ཀྲུང་གོ་བོད་ཀྱི་དྲ་བ།

འཆར་ཡན་ལྡན་པའི་ཞོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : (དཀར་མཛེས།)འབྲོག་ཤེས་རབ།   སྤེལ་དུས། : 2017-08-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྱག་ཀྱོག་གི་ལམ་དུ་ཡམ་ཡོམ་བྱ་སླ་བས

ངའི་ལུས་ཕུང་ནི་དཔེ་ཆའི་མདུན་ཅོག་སྟོང་བ་ཞིག་དང་འདྲ

ངའི་མུ་མཐའ་མེད་པ་སྟོང་བ་ཉིད་ཀྱི་རུས་སྒྲོམ་ནང་གི་མྱ་ངན་ཐང་ཆེན་མོ


ང་རང་མཚན་དཀྱིལ་དུ་སད་བྱུང

ཕུགས་འདུན་ལ་བྱིལ་བྱིལ་བྱས་པའི་རྡོ་ཕོགས་ཏེ

གྲང་སིབ་སིབ་ཀྱི་ཐ་སྙད་མེད

ངའི་ལུས་ཕུང་ནི་ཞོགས་པའི་ཟིལ་བ་དང་འདྲ་བར་དྭངས་གཙང་གི་འཆར་ཞོད་ཅིག

བསམ་བློ་ཡང་ཤིན་ཏུ་གཙང་ཞིང་ཆུ་འགྲམ་དུ་འཆམ་འཆམ་བྱེད

ཞོགས་པར་རྨི་ལམ་ནང་ནས་མེ་ཏོག་གི་ལག་པ་བྲིས་ནའང

སྔར་བཞིན་ཁ་རོག་གེར་གཉིད་པའི་ནགས་ཚལ་མཐོང

སུའི་སྐད་དང་འདྲ་བར་སྦྲང་མ་དང་མེ་ཏོག་ཤི་བོའི་ཕུགས་འདུན

སེམས་ཀྱི་རྔ་སྒྲ་རྦ་རླབས་འཕྱུར་བ་ལྟར་སྟོན་ཁར་འཇུག

སུས་མུན་ནག་གི་ཁྲོད་དུ་ངའི་མདུན་སྐྱོད་ལ་སྣེ་ཁྲིད་བྱེད

ཁོས་མཐའ་མེད་པའི་མུན་ནག་གི་ཁྲོད་དུ་གླུ་གཞས་ལེན་པ་མ་ཟད ཤུབ་ཤུབ་བཤད

མེ་ཏོག་གཅིག་གི་སྐྱེ་འཆིའི་གོ་རིམ་ཁྲོད

སུས་ངར་ཡུན་ཐུང་གི་བར་གསེང་འཚོལ

ཐ་སྙད་ལ་གར་སྟེགས་མེད་པའི་ཟློས་གར་ནི་གོམ་པ་རེ་ཆུ་གཏིང་གི་ཉ་འདྲ

འོན་ཀྱང་ཐ་སྙད་མེད་པའི་སྙན་ངག་ནི་ཅི་ཞིག་ཡིན་ནམ་་་ཞེ་ན

འཇིག་རྟེན་འདི་དང་ཐོག་ནས་ཐ་སྙད་ཀྱིས་མཚོན་མི་ནུས་པས་རེད

ཡང་ན་ལུས་པོ་དང་བསམ་བློ་འདྲ་བར་དྭངས་གཙང་རེད

ཚང་མས་འདི་ལྟར་སྐྱོ་བའི་དབུགས་རིང་འབྱིན་བཞིན་རྟོགས་ལྡན་པའི་མཚར་སྐད་བཤད

རྣམ་ཤེས་ཀྱི་གྱེར་དབྱངས་རེས་སེམས་ཀྱི་གཏིང་དུ་སྒྲོག

ང་ཚོ་མེ་ཏོག་ལྡུམ་རྭའི་ནང་གི་རྩྭ་ཐང་སྟེང་ནས་སད་དེ་འོང

དེ་ནི་ཕུགས་འདུན་མེད་པའི་ཐ་སྙད་ཀྱི་ཕུགས་མདུན་རེད

                                      མྱུར་བགྲོད་མེ་འཁོར་ནས།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།