སྙན་ངག སྙན་ངག་པ། སྙན་ངག་གི་ཀློག་པ་པོ་གླེང་བ།

91ad2490af2de45c2f5dba400a9cf14c.jpg

        མིང་དངོས་ལ་རྒྱལ་ལོ་ཚེ་རིང་ཟེར། (འབའ་སྨད་རྒྱལ་ལོ་ཚེ་རིང་།)ཡུལ་མདོ་སྨད་འབའ་རྫོང་འབའ་སྨད་ཀྱི་ཝ་དཀར་སྡེ་བར་སྐྱེས། ནུབ་བྱང་མི་རིགས་སློབ་ཆེན་དང་ལུའུ་ཞུན་རྩོམ་རིག་སློབ་གླིང་ནས་སློབ་གཉེར་མཛད།2015ལོའི་བོད་ལྗོངས་སློབ་ཆེན་གྱི་རྩོམ་རིག་རབ་འབྱམས་པའི་བསླབ་གནས་ལ་འབད་བཞིན་ཡོད།


དང་པོ། སྙན་ངག

“རྒྱུན་དུ་འཚོ་བའི་ཁྲོད་དུ། ཧ་ཅང་མཛེས་སྡུག་གི་ཉམས་སྟེར་པའི་ཚིག་ཅི་རིགས་ཤིག་ཡིན་ཕྱིན། མི་རྣམས་ཀྱིས་དེ་ལ་སྙན་ངག་ཟེར། སྙན་ཞིང་འཇེབས་པའི་ཚིག་སྦྱོར་ནི་སྙན་ངག་གི་སྐད་ཆ་དང་། བླ་ན་མེད་པའི་ཕུགས་བསམ་ནི་སྙན་ངག་གི་ཕུགས་བསམ་དུ་འགྱུར་ལ། བདེ་སྐྱིད་ཀྱི་འཚོ་བ་ནི་སྙན་ངག་གི་འཚོ་བ་དུ་འགྱུར། མཛེས་སྡུག་གི་ཡུལ་ཁམས་དེ་ཡང་སྙན་ངག་གི་ཡུལ་ཁམས་སུ་འགྱུར་ངེས།

ནམ་རྒྱུན་ང་ཚོས་འདི་ལྟ་བུའི་སྐད་ཆ་ཞིག་ཐོས་སྲིད་དེ།‘ཨེ་མ། ཅི་འདྲའི་མཛེས་པ་ལ་ཨང་། སྙན་ངག་ལྟ་བུའི་ཡིད་འཕྲོག་པ་ཞིག་རེད།’ནམ་རྒྱུན་ང་ཚོའི་འདི་ལྟ་བུ་ཞིག་ཐོས་སྲིད་དེ། ‘སྙན་ངག་ལྟ་བུའི་མཛེས་སྡུག་ལྡན་པ་ཞིག་རེད་ཨང་། མཛེས་སྡུག་དེས་མི་སེམས་བཟི་རུ་འཇུག་ཐུབ’དེ་ལྟ་བུའི་བག་ཆགས་ཤིག་མི་རྣམས་ལ་སྔ་མོ་ནས་གྲུ བ་འདུག་ཅིང་། ཆེས་མཛེས་པའི་བྱ་དངོས་དག་ནི་སྙན་ངག་ཏུ་འགྱུར་ལ་ཆེས་མཛེས་པའི་འཚོ་བ་དེ་ཡང་སྙན་ངག་གིས་མཚོན་ཐུབ་པ་ཡིན།”οཞེས་གསུངས་པ་བཞིན་སྙན་ངག་ནི་མི་རྣམས་ཀྱི་བསམ་པའི་འདུ་ཤེས་སུ་ཧ་ཅང་མཛེས་སྡུག་ལྡན་ཞིང་ཡིད་འཕྲོག་པ། སེམས་ཁམས་ཀྱི་སྨན་མཆོག་ཅིག་ཏུ་ངོས་འཛིན་གནང་ཡོད་ཅིང་། སྙན་ངག་ནི་རྩོམ་རིག་གི་ཏོག་ལྟ་བུ་ཞིག་ལ་ངོས་འཛིན་ཚུལ་དེ་ལ་ཡང་རང་ཉིད་ཀྱང་མོས་མཐུན་ཡོད། དེ་ལྟར། ང་མི་སྒེར་གྱིས་དེ་ལ་གཅེས་སྤྲས་དང་སློབ་སྦྱོང་། དུས་མི་འདྲ་བ་ལ་མཚོན་ཐབས་མི་འདྲ་བའི་གསར་རྩོམ་བྱེད་ངེས། དེས་མི་མང་པོ་ལ་བག་ཆགས་ཆེན་པོ་ཞིག་ཐེབས་མི་སྲིད་ནའང་རང་སེམས་ཉིན་རེར་་བྱེ་ཐང་དུ་འགྱུར་བཞིན་པའི་སེམས་ཁམས་འདི་སྐྱོབ་ཐུབ་པར་ཡིད་ཆེས་ཀྱིས་སྙན་ངག་གསར་རྩོམ་བྱ་རྒྱུ་དེ་ནི་ང་ཡི་མི་ཚེའི་སྟེང་གི་སྤྲོ་སྣང་ལྡན་པའི་ལས་ཀ་ཞིག་ཏུ་གྲུབ་ཡོད། སྤྱིར་ན་སྙན་ངག་གིས་མི་རིགས་དང་རྒྱལ་ཁབ། སྐྱེས་བུ་སྒེར་རེ་རེ་སྐྱོབ་དཀའ་མོད། ཡིན་ནའང་། སྙན་ངག་གིས་ཉིན་རེར་བྱེད་ཐང་དུ་འགྱུར་བཞིན་པའི་མི་རྣམས་ཀྱི་སེམས་ཁམས་དེ་སྐྱོབ་པར་སླ། ཞེས་གསུངས་པ་ནང་བཞིན་སྙན་ངག་གི་དགེ་མཚན་དུ་མཐོང་། སྙན་ངག་ནི་རྩོམ་ལུས་ཀུན་གྱི་ཏོག་ལྟ་བུ་དང་ས་སྟེང་འདིའི་རིན་ཆེན་རྣམ་གསུམ་གྱི་གྲས་སུ་བགྲངས་ཡོད་ཅིང་། སྙན་ངག་པ་ཡི་དམ་ཚེ་རིང་ལགས་ཀྱིས"སྙན་ངག་ནི་གཡོ་སྒྱུ་དང་མ་འདྲེས་པའི་བདེན་ཚིག་ཅིག་སྟེ། ཨ་མའི་སེམས་གཏིང་ནས་ཐོན་པའི་བུ་ཕྲུག་བསྙོད་གླུ་ལྟར་བརྩེ་མདངས་ལྡན་ཞིང་། བུ་ཕྲུག་རྣམས་ཀྱི་སྙིང་ཁོང་ནས་ཐོན་པའི་རེ་སྨོན་ལྟར་ཡག་ཡོག་མེད་པ་ཡིན། སྙན་ངག་ནི་ཚུགས་ཐུབ་བརྟན་ཆགས་ཤིག་སྟེ། རང་གིས་མིའི་རིགས་ཀྱི་རྗེས་སུ་སྙེག་པའི་རྣམ་ཤེས་དང་། མིའི་རིགས་ཀྱི་སེམས་ཁམས་སྙོམས་པར་བྱེད་པའི་སྲོག་རྩ་ལྟ་བུ་ཡིན། ཞེས་ཚད་མཐོའི་གདེང་འཇོག་ཅིག་གསུངས་པ་ཇི་བཞིན་ནོ། །

