེ།།

རེ་ཞིག་བསྡད་ན་བསམ་ཡང་།།

སྡོང་ལོ་ཡམ་ཡོམ་གནང་བས།།

སེམས་ཀྱིས་ཁོ་ཐག་ཆོད་སོང་།།


ཚོགས་ཆེན་འདུ་ཁང་གཅིག་ཏུ།།

གྲལ་ཤར་བརྒྱ་དང་བཅོ་བརྒྱད།།

གྲལ་ཤར་གཅིག་གི་གདན་དུ།།

ང་གཉིས་འཁོར་རྒྱུ་དཀའ་སོང་།།


འཇིག་རྟེན་བྱ་བའི་ལས་ཏེ།།

ཐོབ་ཤོར་གཉིས་ལས་མི་འདུག།

ལས་འཕྲོའི་མདུད་པ་གྲོལ་བར།།

ང་ཡང་སྐྱོ་དོན་མི་འདུག།


བློ་རུ་བཏེགས་པའི་གཡུ་ཆུང་།།

གཞན་གྱི་མགུལ་དུ་དཔྱངས་ཚེ།།

གཡུ་ཆུང་གངས་དཀར་སེམས་སུ།།

བཏེགས་དང་མ་བཏེགས་མི་འདུག།


དུས་ཆད་བྱས་པའི་ཉིན་དེ།།

ཉི་ཤུའི་ནག་ཏུ་ཁེལ་ཚེ།།

ཉག་གའི་ལམ་ཕྲན་དེ་རུ།།

བལྟས་དང་མ་བལྟས་མི་འདུག།


གསེར་གྱི་རྒྱ་ཕིབས་སྟེང་དུ།།

གསེར་གྱི་རྒྱ་གླིང་བོས་ཀྱང་།།

རྣ་བའི་རྒྱབ་ཏུ་གཡུགས་ཚེ།།

བོས་དང་མ་བོས་མི་འདུག།


སྲིད་པའི་ལ་རིང་བཅོ་བརྒྱད།།

གོམ་པས་འཇལ་ཏེ་ཕྱིན་ཡང་།།

ཆུང་འདྲིིས་གར་བསྡད་མེད་ཚེ།།

ཕྱིན་དང་མ་ཕྱིན་མི་འདུག།


ཐབ་ཀར་གཡང་དྲུང་བྲིས་ཀྱང་།།

ཐབ་ལྷ་འཁོར་རྒྱུ་མེད་ཚེ།།

ཐབ་ཀར་གཡང་དྲུང་རི་མོ།།

བྲིས་དང་མ་བྲིས་མི་འདུག།


བླ་མ་གསེར་ཞྭ་ཅན་ལ།།

གདུགས་དང་རྒྱལ་མཚན་བསྐོར་ཡང་།།

ཉམས་རྟོགས་རྒྱུད་དུ་མེད་ཚེ།།

བསྐོར་དང་མ་བསྐོར་མི་འདུག།


གནམ་གྱི་སྐར་མ་བརྩིས་ཏེ།།

མཚན་མོའི་སྨག་ལ་རེམ་ཡང་།།

བྱམས་པ་འགྱུར་བག་ཅན་དེ།།

གཞན་གྱི་འདུན་མར་ཆས་སོང་།།


སྔས་ཐོག་གཅིག་གི་མནའ་དེ།།

འགྲོ་ཞོར་བཤད་པའི་ཚིག་རེད།།

ཁྲེལ་གཞུང་མེད་པའི་བྱམས་པས།།

ང་རང་རླུང་དུ་བསྐུར་སོང་།།


འཇིག་རྟེན་ཕོ་རེ་མོ་རེ།།

བགྲོད་དགོས་སྲིད་པའི་དཔེ་རེད།།

ཞག་གསུམ་བགྲོད་རོགས་འཚོལ་བ།།

ཡིད་ཐང་ཆད་རོགས་ཡིན་སོང་།།


དང་པོ་ང་གཉིས་བགྲོད་དུས།།

གོམ་པའི་འདེགས་འཇོག་མཉམ་པ།།

བར་དུ་ཆར་ཆུས་དེད་དུས།།

ཁྱེད་རང་ང་ལས་མགྱོགས་པ།།


རྟ་དང་སྒ་གཉིས་དབར་དུ།།

ཆད་མེད་གློ་ཐག་འཐེན་ཡང་།།

རྟ་ཕོ་ཇག་པར་ཕྲད་དུས།།

གསེར་སྒ་གཡུགས་བློ་བདེ་བ།།


ནངས་མོར་ཁྲོམ་དུ་ཕྲད་དུས།།

ང་ཡོང་ཁོ་ཡོང་གསུངས་བྱུང་།།

སྲོད་ཀྱི་འགྲོ་རོགས་འདུག་རོགས།།

པུས་མོ་སྐྱ་རིལ་ཡིན་པ།།


སྤྱན་ཆབ་ཁྲུམ་ཁྲུམ་མི་གཏོང་།།

ལས་ཀྱིས་བསྐོས་པ་ཡིན་སོང་།།

ཕ་མ་བུ་རྒྱུད་གཅིག་ལ།།

བསོད་ནམས་མི་འདྲ་ཁྱད་ཡོད།།


ཕྱི་རུ་བབས་པའི་ཆར་བ།།

ཞག་གསུམ་ཆར་ཐག་ཆོད་སོང་།།

སེམས་སུ་བབས་པའི་ཆར་བ།།

མ་ཆོད་ཟླ་སྣེ་ལོ་ཡིན།།


རྟ་ཕོ་གར་འགྲོའི་ཕྱོགས་སུ།།

སྤྱན་མིག་ཧྲིག་ཧྲིག་བཏང་ཡང་།།

རྟ་ཕོ་གར་འགྲོ་སྲབ་རེད།།

སྲབ་ཁ་འཐེན་མཁན་ལག་རེད།།


འདྲིས་པ་དེ་ནི་མ་བྱུང་།།

བསྐོས་པ་དེ་དང་འགལ་སོང་།།

ཕུ་ཡི་ཆོས་འཁོར་གླིང་དུ།།

ང་རང་འགྲོ་གྲབས་མཛད་ཡོད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།