ལྷོ་བུ་དོན་གྲུབ་ཀྱི་༢༠༡༧ལོའི་སྙན་ངག་གསུམ།

71505796257_.pic_hd副本.jpg

༡  ཕ་ཡུལ་རྒས་ཀྱིན་པ།


ཕ་ཡུལ་གྱི་ཞོགས་པ་ནི

ཟིལ་བ་ཆགས་སའི་ཆུ་མིག་ཅིག་གི་ངོ་གདོང་ཡིན་ཆོག་ལ

ཉི་མ་འཆར་སའི་ཡུལ་ངོས་ཤིག་ཀྱང་ཡིན

ནམ་ཞིག ཕ་ཡུལ་གྱི

ལས་ཀྱི་རི་རྒན་ཞིག་ནས་འབྲོང་ཚའི་གཤར་ལམ་བསྣོལ་ཞིང

རེ་བའི་བླ་མཚོ་བསྐམ་ནས་ཆུ་ཡི་འཚོ་བཅུད་མེད་དུས 

ངས་རྒྱང་རིང་ཞིག་ལ་འབོད་བརྡ་ཡང་ཡང་གཏང

སྐབས་དེར་རྩི་ཏོག་གི་བཞད་ལམ་ཡལ་ནས

ཆུ་མོ་ཡི་བཞུར་ལམ་བཀག་སོང་ན

ངས་ཕ་ཡུལ་གྱི་གད་པ་དག་ལ་དགོངས་དག་ཞུ་ངེས་ཡིན

ཕ་ཡུལ་གྱི 

རི་ཡི་རྐེད་འཕྲང་རེ་རེ་ལ་གཉེར་མའི་ལམ་རྗེས་ཤ་ར་ར

ཡུན་གྱི་བལྟས་པས་ཕ་ཡུལ་ནི

ལུས་ཟུངས་ཟད་པའི་རྒན་པོ་འདྲ


༢  སྲོག


སྲོག   ཁ་ལོ་པ་ངས

ཁྱེད་རང་ཉམ་མངའ་བའི་ཚེ་སྲོག་ཏུ་འབོད་ཀྱིན་ཡོད

ནམ་ཞིག   དུར་ཐང་གི་གནས་མལ་འཚོལ་དུས

གཏམ་རྒྱུད་ཀྱི་གསང་བ་སྡེ་ཚོགས་ཤིག་ཏུ

སླར་ཡང་མྱི་ཁར་ཞོར་ནས་འགྲོ་སྲིད


སྲོག   ཁ་ལོ་པ་ངས

ཁྱེད་རང་འཆི་ཉིན་ནས་ཁྱེད་ལ་གསང་བ་མེད་ན་འདོད་ཡོད


༣   ཡི་གར་འོང་བའི་མཚན་མོ།

---སྙན་ངག་པའི་མཚན་མོ་ལ།

དེ་རིང་གི་རྒྱང་མཇལ་བ་དག

ཕྱིར་རང་གི་ཤག་ཁང་ལ་ཐོན་ཏེ

སླར་ཡང་ལག་རྟེན་ལྟ་བུའི་རང་གི་འཚོ་བར་བཀོལ་གྱིན་ཡོད

ངས་ཀྱང་རང་ཤག་ཏུ་མཚན་མོ་ཟེར་བའི

དུས་ཚིགས་ཤིག་རོལ་གྱིན་སེམས་པ་རྦབ་ཆུ་ལྟ་བུའི

གཡང་གཟར་ཞིག་ཏུ་ལྷུང་ནས་ཡོད

ལྟག་རྒྱབ་ཏུ་ཟླ་བའི་བསིལ་ཟེར་ལྡང་ལ

མདུན་ངོགས་སུ་རྦབ་ཆུས་རོལ་དབྱངས་འཁྲོལ་གྱིན་འདུག


ཕྱིར་རང་ཤག་ལ་ཐོན་ཡོད

མཛེས་སྡུག་ལྡན་པའི་དབྱར་གཞུང་གི་མཚན་མོ་ལ་འགྲོགས་ཏེ

ཕྱིར་རང་ཤག་གི་སྒོ་དྲུང་དུ་ཐོན་ཡོད

སྒོ་ཐེམ་རེ་རེ་རྡོག་པས་མནན་ནས

སྒོ་ཁྱམས་ཀྱི་ནང་ལ་འཛུལ་ནས་ངའི་ཡོ་བྱད་ཀྱི་ཚོགས་ལ

ང་ཐོན་བཞག་ཅེས་བོས་པ་ཡིན

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།