དེ་བཞིན་སྙན་ངག་ལ་མི་སོ་སོས་གོ་བ་ལེན་སྟངས་འདྲ་མིན་དང་མཚན་ཉིད་འཇོག་སྟངས་འདྲ་མིན། འབྲི་སྟངས་འདྲ་མིན་ཡོད་པ་ཆོས་ཉིད་དུ་གྲུབ། ང་ལ་མཚོན་ན་སྙན་ངག་གོ་སླ་བ་ཅན་ལ་མོས་པར་མ་ཟད་གོ་དཀའ་བ་ཅན་ལའང་མོས། རྒྱུ་མཚན་ནི་གོ་སླ་བའི་རིགས་ཀྱི་ནང་དུ་གོ་དཀའ་བ་ཅན་ཡོད་ལ། གོ་དཀའ་བ་ཅན་གྱི་རིགས་སུ་གོ་སླ་བ་ཅན་ཡང་ཡོད། གོ་སླ་བ་དང་གོ་དཀའ་བ་ཅན་གང་ཡིན་རུང་རང་ཉིད་སྙན་ངག་གི་ཁམས་དེ་ལ་ཞུགས་ཐུབ་པ་དང་ཞུགས་ཐུབ་པའི་འཇོན་ནུས་ཤིག་ལྡན་ཕྱིར་དེས་ང་ལ་ཚོར་བ་སྣ་ཚོགས་དང་སྟེར་པ། མཐོང་རྒྱ་ཇེ་ཡངས་སུ་གཏོང་བ། དོགས་པ་སེལ་པ། བློ་སྐྱེད་ཡར་སྐུལ་སོགས་ཀྱི་ཤེས་བྱ་ཅི་རིགས་སྦྱིན་ཐུབ། གལ་སྲིད་དེ་ལྟ་བུའི་ནུས་པ་ཞིག་མི་སྟེར་ཚེ་ངས་རང་ཉིད་ཤེས་ཡོན་དང་ལྡན་པའི་ཀློག་པ་པོ་ཡག་པོ་ཞིག་ལ་ངོས་བཟུང་མེད། སྙན་ངག་ཅིག་ལ་གོ་བ་ཡག་པོ་ཞིག་ལེན་ཐུབ་དགོས་ཚེ་དང་པོ་ཆ་རྐྱེན་ཞིག་དགོས་པ་ནི་རང་ཉིད་ལ་དེ་གོ་བ་ལེན་བྱེད་ཀྱི་ཤེས་ཡོན་ཞིག་དགོས། གལ་སྲིད་ཤེས་ཡོན་དེ་མེད་ཚེ་སྙན་ངག་དེ་ཁྱེད་དང་བར་ཐག་ཆོད་སྲིད་པས། ཁྱེད་ཀྱིས་སྙན་ངག་དེ་ལ་འོས་མིན་གྱི་སྐད་ཆ་དང་དམའ་ཡང་འབེབ་སྲིད། ཤེས་ཡོན་དེ་ཡང་སྣ་གཅིག་ལ་ནང་བྱན་ཆུད་པ་དེ་འདྲ་ཡིན་མི་རུང་། སྣ་གཅིག་ཅན་གྱི་ཤེས་ཡོན་དེས་སྙན་ངག་གི་མཚོན་ཐབས་སྣ་ཚོགས་ལ་གོ་བ་ཡག་པོ་ཞིག་ལེན་མི་ཐུབ་པ་སོ། །  རྩོམ་རིག་གི་ཤེས་བྱ་མ་ཟད་གཞན་རིག་ཚན་གཞན་དང་གཞན་ལ་བལྟ་རྒྱ་ཐོས་རྒྱ་ཡོད་མཁན་ཞིག་ལ་མཚོན་ན་མཚོན་ཐབས་སྣ་ཚོགས་ཅན་ཡིན་ཡང་སྙན་ངག་དེ་ལ་གོ་བ་བླང་རྒྱུར་དཀའ་ཁག་མེད། དེ་བས། ངས་ནམ་རྒྱུན་རྩོམ་རིག་ཕུད་རིག་ཚན་སྣ་གཞན་དང་གཞན་ལ་འབྲེལ་འདྲིས་བྱེད་བཞིན་ཡོད། དེ་ནི་རང་ཉིད་ཚད་ལྡན་གྱི་སྙན་ངག་ཀློག་པ་པོ་ཞིག་ལ་འགྱུར་རྒྱུའི་གོ་རིམ་དུ་རློམ་ཡོད།

སྙན་ངག་ནི་མ་གཞི་ནས་རབ་རིབ་མག་མོག་ཅིག་ཡིན་དགོས་ཏེ། མིའི་ཚོར་བ་དང་སེམས་འགྱུ་ནི་མ་གཞི་ནས་མངོན་ཏུ་མེད་པ་དང་རེག་ཏུ་མེད་པའི་རབ་རིབ་མག་མོག་ཅིག་ཡིན་པས་སོ། ། མི་ཡིས་བྲིས་བྲིས་ཐམས་ཅད་སྙན་ངག་ཏུ་བརྩི་མི་ཐུབ་ལ་སྙན་ངག་ཅིག་ཡིན་མིན་དང་བློར་འབབ་མིན་དེ་གང་ལ་ཐུག་ཡོད་ཟེར་ན་མཛེས་པའི་ཉམས་ཡོད་མེད་ཅིག་ལ་འབྲེལ་ཡོད། ཧྥ་རན་སིའི་སྙན་ངག་པ་ཝ་ལེ་རིསpaulvaleryརྩོམ་རིག་གི་སྐད་ཆ་དང་རྩོམ་རིག་མ་ཡིན་པའི་སྐད་ཆའི་ཁྱད་པར་ནི་བྲོ་འཁྲབ་པ་དང་ལམ་དུ་འགྲོ་བ་གཉིས་ཀྱི་ཁྱད་པར་སྟེ། སྔ་མ་ནི་མཛེས་དཔྱོད་ཅན་དང་ཕྱི་མ་ནི་དངོས་སྤྱོད་ཅན་ཡིན་ནོ། ། ཟེར་པ་ལྟར་ཚིག་སྦྱོར། ནང་དོན། དབྱངས་འགྲོས། བརྗོད་བྱ། ཐབས་རྩལ། མཛེས་པའི་ཉམས་བཅས་ཁྱད་པར་ཅན་ཡོད་མེད་དང་། ཉམས་དེས་མི་ཡི་ཡིད་འགུག་ཐུབ་མེད་ཅིག་ལ་འབྲེལ་ཡོད།

