སྐད་ཅིག་མའི་སེམས་འགྱུ་ཕྲ་མོ།

འཇིག་རྟེན་མི་ཡུལ་མི་ལུས་བླངས་པ་ལ། །

དོན་ཆེན་ལས་ཤིག་སེམས་ཀྱིས་མ་ནུས་ཀྱང་། །

དོན་མེད་མི་ལ་འཚེ་སེམས་མེད་ན་བཟང་། །

མི་སེམས་བྲལ་བའི་ལས་འདི་ཨ་ཙ་མ། །

ཕྱི་ཡི་ལུས་རྟེན་སྐྱོ་བོ་ཆགས་ན་ཡང་། །

ནང་སེམས་ཤེལ་དཀར་དྲི་མེད་མེ་ལོང་དེ། །

དོན་མེད་ལས་སུ་གས་ཆག་གཏོང་བ་གླེན། །

བླང་དོར་གནས་ལ་འབད་པ་དམ་པའི་གཤིས། །

མི་བསླུ་ལས་ཀྱི་འཁོར་ལོ་མི་སྡོད་འཁོར། །

ནམ་ཞིག་རང་རང་དུས་ལ་བབས་ན་རྟོགས། །

རང་གཤིས་བལ་དཀར་ཁ་ཆུ་འཇམ་པོ་འདི། །

རྩྭ་ལྡུམ་ཚེར་མའི་ཁ་རུ་ལུད་པ་ཕངས། །

ཀུན་ཁྱབ་སེམས་བྱུང་ཀུན་ལ་མངའ་བས་ན། །

གཡོ་དང་འཐབ་མོ་བཀྱེ་བའི་ལས་མ་མཆིས། །

ཀུན་ལ་བརྩེ་བ་བདག་གོ་བརྙད་པ་ལས། །

དོན་དང་མཐུན་མིན་རང་ལ་ཚ་འདྲི་གལ། །

འདི་ལྟར་བསམ་གྱིན་སྒོམ་གྱིན་སྒྲུབ་པ་ཡིས། །

གསལ་དྭངས་སེམས་ཀྱི་སྐད་ཆ་རི་མོར་འཁོད། །

ནམ་ཞིག་སེམས་གཅོང་གསོ་བའི་སྨན་མཆོག་ཏུ། །

འགྱུར་ལ་རང་སེམས་སོམ་ཉིར་ཚུད་དོགས་མེད། །

དེ་ན་དམ་པ་གོང་མའི་གསུང་རྒྱུད་ལྟར། །

དགྲ་གྲོགས་ངོ་བོ་དབྱེ་བ་སེམས་ཀྱིས་བྱས། །

མ་རྟོགས་རྨོངས་པའི་ལས་ཀ་སྤོང་བ་ལ། །

བདག་སེམས་སྤྲོ་ལ་ཁྱེད་ཚོ་དྲིན་དུ་མཐོང་། །

ཚེ་སྔོན་བསགས་འབྲས་ངན་པའི་རྣམ་སྨིན་གྱིས། །

ཚེ་འདིར་ལུས་སེམས་ན་ན་ཚ་ཚས་བཟུང་། །

ཕྱི་མ་ད་དུང་ཅི་འབྱུང་མི་རྟོགས་པས། །

རང་སེམས་བཙོན་ལྟར་བགྱིས་ཏེ་ལས་འབྲས་སྲུངས། །

ཀྱེ་ཀྱེ་བདག་གི་ཚེ་འདིའི་སྙིང་གྲོགས་ཚོགས། །

འཁོར་བའི་འདམ་ལ་དོན་མེད་གཡེང་བའི་མཐར། །

ཚེ་མཇུག་ཕྱི་མའི་བརྡ་ཡིག་གདོང་ལ་བབས། །

ཕྱི་འགྱོད་སེམས་སུ་མི་འོང་ལས་ལ་རེམས། །

རང་རང་སོ་སོའི་འདུན་མ་བསྐྱང་བར་འཚལ། །

མཐའ་དོན་རང་ལུས་རིན་ཆེན་ནོར་བུ་འདི། །

རང་སེམས་སྐྱིད་པའི་དཔལ་དུ་གྱུར་ཅིག་གི། །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།