ཀྲུང་གོ་བོད་ཀྱི་དྲ་བ།

ཡིག་མཁན་ཐོན་མི་ལ་བསྟོད་པ་དོན་ལྡན་ངག་གི་རྒྱུད་མངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : (གཅན་ཚ།)འཇམ་དབྱངས་ཚེ་རིང་།   སྤེལ་དུས། : 2017-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གཡོར་པོ་ཡུལ་དགུའི་ནང་ཚན་གཉལ་གྲོང་དུ།།

འཇམ་དབྱངས་རྣམ་རོལ་ཐོན་མི་ཨ་ནུའི་སྲས།།

འཁྲུངས་པའི་ཁྱེའུ་རྣམ་དཔྱོད་ངོ་མཚར་ཁྱོད།།

གངས་ཅན་ཡི་གེའི་སྲོལ་འབྱེད་བླ་ན་མེད། །

ཆོས་རྒྱལ་མེས་དབོན་རྣམ་གསུམ་ཡ་གྱལ་གྱི།།

དང་པོ་བཙན་པོ་སྲོང་བཙན་སྒམ་པོ་ཡི།།

ཐུགས་དགོངས་འགན་འཁྲི་ཕྲག་ཏུ་ཁུར་འཁྱེར་ཏེ། །

འཕགས་པའི་ཡུལ་དུ་རིག་པའི་གཞུང་ལ་སྦྱངས། །

ལྔ་རིག་པཎ་ཆེན་ལྷ་རིག་སེང་གེ་དང་།།


ལི་བི་ཀ་ར་གཉིས་ལས་རྒྱ་གར་སྐད།།

བགྲང་བྱ་བདུན་ལ་མ་ལུས་མཁས་པར་བསླབས།།

སྲིད་ན་མངོན་པར་མཐོ་བའི་ཕ་བོང་ཁར།།

ལོ་ཙཱ་བྱས་ནས་བསིལ་ལྡན་བོད་ལྗོངས་སུ།།

མདོ་རྒྱུད་ཉེར་གཅིག་ལེགས་བསྒྱུར་དམ་པའི་ཆོས།

དབུ་བརྙེས་མཛད་རྗེས་བཞག་པ་ཁྱོད་ཀྱི་དྲིན།།

གངས་ཀྱི་ར་བ་མཛེས་པའི་ཡུལ་ལྗོངས་འདིར། །

ལཉྩ་ཝ་ཏུའི་ཡི་གེར་དཔེར་བླངས་ཏེ། །

བོད་ཡིག་གསར་བཟོ་རླབས་ཆེན་ཕྱག་རྗེས་ཀྱི།།

གངས་རིའི་ལྗོངས་ལ་ཤེས་རིག་འོད་སྣང་དྲངས།།

གཞུང་ལུགས་ཀུན་གྱི་གཞི་མ་བརྡ་སྤྲོད་ལམ།།

མཁྱེན་རྩལ་རྒྱས་པས་སྒྲ་རིག་བསྟན་བཅོས་བརྒྱད། །

ཡང་དག་བརྡ་སྤྲོད་སྲོལ་འབྱེད་སམ་བྷོ་ཊ།།

གངས་ཅན་མཁས་པའི་ཁྱུ་མཆོག་ཨེ་མ་རྨད།།

ཤེས་རབ་རྣོ་བས་འཇམ་དབྱངས་རྣམ་པར་རོལ།།

མི་འཇིགས་སྤོབས་པ་སེང་གེའི་དཔལ་དུ་འགྲན།།

རིག་གནས་ཀུན་ལ་མཁས་པའི་སྙན་པ་འབར།།

རིག་པའི་སེམས་དཔའ་སྐྱེས་མཆོག་ཁྱེད་འདྲ་སུ།།

རྒྱལ་བློན་གང་གི་མདུན་སར་སྤོབས་པའི་ཉམས།།

ངག་ནས་ཚིག་སྦྱོར་རྨད་དུ་བྱུང་བ་གང་།།

ངོ་མཚར་སྨྲ་ལ་ཟླ་མེད་རིག་པའི་དར། །

འཛམ་གླིང་མི་རིགས་གྲལ་ལ་བསྒྲེངས་འདི་རྨད། །

བགྲང་བྱ་གྲངས་མང་འདས་པའི་ད་ལྟའང་།།

ཁྱོད་ཀྱི་མཛད་པ་འཕྲིན་ལས་རྣམ་ཐར་ལ།།

སྐལ་ལྡན་གཟུར་གནས་མགྲིན་པའི་གཟེངས་བསྟོད་ནས། །

མཆོད་པར་བརྗོད་པ་ཕྱོགས་ཀྱི་འཁོར་ལོའི་རྒྱན།།

རྣམ་དཔྱོད་མཁྱེན་པ་རབ་ཡངས་འཇམ་དཔལ་དབྱངས།། 

རླབས་ཆེན་འགན་འཁྲི་ནུས་ལ་སེམས་དཔའ་ཉིད།།

 ཤེས་བྱའི་མཛོད་མཛིན་རིག་པའི་དཔའ་བོ་ཁྱོད།

 སྙན་ཚིག་ངག་གི་ཕྲེང་བས་རྒྱུན་དུ་བསྟོད།།

ཕྱི་ལོ་2017ཟླ་8 ཚེས་28ཉིན་ལ།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།