དེང་སང་བཤད་རྒྱུན་འདི་འདྲ་ཞིག་ཡོད་དེ། མི་རིགས་ཤིག་ལ་རྩོམ་རིག་དར་ཡོད་མེད་དང་ཡང་ན་མི་རིགས་ཤིག་གི་རྩོམ་རིག་གི་ཆུ་ཚད་ཟབ་མིན་དེ་བརྩམས་སྒྲུང་གི་ངོས་ནས་བལྟ་དགོས་ཞེས་པར་ང་རང་ཆེར་མི་འཐད། སྤྱིར་བཏང་སྙན་ངག་དང་བརྩམས་སྒྲུང་གཉིས་ལ་ཡིག་འབྲུ་རིང་ཐུང་དང་སྒྲིག་གཞི། མི་སྣ་བཀོད་སྒྲིག བྱུང་རིམ་སོགས་ཀྱི་ངོས་ནས་བརྩམས་སྒྲུང་དང་སྙན་ངག་གཉིས་བསྡུར་ན་བརྩམས་སྒྲུང་བྲི་བར་དཀའ་ངལ་འདུག དེ་བཞིན་སྙན་ངག་ཐུང་ངུ་ཞིག་རྩོམ་པ་དེ་ཡང་བཟོ་སྐྲུན་རྒྱ་ཆེན་པོ་ཞིག་ཡིན་པས་དེ་ལ་ཡང་དེ་ཚོད་ཀྱི་དཀའ་ངལ་མང་པོ་ཞིག་ཡོད། ཡིན་ཡང་མི་རིགས་ཤིག་གི་རྩོམ་རིག་གི་ཆུ་ཚད་ཟབ་མིན་དང་ཆུ་ཚད་དེ་བརྩམས་སྒྲུང་གིས་མཚོན་ཟེར་ན་དེ་ལ་ཆེར་མི་འཐད་དེ། སྙན་ངག་ལ་མཚོན་ན་འབྲི་དུས་བརྩམས་སྒྲུང་ལྟར་བཟོ་བཀོད་རྒྱ་ཆེན་པོ་ཞིག་འཐེན་མི་དགོས་ནའང་ནང་དོན་ཟབ་ཚད་དང་མཐོ་ཚད། ཡངས་ཚད་ནི་ཡོད་དོ། ། དཔེར་ན་བརྩམས་སྒྲུང་ཞིག་ལ་མཚོན་ན་ཡིག་འབྲུ་མང་བ། མི་སྣ་མང་བ། བྱུང་རིམ་ཀྱག་ཀྱོག་ཇི་ལྟར་ལྡན་ཡང་ནང་དོན་གྱི་ཐད་ཟབ་ཚད། མཐོ་ཚད་ཡངས་ཚད་ཅིག་མེད་ཚེ་བཀོད་པ་ཇི་ལྟར་རྒྱ་ཆེ་རུང་དེ་ནི་མི་རིགས་ཤིག་གི་རྩོམ་རིག་གི་ཚད་འཇལ་བྱེད་དུ་འཇོག་དགོས་ན་དོན་ལ་མ་བསྟུན་པ་ཞིག་འདོད་དོ། ། སྙན་ངག་ལ་མཚོན་ན་ཚོར་བ་སྐྱེན་པོ་ཞིག་བྱུང་མ་ཐག་ཐད་ཀར་དུ་བྲིས་ཆོག་ལ་བརྩམས་སྒྲུང་ལྟར་བཀོད་པ་རྒྱ་ཆེན་པོ་ཞིག་འཐེན་མི་དགོས་ནའང་སྙན་ངག་ཐུང་ཐུང་ཞིག་ལ་དོན་གྱི་ཟབ་ཚད་དང་ཡངས་ཚད། མཐོ་ཚད་ཆེར་ལྡན་ན་མི་རིགས་ཤིག་གི་རྩོམ་རིག་གི་ཚད་མཇལ་བྱེད་དུ་བཞག་ཆོག རྩོམ་རིག་གི་ལུས་གང་དང་ཅི་ཡིན་རུང་རང་རང་ལ་ཁྱད་ཆོས་དང་དགེ་མཚན་ཡོད་པ། ནུས་པ་འདྲ་མིན་ཡོད་པས་མཐའ་གཅིག་ཏུ་རྩོམ་ལུས་བྱེ་བྲག་ཅིག་གིས་མི་རིགས་ཤིག་ལ་རྩོམ་རིག་དར་ཡོད་མེད་དང་མི་རིགས་དེའི་རྩོམ་རིག་གི་ཆུ་ཚད་ཟབ་མིན་དེ་སྣ་གཅིག་གི་ངོས་ནས་གོ་བ་བླངས་ན་མི་མཐུན།

སྙན་ངག་འབྲི་མཁན་དང་བརྩམས་སྒྲུང་འབྲི་མཁན་གཉིས་ཀྱི་སེམས་ཁམས་སམ་རྟོགས་པ་མཐོ་མིན། ཚོར་བ་སྐྱེན་པོ་ཡིན་མིན་ལ་དབྱེ་ཞིབ་ཅིག་བྱས་ཚེ་སྙན་ངག་འབྲི་མཁན་ཞིག་ལ་བརྗོད་བྱ་ཡག་པོ་ཞིག་དང་རིག་གནས་ཀྱི་ཆུ་ཚད་ཕྱུག་མཁན་ཞིག་ཡིན་ཚེ་སྤྱིར་བཏང་བརྩམས་སྒྲུང་ཞིག་འབྲི་བ་ལ་དཀའ་ངལ་ཆེར་མི་འདུག དེ་ཙམ་མ་ཟད་སྙན་ངག་འབྲི་མཁན་ཚོས་རྩོམ་རིག་གི་སྐོར་གྱི་བགྲོ་གླེང་བྱེད་དུས་སྙན་ངག་ཙམ་མ་ཟད་བརྩམས་སྒྲུང་ཐད་དུ་བགྲོ་གླེང་བྱེད་པ་དེ་ཡང་རྒྱུན་ལྡན་ཞིག་ཏུ་ཆགས་ཡོད། ད་དུང་བརྩམས་སྒྲུང་སྐོར་ལ་དཔྱད་རྩོམ་འབྲི་མཁན་ཡང་མཐོང་རྒྱུ་འདུག ཡིན་ཡང་བརྩམས་སྒྲུང་འབྲི་མཁན་ཚོས་དེང་རབས་སྙན་ངག་གསར་པ་ཞིག་འབྲི་དགོས་ཚེ་དངོས་གནས་དཀའ་ལས་ཡོད། གལ་སྲིད་བྲིས་པའི་དབང་དུ་བཏང་ཡང་དེ་ནི་དམའ་འབྲིང་དང་མཐོ་འབྲིང་སློབ་མ་ཞིག་གི་རྩོམ་རྩལ་དང་ཁྱད་པར་ཆེར་མེད་ཅིང་། གཞན་སྙན་ངག་གི་སྐོར་བགྲོ་གླེང་དང་དཔྱད་རྩོམ་འབྲི་བ་ནི་ཤིན་ཏུ་ཉུང་། ཁོ་ཚོས་དེང་རབས་སྙན་ངག་གསར་པའི་སྐོར་བགྲོ་གླེང་བྱེད་པའམ་ཡང་ན་དེའི་སྐོར་གྱི་དྲི་བ་འདྲི་དུས་ལན་དུ་གོ་རྒྱུ་མི་འདུག་ཅེས་སྐད་ཆ་སྒྱིད་ལུག་ཅན་མ་གཏོགས་གསར་པ་ཞིག་བཤད་རྒྱུ་མི་འདུག་ཅེས་སྨྲས་ཆོག སྣང་ཚུལ་འདི་ནི་ངས་ཉམས་མྱོང་དང་རྒྱུས་ལོན་ལ་གཞིར་བཅས་ཏེ་ཕྱི་ནང་གི་མྱོང་བ་ངོ་མ་ཞིག་ཡིན་པ་ལས་རང་གིས་ཚོད་དཔག་བྱས་པ་ཁོ་ན་མིན་ནོ། །

