ཀྲུང་གོ་བོད་ཀྱི་དྲ་བ།

སྙན་ངག་འདེབས་མཁན།(ཞར་བཀོད་གཅིག)

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : (ཟི་ལིང་།)ཁེར་བུ།   སྤེལ་དུས། : 2017-07-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

——འཇིག་རྟེན་འདིར་སྙན་ངག་དཀོན་དྲགས་པས

ང་ནི་སྙན་ངག་འདེབས་མཁན་ཁོ་ན་ཞིག་བྱ་འདོད།

ང་ནི་སྙན་ངག་འདེབས་མཁན་ཁོ་ན་ཞིག་བྱ་འདོད་དེ

དཔྱིད་ཀྱི་སོན་འདེབས་དུས་སུ

ངས་ནི་ཞིང་པ་ཕོ་མོ་དང་ལྷན

ཡངས་པའི་ས་གཞིའི་ཁུད་དུ

སྙན་ངག་གི་ས་བོན་སྤར་མོ་བྱས་ནས་གདབ་འདོད

དབྱར་ཚ་བ་ཆེ་དུས་སུ

ངས་ནི་རླུང་གི་རྒྱུ་བ་རེ་རེ་དང

ཆར་གྱི་ཐིགས་པ་རེ་རེའི་ནང་དུ

སྙན་ངག་གི་བསིལ་བའི་རང་བཞིན་སྦྲུམ་དུ་གཞུག་ན་འདོད

སྟོན་དྲན་གདུང་རྒོད་དུས་སུ

ངས་ནི་ས་ཞིང་གི་རྒས་གཉེར་རེ་རེ་དང

སར་ལྟུང་གིན་པའི་ལོ་མ་རེ་རེའི་སྟེང་དུ

སྙན་ངག་གི་རི་མོ་སྣ་ཚོགས་བྲི་འདོད

དགུན་ཁ་བ་མོད་དུས་སུ

ངས་ནི་ཕྱི་ཡི་ལྷགས་རླུང་གི་རྒྱུ་བ་རྩུབ་མོ་དང

ཁྱིམ་དུ་ལམ་ལམ་འབར་བའི་ཐབ་མེའི་ཁྲོད

སྙན་ངག་གི་དོན་སྙིང་ཕོན་པོར་སྦར་འདོད

ང་ནི་སྙན་ངག་འདེབས་མཁན་ཁོ་ན་ཞིག་བྱ་འདོད་དེ

ལོ་ཆུང་བྱིས་པའི་བསླབ་དེབ་ནས་སྦྱངས་དེབ་བར་དུ

ངས་ནི་སྙན་ངག་གི་ཁ་དོག་གིས

སྙིང་ཉེ་བའི་སྲོག་ཆགས་དང་འཆར་ཡན་སྣ་ཚོགས་བྲི་འདོད་ཅིང

ན་གཞོན་ཕོ་མོའི་ཁེར་རྐྱང་གི་སེམས་པའི་ངོས་སུ

ངས་ནི་སྙན་ངག་གི་ཕུགས་བསམ་གྱིས

འོད་དུ་འཚེར་བའི་ལམ་བུ་མང་པོ་ཕབ་འདོད

དར་མའི་ཙག་ཙིག་གི་འཚོ་བའི་ཁྲོད

ངས་ནི་སྙན་ངག་གི་དབུགས་དབྱུང་གིས

བྱ་དངོས་ཡོད་ཚད་ལ་སྙན་ངག་གི་ཉམས་དང་ལྡན་པར་བྱ་འདོད

རྒན་རྒོན་ཕོ་མོའི་སྔས་འགྲམ་དུ

ངས་ནི་སྙན་ངག་གི་ཉིན་ཐོས

ཡིད་དུ་འོང་བའི་མི་ཚེའི་ཕྱིར་དྲན་བམ་པོར་བརྩེག་འདོད

ང་ནི་སྙན་ངག་འདེབས་མཁན་ཁོ་ན་ཞིག་བྱ་འདོད་དེ

ང་ལ་དམིགས་ཡུལ་དང་ཕུགས་བསམ་ཅི་ཡང་མེད

ང་ནི་སྙན་ངག་གི་སོན་འབྲུ་གདབ་པར་སྤྲོ་བའི

སྙན་ངག་པ

ཆ་མེད་ཀྱི་མི་ལགས

ངས་ཁྱོད་ལའང་སྨོན་ལམ་འདེབས

སྙན་ངག་དང་རྟག་ཏུ་འགྲོགས་པར་ཤོག

སྙན་ངག་དང་ནམ་ཡང་མི་འབྲལ་བར་ཤོག

ང་ཡི་སྙིང་ཉེ་བའི་མིའི་རིགས་ཀྱང

རིགས་དང་ཁ་དོག་ལ་དབྱེ་བ་མེད་པར

སྙན་ངག་གི་ཉམས་ཀྱིས་འཚོ་བར་ཤོག

གཞིས་ཆགས་པར་ཤོག

ཁོ་མོ་བུད་སོང་།   

ཁོ་མོ་བུད་སོང

སྐར་ཚོགས་ཁྱེར་སོང

མཚན་མོ་བསྐྱུར་སོང

མུན་པ་བསྐྱུར་སོང

ཁོ་མོ་བུད་སོང

ཁ་བ་ཁྱེར་སོང

དགུན་ཁ་བསྐྱུར་སོང

གྲང་འཁྱག་བསྐྱུར་སོང

ཁོ་མོ་བུད་སོང

སྐད་ཆ་ཁྱེར་སོང

ཁུ་སིམ་བསྐྱུར་སོང

རྒྱབ་གཟུགས་བསྐྱུར་སོང

ཁོ་མོ་བུད་སོང

ཁ་དོག་ཁྱེར་སོང

ནག་པོ་བསྐྱུར་སོང

སྟོང་སིང་བསྐྱུར་སོང

ཁོ་མོ་བུད་སོང

མ་འོངས་ཁྱེར་སོང

ད་ལྟ་བསྐྱུར་སོང

འདས་པ་བསྐྱུར་སོང

ཁོ་མོ་བུད་སོང

འབྲི་དེབ་ཁྱེར་སོང

སྨྱུ་གུ་བསྐྱུར་སོང

སྙན་ངག་བསྐྱུར་སོང

ཁོ་མོ་བུད་སོང

ལམ་བུ་ཁྱེར་སོང

ཁེར་འགྲོས་བསྐྱུར་སོང

ཁེར་གཞས་བསྐྱུར་སོང

ཁོ་མོ་བུད་སོང

དགོད་སྒྲ་ཁྱེར་སོང

ཁེར་རྐྱང་བསྐྱུར་སོང

དྲན་གདུང་བསྐྱུར་སོང

ཁོ་མོ་བུད་སོང

འཆར་ཡན་ཁྱེར་སོང

སྐྱོ་དུབ་བསྐྱུར་སོང

དཀའ་སྡུག་བསྐྱུར་སོང

ཁོ་མོ་བུད་སོང

ཁོ་མོ་ཁྱེར་སོང

ང་རང་བསྐྱུར་སོང

ང་ལ་བསྐྱུར་སོང

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།