ཀྲུང་གོ་བོད་ཀྱི་དྲ་བ།

དཔལ་མགོན་འཛམ་གླིང་གེ་སར་ལ་ཕུལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷོ་བ་འགྱུར་མེད་རྡོ་རྗེ།(མཛེས་སེ།)   སྤེལ་དུས། : 2017-09-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

རྒྱལ་སྲས་འཇམ་དཔལ་གཞོན་ནུ།།

ཁྱེད་ཀྱི་རལ་གྲིའི་ཕྱག་ཏུ།།

སྟོབས་ཆེན་གསང་བའི་བདག་པོ།།

ཁྱེད་ཀྱི་རྡོ་རྗེའི་རྩེ་ན།།

འཕགས་པ་སྤྱན་རས་གཟིགས་དབང་།།

ཁྱེད་ཀྱི་པདྨོའི་འདབ་སྟེང་།།

གུ་རུ་སྲིད་ཞིའི་སྐྱབས་གནས།།

ཁྱེད་ཀྱི་དུས་གསུམ་དབྱིངས་སུ།།

རླུང་གི་སེམས་ཁོང་དཀྱིལ་དུ།།

ཁྱེད་རང་དགུང་གི་ནོར་བུ།།

མཆོག་དམན་སྤྱི་ལ་བརྩེ་ཞིང་།།

དབུལ་ཕྱུག་ཡོངས་ལ་བྱམས་པ།།

ས་གཞིའི་མིག་གི་སྣང་ངོར།།

ཁྱེད་ཉིད་དབྱར་གྱི་མེ་ཏོག།

ཉེ་རིང་ཀུན་ལ་འཛུམ་ཞིང་།།

མཛངས་བླུན་གཉིས་ཀར་དགོད་པ།།

ཉིན་མོའི་ལོགས་སུ་བཞུད་སྐབས།།

ཁྱེད་ནི་སྐར་ཁྱིམ་མགྲོན་པོ།།

འོད་ཟེར་གངས་ལ་འཕྲོས་ཏེ།།

མུན་པ་དོང་ལ་བཅུག་སོང་།།

དགུན་གྱི་དཔྲལ་བ་བརྒྱུད་དུས།།

ཁྱེད་ནི་སྤྲིན་ཀྱི་བཅུད་བཟང་།།

དཔྱིད་ཀའི་པང་ལ་བབས་ཏེ།།

འབྲུག་སྒྲ་མཚར་བོ་གྲགས་བྱུང་།།

ཀླད་ཁོག་ཡོངས་སུ་བྲུས་ཀྱང་།།

ཁྱེད་ཞལ་གསལ་ལེར་མངོན་ཡོང་།།

རྟ་ཞིག་མནལ་དུ་འབྱོར་ཏེ།།

རྐྱང་རྒོད་གཡེར་བ་ཡིན་འདུག།

ཕ་སྐད་བཤད་པའི་མི་ཡིས།།

ཡི་གེ་ག་ཙམ་ཤེས་སམ།།

སྒྲུང་རབས་ཁྲོད་ཀྱི་རྗེ་བོ།།

ལྷ་མི་གཉིས་ཀ་ཡིན་སོང་།།

ཁང་བརྩེགས་མཐོ་ལ་མི་སྐྲག།

ཁྱེད་ཀྱི་བླ་རི་བརྗིད་ཆགས།།

ལམ་ནོར་ཐེབས་པར་མི་འཇིགས།

ཁྱེད་ཀྱི་གཙང་པོ་རྒྱུན་རིང་།།

ལྷམ་སྒྲོག་དམ་པོར་བཅིངས་ཤིང་།།

ཞྭ་མོ་མགོ་ལ་གྱོན་ནས།།

སྒོ་ཆེན་ལྕགས་ཟྭ་རྒྱག་དུས།།

སེམས་པ་ཁྱེད་སར་བྲོས་འགྲོ།

བཞོན་རྒྱུའི་རྟ་ཕོ་མེད་ཀྱང་།།

སྤང་ཐང་ཕྱོགས་སུ་ཆས་བསམ།།

སྦྲ་ནག་གྲུ་བཞིའི་ནང་དུ།།

ང་ལ་མར་རྩམ་ཡོད་སྲིད།།

སྟོད་ཀྱི་མཚོ་མོའི་ངོགས་ལ།།

སྔོ་ཡི་རྗེས་ཤུལ་ཐར་ཐོར།།

མགོ་ནག་ཡོད་སའི་ས་དེར།།

ཁྱེད་ཀྱི་གཏམ་རྒྱུད་མི་རྙིང་།།

ཁྲུང་ཁྲུང་གཤོག་སྣེ་མཐོང་བྱུང་།།

འཇོལ་མོའི་མགྲིན་སྒྲ་མ་ཐོས་།།

ང་ཡི་ཡིད་ཀྱི་ཤིང་རྟ།།

འབབ་སའི་ཚིགས་མལ་གང་ལགས།།

བོད་མི་རེ་རེའི་ངག་ཏུ།།

ཁྱེད་ལ་ཕུལ་བའི་གླུ་ཞིག།

ལུང་བ་སོ་སོའི་ཕུ་མདར།།

ཁྱེད་ལ་ཞུ་རྒྱུའི་ཚིག་ཅིག།

ས་གཞིའི་ཕྲག་ཏུ་འགྲེངས་ནས།།

ནམ་མཁའི་དབྱིངས་ལ་ཅེར་དུས།།

ང་ཡི་ཁྲ་ཆུང་མིག་ཟུང་།།

བགྲང་བྱ་སྟོང་གི་དྲན་གདུང་།།

ཆེན་པོ་རླུང་རྟའི་དར་ལྕོག།

འཛམ་གླིང་ཡང་རྩེར་གཡོ་ཞིང་།།

འཛད་མེད་རྟོགས་བརྗོད་རིང་མོས།།

མ་བཟི་སྐྱེ་བོ་སུ་ཡོད།།

བྱ་རྒོད་གཅིག་གི་ལྡིང་སྐོར།།

འདབ་ཆགས་ཡོངས་ཀྱིས་སྨོན་ཏེ།།

ཉི་མའི་གཟི་བྱིན་ལའང་།།

ཁྱེད་ཀྱི་འོད་ཟེར་འཕྲོས་པ།།

སྤྲིན་ཕུང་གཉིས་ཀྱི་གཤོག་རྩལ།།

འབྲུ་ཞིང་ཀུན་ལ་ཁྱབ་སྟེ།།

ལྷུན་པོའི་བརྟན་བརླིང་དེའང་།།

ཁྱོད་ཀྱི་རྗེས་ལ་བསྙེགས་པ།།

སྐྱེ་བོ་གསུམ་གྱི་བསྔགས་ཚིག།

སྤང་ཐང་ཧྲིལ་བོར་འཕྱུར་ཏེ།།

སྦྲ་ཁྱིམ་ས་ཡའི་སྒོ་མོའང་།།

ཁྱེད་ཀྱི་ཕྱོགས་སུ་འཁོར་བ།།

ཆུ་བོ་བཞི་ཡི་རླབས་སྒྲ།།

རྨི་ལམ་ཁྲོད་དུ་མཆེད་དེ།།

རྒན་གཞོན་ཕོ་མོའི་འཛུམ་རིས།།

ཁྱེད་ཀྱི་བྱམས་བརྩེར་ཐིམ་པ།།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།