“སྤྱིར་རྩོམ་རིག་ནི་མི་གཞན་ལ་བག་ཆགས་བསྒོ་བའི་ཕྱིར་དུ་ཡིན་ལ། མི་གཞན་པའི་བསམ་བློ་དང་བྱ་སྤྱོད་ལ་ཁ་ལོ་བསྒྱུར་བའི་ཆེད་དུ་ཡིན་པར་མ་ཟད། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ལ་ལམ་སྟོན་གྱི་ཆེད་དུའང་ཡིན་པས། རང་མོས་སྙན་ངག་ལས་བསྟན་པའི་གནས་ལུགས་ནི་ནམ་ཡང་དྲང་བདེན་གྱི་ཀློང་ནས་འཚོལ་དགོས། གལ་སྲིད་སྙན་ངག་ལས་བསྟན་པའི་གནས་ལུགས་དྲང་བོ་མིན་ཚེ། མི་ལ་ཡར་སྐྱེད་དང་སྐུལ་སློང་གི་ནུས་པ་ལྟ་ཅི། ཐ་ན་མི་རབས་ཤིག་ལོ་རྒྱུས་ཀྱི་སྟེགས་བུ་ལས་གཡང་སར་ལྷུང་བའི་ཉེན་ཁའང་ཡོད་སྲིད” πཔ་ལྟར། སྙན་ངག་འབྲི་བ་དེ་ནི་གནས་སྐབས་ཙམ་གྱི་ཚོར་བ་ཁོ་ནར་ཁེན་མི་རུང་བར་སྙན་ངག་གི་ཚོར་བ་དེ་ནི་ཤེས་ཡོན་དང་ལྡན་པ་ཞིག་ཡིན་དགོས། ཤེས་ཡོན་ཇི་ལྟར་ཕྱུག་ན་སྙན་ངག་གིས་མཚོན་པའི་དོན་དེ་ཡང་ཟབ་ཚད་དང་ལྡན་པ་ཞིག་ཏུ་འགྱུར་ཐུབ།“སྙན་ངག་གི་ནང་དོན་དེ་འཚོ་བ་དངོས་སྙན་ངག་ཅན་དུ་བསྒྱུར་ཏེ། སྙན་ངག་གི་དོན་དང་ཉམས་ཀྱིས་བྱ་དངོས་ཡོད་དོ་ཅོག་མཛེས་པར་བསྒྱུར་པ་དང་། སྙན་ངག་གིས་མཚོན་པའི་དངོས་ཡོད་བྱ་དངོས་སྟེང་སྙན་ངག་པའི་ཤུགས་དྲག་པའི་རང་ངོས་ཀྱི་ཚོན་མདངས་བསྒོས་ཡོད་པ་རེད། སྙན་ངག་ནི་འཚོ་བའི་ཁྲོད་ཀྱི་སྐད་ཆ་དང་ཁྱད་པར་ཆེ་སྟེ། མིང་དང་ཚིག་ཟློས་པ་སྐོར་བ་སོགས་མང་པོ་བྱུང” ρལུང་ཚིག་འདི་འདིར་འཚམ་མིན་མི་ཤེས་མོད། གང་ལྟར་འདི་ལྟ་བུའི་རྒྱུན་ཤེས་ཀྱི་རིགས་ལ་སྔར་བས་དོ་སྣང་དང་གཙིགས་ཆེན་བྱ་རྒྱུ་དེ་ཡང་དེང་གི་སྐབས་འདིར་གལ་ཆེན་ཞིག་ཏུ་མཐོང་། དེང་སང་སྙན་ངག་ལ་མཚོན་ན་ཡང་སྤྱི་སྐད་ཀྱི་ལམ་དུ་ཞུགས་སོང་བ་ལྟ་བུའི་གནས་ཚུལ་འདུག སྤྱིར་རྩོམ་རིག་ནི་སྤྱི་མཚན་པ་ཞིག་བྱེད་མི་རུང་ལ་རང་མཚན་པ་ཞིག་ཡིན་དགོས། དེ་ཡང་རྒྱན་དང་རི་མོ་ཕྲ་ན་ཡག་ཟེར་པ་ལྟར་རྩོམ་རིག་གི་སྐད་ཆ་ནི་རགས་མི་རུང་བར་ནམ་ཡང་ཞིབ་ཆ་ཐོན་རྒྱུ་དེ་གལ། དཔེར་ན་མའོ་ཡན་གྱི་སྒྲུང་གཏམ་དུ་ཀའོ་རྨིས་ས་ཆའི་ཡུལ་ལུང་ཕལ་སྐད་ཤིན་ཏུ་མང་པོ་བཀོལ་ཡོད་པ་དེས། སྒྲུང་གཏམ་དེའི་ཁྲོད་ཀྱི་མི་སྣའི་སྣང་བརྙན་བཞེངས་སྐྲུན་ལ་ནུས་པ་མི་ཆུང་བ་བཏོན་ཡོད་པ་ལྟ་བུས་མཚོན། རྩོམ་རིག་བརྩམས་ཆོས་གང་དེའི་སྒྱུ་རྩལ་གྱི་རིན་ཐང་གོང་དུ་བསྟད་པར་གྱུར། ཡུལ་ལུང་ཕལ་སྐད་ཁྲོད་ན་ཡུལ་གང་དང་གང་དེའི་ཐུན་མིན་གྱི་ཤེས་རིག་གི་ས་བོན་ཡུལ་གྲུ་གཞན་དང་མི་འདྲ་བའི་ཆ་མང་པོ་ཕུགས་སུ་ཉར་ཡོད་པས། ཡུལ་ཁམས་རིག་གནས་ཀྱི་བདེན་དགེ་མཛེས་ཁྱད་པར་ཅན་མངོན་དགོས་ན། ཡུལ་སྐད་ཕལ་སྐད་ཐ་ན་གྲོང་ཚིག་གི་རིགས་ཀྱང་འོས་འཚམས་ཀྱིས་བཀོལ་མཁས་དགོས་པར་འདོད།

