ཀྲུང་གོ་བོད་ཀྱི་དྲ་བ།

ལོ་འདི་འགར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : (རྨ་ལྷོ།)གཅན་རྣམ་ཐར།   སྤེལ་དུས། : 2017-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལོ་འདི་འགར། ང་ཧ་ཅང་སྐྲག

ལོ་རྒས་པ་ལས།  གཉེན་ཉེ་མང་པོ་ཞིག་རང་ཉིད་དང་གཏན་དུ་འབྲལ་བཞིན་འདུག

ལོ་འདི་འགར། ང་འགྱུར་སོང་།

ཞེན་ཆགས་ཅི་ཡང་མེད་པར་གཏོང་དགོས་པ་བསླབས་ནས་ཤེས་སོང་།

ལོ་འདི་འགར། འཚོ་བས་ང་ལ་བཤད་རྒྱུར།

མི་དང་མི་བར་བརྩེ་བས་མ་འགྲོགས། ཤ་ཁྲག་གི་རྒྱུད་པ་ལས་གཞན།

སྔར་བཞིན་སེམས་སྟོན་དཀའ་བར་འདུག་ཟེར།

ལོ་འདི་འགར། འཚོ་བས་ང་ལ་བཤད་རྒྱུར།

སྔོན་ཆད་བསམས་མྱོང་བ་ད་ལྟ་ཐོབ་ཟིན་ནའང་། དེ་ནི་ཆེས་གལ་ཆེན་ཞིག་མིན་ཟེར།

ལོ་འདི་འགར། ང་གཉིད་ལས་སད་སོང་།

ཡུན་རིང་གི་བརྩེ་བ་ཡོད་མི་སྲིད་ཀྱང་། མི་སེམས་ངེས་པར་དུ་མཐོང་སྲིད།

ལོ་འདི་འགར། ངའི་གསལ་བོར་ཤེས་སོང་།

སུ་ཞིག་གིས་ཀྱང་ང་ལ་ཨ་མ་ནང་བཞིན་ནམ་ཡང་བཟོད་སྒོམ་དང་གུ་ཡངས་གཏོང་མི་ཤེས།

ལོ་འདི་འགར། ང་ལ་སྐྲག་འདར་བརྒྱབ་སོང་།

སེམས་ཆུང་མ་བྱས་ན་དོན་ལྔ་སྣོད་དྲུག་ལ་རྨས་སྐྱོན་ཕོག་སྲིད་ཀྱང་།

ངའི་ལུས་ཡོངས་རྨ་ཁའི་ན་ཟུག་གིས་ཁེངས་སྲིད།

ལོ་འདི་འགར། ང་འགྱུར་སོང་།

སྡུག་བསྔལ་ཡོད་ཚད་རང་ཉིད་ཀྱིས་འཁུར་ཐུབ་པས། ང་བཟོད་བསྲན་ཅན་ཞིག་ཏུ་གྱུར་སོང་།

ལོ་འདི་འགར། འཚོ་བས་ང་ལ་བཤད་རྒྱུར།

དེང་གི་མི་རྣམས་ནི། རང་ལ་ཁེ་ཕན་མེད་ན་ཁྱོད་བཀོལ་སྤྱོད་མི་བྱེད་ཟེར།

ལོ་འདི་འགར། ང་འགྱུར་སོང་།

དཔེ་ཆར་ལྟ་མི་འདོད་པ་དང་། རྩོམ་ཡིག་འབྲི་མི་འདོད་པ་ཞིག་ཏུ་གྱུར་སོང་།

ལོ་འདི་འགར། ང་སྐྲག་ཤོར་ཞིག་ཏུ་གྱུར་སོང་།

མི་ལ་སྐད་ཆ་བཤད་རྒྱུར་སྐྲག་ལ། མི་སེམས་རྟོགས་ན་དེ་ལས་སྐྲག

ལོ་འདི་འགར། ངའི་གསལ་བོར་རྟོགས་བྱུང་།

འཇིག་རྟེན་ནས་གཞན་ལ་རེ་རྒྱུ་ནི་ཆེས་དཀའ་བར་མཐོང་ལ། རང་ལ་མེད་ན་འཛམ་གླིང་དུ་མེད་པ་རྟོགས།