སྤྱིར་ན་སྙན་ངག་ནི་རྙོག་དྲ་ཅན་ཞིག་རེད། ལྷག་ཏུ་དེང་སང་གི་བབ་ལ་བརྟགས་ན་རང་རེའི་ལོ་གཞོན་རྣམས་ཀྱི་སྙན་ངག་ནི་དེ་ལྟ་བུ་ཞིག་རེད། རྒྱུ་མཚན། བོད་ཀྱི་སྙན་ངག་པ་དང་ཀློག་པ་པོ། དཔྱད་བརྗོད་པ ། རྩོམ་སྒྲིག་པ་མང་པོ་ཞིག་གི་ཆུ་ཚད་དམའ་བས་སྙན་ངག་ནི་རྙོག་དྲ་ཅན་ཞིག་ཏུ་བཟོས་ཡོད་པ་དེའོ། ། ཡིན་ཡང་རེ་ཞིག་སྙན་ངག་སྐོར་གྱི་བཤད་མཚམས་བསྐྱུར་ཏེ་མས་སུ་སྙན་ངག་པའི་སྐོར་བགྲོ་གླེང་བྱེད་འདོད་པ་ལ།

གཉིས་པ། སྙན་ངག་པ།

སྙན་ངག་པ་ཟེར་བ་དེ་གཞན་གྱིས་རེད་ཅེས་ན་དེ་ལྟར་དུ་གྲུབ་ཐུབ་པ་ཞིག་མིན་ལ། སྙན་ངག་པ་ཞེས་པ་སུ་ཞིག་གིས་བྱུང་རྒྱལ་དུ་སྦྱར་ཆོག་པ་ཞིག་ཀྱང་གཏན་ནས་མ་རེད། བདག་ཉིད་བདག་གིས་ཆེ་བསྟོད་ཀྱིས་གདགས་སུ་རུང་བ་ཞིག་ཀྱང་མིན། (ལོ་གཞོན་རྣམས་ལ་བཤད་པ་ཡིན)གལ་སྲིད་རང་ཉིད་སྙན་ངག་པ་ཞིག་ཏུ་འདོད་ཚེ་དེ་ནི་ཚོར་བ་ཞིག་རེད། རྒྱུ་མཚན། རང་ཉིད་ཚུད་པའི་དེང་སང་གི་སྙན་ངག་འབྲི་མཁན་མང་པོའི་ཤེས་བྱའི་ཆུ་ཚད་ཞན་པས་སྙན་ངག་གི་རིན་ཐང་། བསམ་བློ་དེ་ཡང་མཐོ་རྒྱགས་དམའ་རྒྱགས་ཆེ་བས་མིང་དེ་གཏན་ཆགས་ཀྱི་ངོས་ནས་གྲུབ་ཐུབ་པ་ཞིག་མ་རེད། གཏན་ཆགས་ཀྱིས་འགྲུབ་རྒྱུ་དེ་དེང་སང་གི་གནས་བབ་ལ་གཞིགས་ན་དངོས་གནས་དཀའ། 

དེང་སང་ལྟར་ན། སྙན་ངག་པ་ཟེར་བའི་མིང་དེ་གང་འདོད་དུ་སྤྱོད་ཀྱིན་མཆིས། དེ་ནི་སྣང་ཚུལ་ཡག་པོ་ཞིག་ཏུ་མི་འདོད་དེ། ལྡོག་སྟེ་ལོ་ཆུང་རྣམས་ལ་ངན་པ་ལང་ཤོར་དུ་གཏོང་བྱེད་ཅིག་ཏུ་འདོད། རྒྱའི་རྩོམ་པ་པོ་ཀྲའོ་ལིས་ཧོང(赵丽宏)གིས“རྩོམ་པ་པོ་དག་ནི་བློ་དང་རིག་པ་རྩེ་རུ་སོན་ལ་བདེ་སྡུག་གི་འཚོ་བ་མང་དུ་བརྒྱུད་དེ་བློ་དང་རྟོགས་པ་མཐོ་ས་ཞིག་ནས་མི་ཚེ་ལ་ལྟ་ལ། བསམ་བློ་ནི་གཏིང་ཟབ་ཅིང་བརྩེ་དུང་ཕུན་སུམ་ཚོགས་པ། ཤེས་ཡོན་མཐོ་ཞིང་འཆར་རྟོག་གི་ནུས་པ་གཞན་ལས་ལྷག་པ་ཞིག” ς ཅེས་གསུངས་པ་དང་། སྙན་ངག་འབྲི་མཁན་དེས་མཚམས་མེད་པར་སྙན་ངག་རྩོམ་ཐུབ་པ། དེ་དང་བསྟུན་ཏེ་རྩོམ་རིག་གཞུང་ལུགས་ལ་མཁྱེན་རྒྱ་ཡངས་པ། ཤེས་ཡོན་གྱིས་ཕྱུག་པ་ཞིག་མ་མཐའ་ཡང་ཡིན་དགོས། དེ་ལྟར་མིན་ཚེ་ཡིག་རྨོངས་པའི་ཁྲོད་ཁ་བདེ་ཅན་རྣམས་ཀྱི་ངག་ཏུའང་སྙན་ངག་རྩོམ་ཤེས་པས་ཕྱིར། དེང་དུས་མི་མང་པོ་ཞིག་གིས་སྙན་ངག་ནི་མིག་རྡེབ་རྡེབ་དང་སྙན་ངག་པ་ཅེས་པའི་མིང་དེ་རྩེད་ཆས་བྱེད་བཞིན་ཡོད་པས་ལོ་ཆུང་རྣམས་ངན་པ་ལང་ཤོར་དུ་གཏོང་བྱེད་ཅིག་དང་། སྙན་ངག་གི་མདུན་ལམ་སྔར་ལས་མག་མོག་གཏོང་བྱེད་ཅིག་ལས་མ་འདས་སོ། ། “རྩོམ་པ་པོ་ནི་སྤྱི་ཚོགས་དང་མི་ལ་ཞིབ་འཇུག་བྱེད་མཁན་དང་། སྐད་རིགས་དང་ཡི་གེ སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་ཐད་ཀྱི་ཤེས་བྱ་བློ་ལ་འདྲིས་པ། རིག་པའི་གཞུང་ལུགས་ཀྱི་ཆུ་ཚད་དང་། རྟོག་ཞིབ། ལག་ལེན་གྱི་བློ་སྦྱོང་ཡོད་པ་ཞིག་ཡིན་དགོས” σཞེས་གསུངས་ཤིང་། སྐུ་ཞབས་ཨ་བུ་ལགས་ཀྱིས“སྙན་ངག་འདི་འབྲི་བདེ་བའི་དབང་གིས་སམ། ཡང་ན་གནས་བབ་དམིགས་བསལ་པའི་རྐྱེན་གྱིས། ང་ཚོའི་སྙན་ངག་གསར་རྩོམ་གྱི་ཆུ་ཚད་དེ་ཕྱི་ལྡིར་ནང་སྟོང་གི་ཚུལ་དུ་ལུས་ཡོད་པར་མངོན། སྙན་ངག་འབྲི་མཁན་ཕལ་མོ་ཆེའི་བོད་ཡིག་གི་རྨང་གཞི་ཞན་ཞིང་། སྙན་ངག་གི་བློ་སྦྱོང་དམན། རང་འདོད་དུ་བྲིས་པ་ཐམས་ཅད་སྙན་རྩོམ་དུ་རློམ་མཁན་ཡང་ཤིན་ཏུ་མང་། དེ་བས། སྙན་ངག་པའི་ཆོ་ལོ་རེག་མཁན་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པའི་གནས་ཚུལ་བྱུང་འདུག་པའང་ཆོས་ཉིད་དུ་གྲུབ་ཅིང་། སྙན་ངག་འབྲི་བ་ནི་ཆེ་མ་ཆུང་གསུམ་གྱི་ལོངས་སྤྱོད་དམིགས་བསལ་བ་ཞིག་ཏུ་སྣང་། སྤྱིར་བཏང་། ཀུན་སློང་གཙང་མ་ཞིག་དང་བསམ་པ་བཟང་པོ་ཞིག ཀུན་སྤྱོད་གཙང་མ་ཞིག གདུང་སེམས་ཟབ་མོ་ཞིག ཉམས་མྱོང་ཕུན་ཚོགས་ཤིག ཆོད་སེམས་བརྟན་པོ་ཞིག་མེད་ཚེ། སྒྱུ་རྩལ་ཀུན་གྱི་ཉིང་ཁུ་དང་ས་སྟེང་རིན་ཆེན་རྣམ་གསུམ་དུ་བགྲང་བའི་སྙན་ངག་འདི་འབྲི་ཁག་པོ་ཡིན་པ་ཀུན་གསལ་རེད། དེ་མིན་ཀ་ཁ་འབྲི་ཤེས་པ་དང་ཚོར་བ་སྐྱེན་ཟེར་བ་ཙམ་གྱིས་འཁྱོངས་མི་ཐུབ་པའང་ཐག་གིས་ཆོད”ཅེས་གསུངས་པ་ནི་ལེགས་བཤད་ལྟ་བུར་འཁུམས་ཤིང་། གོང་གསལ་དཔེར་མཚོན་དྲངས་པའི་ཆ་རྐྱེན་དེ་ལྟ་བུ་ཞིག་མི་ལྡན་ཚེ། སྙན་ངག་པ་ཞིག་ལ་བགྲང་ཐུབ་མེད་འདོད་པ་སྒེར་གྱི་དྲན་ཚུལ་ཙམ་དང་། དེ་ལ་ཀུན་གྱིས་དཔྱོད་དགོས་པའི་གནད་དོན་ཞིག་ཀྱང་ཡིན། ལྷག་པར་དུ་དེང་སང་གི་བབ་ལ་བརྟགས་ན་དེ་ལྟར་རོ། །

གཞན་འདས་ཟིན་པ་དང་དངོས་ཡོད་སྤྱི་ཚོགས། མ་འོངས་འཕེལ་ལམ་བཅས་ལ་དོ་སྣང་མེད་པའི་སྙན་ངག་པ་ནི་སྒེར་སེམས་ཁོ་ན་བསམ་མཁན་ལས་མ་འདས་ཏེ། གལ་ཏེ་འདི་མ་ཤེས་ན། “མི་རིགས”དང“རྒྱལ་ཁབ”ཀྱི་སྙན་ངག་པ་ཞིག་འགྱུར་ཐབས་བྲལ། འགྱུར་ཡང་གནས་སྐབས་ཙམ་དང་གློ་བུར་བ་ཞིག་ལས་གཏན་ཆགས་ངང་གནས་ཐུབ་མེད། འདིར་སྙན་ངག་པ་གླེང་བའི་ཚན་པ་འདི་ཙམ་གྱིས་རྫོགས་པར་བྱས་ཏེ་གཤམ་དུ་སྙན་ངག་ཀློག་པ་པོ་གླེང་བ།

གསུམ་པ། སྙན་ངག་གི་ཀློག་པ་པོ།

རང་རེའི་དེང་སང་གི་ཀློག་པ་པོ་མང་ཆེ་བ་ཞིག་ལ་རྩོམ་རིག་གི་གོ་རྟོགས་དམའ་བ་དེ་མི་རིགས་གཞན་པའི་སྐད་ཡིག་དང་རིག་ཚན་མང་པོ་ཞིག་ལ་རྨོངས་ཡོད་པས་ཡིན། གལ་སྲིད་སྐད་ཡིག་གཞན་ལ་མཁྱེན་རྒྱ་མེད་པ་དང་རིག་ཚན་གཞན་ལ་སློབ་སྦྱོང་མ་བྱས་ཚེ་རང་རེའི་དེང་སང་གི་རྩོམ་པ་པོ་དང་ཀློག་པ་པོ་རྣམས་ཀྱི་རྩོམ་རིག་གི་གོ་རྟོགས་དེ་འཕེལ་རྒྱས་སོང་འདུག་ཟེར་ན་དངོས་གནས་བཤད་དཀའ། གལ་སྲིད་རྩོམ་རིག་གི་གོ་རྟོགས་དེ་ཇེ་མཐོར་སོང་ཡོད་པར་འདོད་ཚེ་དེ་ནི་ཆ་ཚང་བའི་ཤེས་བྱའི་སྒྲིག་གཞི་ཞིག་གིས་གྲུབ་ཏེ་འཕེལ་རྒྱས་སོང་བ་མིན། སྐད་ཡིག་གཞན་དང་རིག་ཚན་གཞན་ལ་སློབ་སྦྱོང་མ་བྱས་པར་རྩོམ་རིག་གི་གོ་རྟོགས་མཐོན་པོར་ཡོད་རློམ་མཁན་དང་རྩོམ་རིག་ཟེར་ན་སོ་སོའི་ཤེས་ཡོད་པར་འདོད་ཚེ་དེ་ནི་སོ་སོའི་ཚོར་བ་ཞིག་ལས་མ་འདས་ཞེས་བཤད་ཕོད། དོན་གྱིས་བོད་ལ་རྩོམ་རིག་དཔྱད་བརྗོད་པ་ཉུང་པའང་གོང་གི་རྒྱུ་རྐྱེན་དེ་དག་དང་འབྲེལ་ཡོད་དོ། །