ལོ་འདི་འགར། འཚོ་བས་ང་ལ་བཤད་རྒྱུར།

བཤད་བཤད་ཐམས་ཅད་ལ་ཉན་རྒྱུ་མེད་པ་དང་། བྱིན་བྱིན་ཐམས་ཅད་ཟ་རྒྱུ་ཞིག་མིན་ཟེར།

ལོ་འདི་འགར། ང་ངོ་མ་འགྱུར་སོང་།

མི་གཞན་ལ་ཁ་ཡག་ངོ་དགའ་བཤད་ཤེས་པ་དང་། བརྟན་ཚུགས་དང་སྒལ་ཚིགས་མེད་པ་ཞིག་ཏུ་འགྱུར་སོང་།

ལོ་འདི་འགར། ང་ཧ་ཅང་སྐྲག

གཞན་སྐྱོན་བཤད་པར་སྐྲག་པ་དང་། རང་སྐྱོན་བརྗོད་པར་ཧ་ཅང་སྐྲག

ལོ་འདི་འགར། འཚོ་བས་ང་ལ་བཤད་རྒྱུར།

སེམས་ནས་དྲན་དྲན་མི་ལ་མ་བཤད། ནམ་ཡང་འགྲོགས་པའི་མི་ལ་བློ་མ་གཏོད་ཟེར།

ལོ་འདི་འགར། ང་ངུ་སྙིང་འདོད།

རང་གི་ཁོར་ཡུག་ན་དཔེ་ཆ་འདོར་བའི་མི་གྲངས་མང་ལ། ལྷག་བསམ་མེད་པའི་མི་ནི་ཀུན་ལས་རྒྱལ།

ལོ་འདི་འགར། ང་ངོ་མ་འགྱུར་སོང་།

སྒྱིད་ལུག་ཇེ་ཆེ་དང་ཉི་མ་ཕུད་ཐབས་བྱེད་པར་དགའ་ཞིང་། ཟ་ཉལ་སྐྱིད་རྒྱག་གི་འདོད་ཧམ་ཇེ་ཆེ་རེད།

ལོ་འདི་འགར། འཚོ་བས་ང་ལ་བཤད་རྒྱུར།

གཞན་དོན་རྐྱང་རྐྱང་བསྒྲུབ་ན་ཁྱོད་ལ་ཡོང་སྒོ་མེད་ཅིང་། རང་དོན་རྐྱང་རྐྱང་བསྒྲུབ་ན་ཡོང་སྒོ་མང་ཟེར།

ལོ་འདི་འགར། ང་ངུས་ན་འདོད།

སྐད་ཡིག་གི་བཀོལ་སྤྱོད་ཇེ་དོག་དང་། མི་རིགས་ཀྱི་ཆག་འཇིག་ལ་བསམ་བློ་གཏོང་མཁན་ཉུང་།

ལོ་འདི་འགར། ང་ཁེར་རྐྱང་དུ་བསྡད་ན་འདོད།

རང་གིས་བསྒྲུབ་འདོད་པ་ཞིག་བསྒྲུབ་ནས། ལྷིང་འཇགས་དང་ཁེར་རྐྱང་གི་སྒོ་ནས་མི་ཚེ་ཚར་དུ་འཇུག་ན་འདོད

ལོ་འདི་འགར། ང་གཉིད་ལས་སད་བྱུང་།

ཕྲག་དོག་དང་མི་ཁར་མི་འཛེམས་པ་དང་། བདེན་གཏམ་དང་བདེན་ལུགས་བརྗོད་པར་ཤིན་ཏུ་དགའ།

ལོ་འདི་འགར།  ང་དགོད་སྙིང་འདོད།

རང་དོན་དང་ཁེ་ཕན། སྙན་གྲགས་ཀྱི་ཆེད་དུ་འདུར་བའི་མི་བུ་ཧ་ཅང་མང་བས། ང་ཡིད་ནས་དགོད་སྙིང་འདོད།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།