དེང་སང་མི་མང་པོས་དེང་དུས་ཀྱི་སྙན་ངག་ལ་གོ་རྒྱུ་མི་འདུག་ཅེས་སྐད་ཆ་བཤད་པ་མ་གཏོགས་གསར་པ་ཞིག་བཤད་རྒྱུ་མི་འདུག དེ་ནི་སྙན་ངག་ཁོ་ནའི་སྐྱོན་ཡིན་མིན་ལ་དཔྱོད་པའི་གནས། སྙན་ངག་མི་གོ་བ་ལ་རང་གི་འཇོན་ནུས་དང་འབྲེལ་བ་ཡོད་མེད་ལ་མ་བརྟགས་མ་དཔྱད་པར་གཞན་གྱི་གནད་དོན་ཞིག་ཏུ་བགྲང་རྐྱང་བྱེད་པའི་ལས་དེ་ལ་སྙིང་བོ་མེད། དེང་སང་གི་སྙན་ངག་ལ་གོ་དཀའ་བ་ཟེར་བ་དེ་ཚིག་སྦྱོར་གྱི་ངོས་ནས་བཤད་ན་ཡུལ་ལུང་གི་སྐད་དང་བརྡ་རྙིང་། མངོན་བརྗོད་སོགས་མེད་པའི་གོ་དཀའ་བ་མིན། ཚིག་སྦྱོར་ནི་གོ་སླ་བ་ཞིག་ཡིན། སྙན་ངག་གིས་བསྟན་དོན་ཐད་ཀར་སྟོན་པ་མ་ཡིན་པར་ཤུགས་ནས་སྟོན་པ་ཞིག་ཡིན་ན་སྙན་ངག་གསར་པའི་ཁྱད་ཆོད་དང་ཡོངས་སུ་མཐུན། སྙན་ངག་གསར་པ་ནི་ཐད་ཀར་དུ་བརྗོད་པ་མ་ཡིན་པར་ཤུགས་ནས་མཚོན་པའམ་མཚོན་རྒྱུ་ཞིག་ཡིན་པས་སྤྱིར་བཏང་དུ་གོ་དཀའ་བར་སྣང་། རྒྱའི་ལེགས་བཤད་དུ་མི་དྲང་དཀའ། སྙན་ངག་འཁྱོག་པོ་དཀའ་ཟེར། ནང་དོན་ནི་མི་དྲང་དགོས་པ་དང་སྙན་ངག་ནི་འཁྱོག་ན་ཡག་ཅེས་བསྟན་པ་རེད། སྙན་ངག་ནི་ཐད་ཀར་དུ་དུས་རྒྱུན་གྱི་སྐད་ཆ་ལྟར་བཤད་ན་མི་མཛེས། སྙན་ངག་འཁྱོག་ཟེར་པ་ཚིག་སྦྱོར་འཁྱོགས་དགོས་ཞེས་བཤད་པ་མིན་པར་སྙན་ངག་གསར་པའི་འཁྱོག་ཚུལ་དེ་གཙོ་བོ་མཚོན་དོན་དང་ཡིད་བརྙན་གྱི་སྒོ་ནས་འབྲི་བ། མཚོན་བྱེད་ཀྱི་ཆོས་གཞན་ཞིག་བརྒྱུད་དེ་སྟོན་པ། གབ་སྦེད་ཀྱི་རང་བཞིན་ལྡན་པའི་རྐྱེན་གྱིས་སྙན་ངག་གསར་པ་དེ་མ་གཞི་ནས་གོ་དཀའ་བ་རེད། གང་ལྟར། རང་གི་ཤེས་ཡོན་དེ་ཇེ་མཐོར་མ་སོང་ཚེ་དེང་སང་གི་སྙན་ངག་ལ་གོ་རྒྱུ་མི་འདུག་ཅེས་སྐད་ཆ་དེ་འདྲ་བཤད་སྲིད་ཅིང་། རིག་ཚན་མང་པོ་ཞིག་ལ་མཁྱེན་རྒྱ་ཡོད་མཁན་ཞིག་གིས་སྐད་ཆ་དེ་འདྲ་བཤད་མི་སྲིད། སྙན་ངག་ཅིག་ལ་གོ་བ་ཡང་དག་ལོན་དགོས་ན་རང་གི་ཤེས་ཡོན་དང་མྱོང་རོལ་གྱི་ཆུ་ཚད་དེ་ཇེ་མཐོར་གཏོང་དགོས་ཤིང་དེ་ལྟར་མ་ཡིན་པར་སོ་ན་གནས་ཡོད་ཚེ་བཤད་སྟངས་དེ་ནི་མི་གཡོ་སྒྱུ་ཅན་གྱི་སྐད་ཆ་ཞིག་དང་སོ་སོ་རྗེས་སུ་ལུས་ཡོད་པའི་རྟགས་ཤིག་གོ །

“གལ་ཏེ་ཀློག་པ་པོར་སྤྱི་ཚོགས་འཚོ་བའི་ཉམས་མྱོང་ཞན་ཞིང་ལྟ་རྒྱ་ཐོས་རྒྱ་མེད་ན་སྙན་ངག་གི་མྱོང་རོལ་དང་གོ་བ་ལ་བཀག་རྒྱ་ངེས་ཅན་ཞིག་ཐེབས་ངེས་ལ། ཀློག་པ་པོར་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པར་ལྡན་ན་སྙན་ངག་གི་སྣང་བརྙན་ལ་གསར་སྐྲུན་རང་བཞིན་གྱི་ཁ་སྐོང་དང་སྒྲོ་འདོགས་བྱེད་པའི་རིག་སྟོབས་ཆེ་ཞིང་ཉམས་རྟོགས་གཏིང་ཟབ་ཏུ་སྐྱེ་ངེས། རྐྱེན་འདི་དག་ལ་སྐུ་ཞབས་ལུའུ་ཞུན་གྱིས་དཔེའི་སྒོ་ནས་རོལ་མོ་འཁྲོལ་མཁན་ཞིག་ལ་མཚོན་ན་ཕ་རོལ་གྱི་བློ་ངོ་ནའང་དབྱངས་ཀྱི་རྒྱུད་ཅིག་ཡོད་པ་ཤེས་དགོས་ལ། དེ་ཤེས་ན་ནང་སེམས་གཏིང་གི་སྒྲ་འབྱིན་ཐུབ་པར་ངེས་ཞེས་གསུངས། སྙན་ངག་ཀློག་མཁན་ལའང་སྐྱེས་སྟོབས་ཀྱི་དཔལ་འབར་བའི་ཤེས་རིག་ཆེས་གསལ་བ་དང་བློ་གྲོས་ཀྱི་རྩལ་ལས་སྙན་ངག་ཅི་རིགས་ལ་འཇུག་ནུས་པའི་རིག་སྒོ་ཡངས་པ་ནི་ཐོག་མའི་རྨང་གཞི་སྟེ། ལྷན་སྐྱེས་ཀྱི་ཤེས་རབ་ཅུང་ཟད་ཀྱང་མེད་པར་སྦྱང་བ་ཁོ་ན་ལ་བརྟེན་པ་ནི་རྣོ་མེད་པའི་སྟ་རེ་ལྟ་བུ་སྟེ་ཇི་ལྟར་བརྡར་ཡང་ངར་འབུད་རྒྱུ་མེད་པའི་ཕྱིར། ཁྱད་པར་དུ་སྙན་ངག་མྱོང་རོལ་ལ་མཚོན་ན། སྙན་ངག་གི་བརྡ་དོན་དང་ཚིག་རིས་ལ་སྦྱར་བའི་བརྗོད་དོན་རྣམས་རང་གི་སྐྱེས་སྟོབས་ཀྱི་ཤེས་རབ་དང་དཔྱད་ཤེས་ཀྱི་རིག་སྟོབས་ལ་བརྟེན་ནས་ཉམས་སུ་མྱོང་དགོས་ཤིང་། ངག་གི་རང་བཞིན་དུ་གྲུབ་པའི་སྒྱུ་རྩལ་གྱི་སྣང་བརྙན་རྣམས་རང་གི་ཉམས་རྟོགས་དང་རིག་སྟོབས་སྣ་ཚོགས་ལ་བརྟེན་ནས་རྟོག་པའི་སྣང་ངོར་དངོས་རྣམ་བྱེ་བྲག་པའི་རང་མཚན་གྱི་རྣམ་པ་ལྟར་སླར་གསོ་དང་བསྐྱར་སྐྲུན་བྱས་ཏེ། མི་དང་དོན་རྐྱེན་དེ་དག་མངོན་སུམ་དུ་མཐོང་བ་དང་སྒྲ་དེ་རྣ་བས་དངོས་སུ་ཐོས་པ་ལྟ་བུའི་མྱོང་ཚོར་བསྐྱེད་དགོས། འདི་ལྟ་བུའི་མཛེས་དཔྱོད་ཀྱི་བྱ་འགུལ་ལ་དཔྱད་ཤེས་ཀྱི་རིག་སྟོབས་དང་དབང་ཤེས་ཀྱི་ཚོར་བ་རྣོན་པོ་མེད་ན། སྙན་ངག་མྱོང་རོལ་གྱི་དམིགས་དོན་ཡིད་བཞིན་དུ་འགྲུབ་དཀའོ། ། སྙན་ངག་གི་མྱོང་རོལ་ལའང་སྤྱིར་བཏང་གི་ཤེས་བྱ་སྣ་ཚོགས་པ་སྟེ་གནའ་དུས་དང་དེང་དུས་ཀྱི་ཤེས་བྱ། ཆོས་དང་སྲིད་ཀྱི་ཤེས་བྱ། རང་ལུགས་དང་གཞན་ལུགས་ཀྱི་ཤེས་བྱ། སྤྱི་མཚན་དང་རང་མཚན་གྱི་ཤེས་བྱ། དགོས་ཡོད་དགོས་མེད་ཀྱི་ཤེས་བྱ་སོགས་རྟོགས་དགོས་པ་མ་ཟད། དེ་བས་ཀྱང་ཆེད་ལས་ཀྱི་ཤེས་བྱ་སྣ་ཚོགས་ཏེ་བརྡ་དོན་རིག་པ་དང་ཚིག་རྒྱན་རིག་པ། རྩོམ་རིག་གི་གཞུང་། མཛེས་སྡུག་རིག་པ་སོགས་ཀྱི་ཤེས་བྱ་དང་མངོན་པར་སྦྱོར་བའི་ཐབས་རྩལ་ཀྱང་དམན་མི་རུང་ངོ་། ། གལ་ཏེ་འདི་ལས་ལྡོག་ན། སྙན་ངག་གི་མཛེས་ཉམས་རོ་བྲོ་སོགས་ལ་མྱོང་རོལ་བྱེད་པའམ་སྙན་ངག་གི་དགོངས་དོན་ཇི་བཞིན་དུ་རྟོགས་རྒྱུ་ལྟ་ཞོག ཕྱིན་ཅི་ལོག་ཏུ་རྟོགས་ནས་ཉེར་དམིགས་ཀྱི་གཡང་སར་འདྲེན་པའི་ཁེ་ཉེན་ཀྱང་ཤིན་ཏུ་ཆེ་སྟེ། རྒྱ་གར་གྱི་སྙན་ངག་པ་སློབ་དཔོན་དཔའ་བོས།

གང་དག་སྙན་ངག་ལ་སོགས་པའི། །

ཚིག་གི་ཐ་སྙད་མི་མཁས་པ། །

དེ་ཡིས་གསུང་རབ་དགོངས་དོན་ཡང་། །

ཕྱིན་ཅི་ལོག་ཏུ་བཀྲལ་བས་ལྷུང་། །”τཞེས་པའི་སྙན་ངག་མྱོང་རོལ་སྐོར་ལ་བཤད་པའི་ལེགས་བཤད་འདིས་སྙན་ངག་ཀློག་པ་པོ་བཤད་པའི་ཚན་པ་འདི་རྫོགས་སོ། །


林平著《现代诗歌创作研究》西南财经大学出版社 2015年7月第二次印刷 p 42

《སེམས་ཀྱི་ལོག་ཕེབས》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2014ལོའི་ཟླ་7པའི་དཔར་ཐེངས་དང་པོ།ཤ 186

 ཁྲི་བསམ་གཏན།《རྩོམ་འཇུག་རིག་གཞོན་དགའ་ཚལ》མི་རིགས་དཔེ་སྐྲུན་ཁང་། 2000ལོའི་ཟླ་2པའི་དཔར་ཐེངས་དང་པོ། ཤ 162

《མི་རིགས་རྩོམ་རིག》2016-4 ཤ 1

《བུ་བཞི་དོན་གྲུབ་ཀྱི་ཆེད་རྩོམ་ཕྱོགས་བསྒྲིགས》ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2008ལོའི་ཟླ་3པའི་དཔར་ཐེངས་དང་པོ། ཤ 66

སུམ་བྷ་དོན་གྲུབ་ཚེ་རིང་། 《བོད་ཀྱི་སྙན་ངག་གི་མཛེས་ཉམས》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2000ལོའི་ཟླ་5བའི་དཔར་ཐེངས་དང་པོ། ཤ 389-394-397

དཔྱད་རྩོམ་འདི2017ལོའི༼ཟླ་ཟེར༽དེབ་གཉིས་པ་སྟེང་བཀོད།

རྩོམ་སྒྲིག་པ། གངས་ཆབ།

དཔྱད་མཆན 0 ཡོད།