བླ་འབྲོང་གི་སྙན་ཚོམ།

117.jpg

ལྷོ་ཚ་ཡི་དམ་སྐྱབས། པིར་མིང་དུ་བླ་འབྲོང་དུ་འབོད། 1995མདོ་སྨད་ཀྱི་འབྲོག་སྡེ་སྲིན་པོ་ཆོས་ཚ་རུ་སྐྱེས།   2017ལོར་ནུབ་བྱང་མི་རིགས་སློབ་ཆེན་དུ་སློབ་མཐར་ཕྱིན།   སློབ་འབྲིང་དུ་ཞུགས་པ་ནས་བཟུང་དགའ་ཕྱོགས་གཙོ་ཤོས་དེ་རྩོམ་རིག་དང་ལོ་རྒྱུས།    གློག་བརྙན་སྐོར་ཡིན། 


རྣམ་ཤེས་ཤི་བ།( སྙན་ཚོམ།)

            མིག་ཟུང་ནག་པོ།

ཤཀྱཱ་ཐུབ་པས་སྐྱེས་བུ་རེ་རེར

ཚེ་སྲོག་སྦར་བྱེད་ཀྱི་དཀར་མེ་རེ་གནང་ཡོད

ཙི་ན་བ་ཁུང་ཙིས་ཀྱང་མི་བུ་རེ་རེར

རྣམ་ཤེས་དགར་བྱེད་ཀྱི་འོད་ཕུང་རེ་སྒྲོན་ཡོད

མི་རྗེ་ཙོང་ཁ་པས་སྐྱེས་བུ་རེ་རེར

འཇིག་རྟེན་མཐོང་བྱེད་ཀྱི་མིག་འབྲས་གཙང་མ་རེ་གནང་ཡོད

འོན་ཀྱང་མིའི་རིགས་ཀྱི་མིག་ཟུང

མུན་ནག་གི་གཏིང་སར་འབྱར་བ་ནས

གངས་རི་དཀར་པོ་ཡིན་པ་མཐོང་མ་སོང

མཚན་མོ་ནག་པོ་ཡིན་པ་མཐོང་མ་སོང

འོད་ཀྱི་ཁ་དོག་སེར་པོ་ཡིན་པའང་མཐོང་མ་སོང

གནམ་གྱི་ཁ་དོག་སྔོན་པོ་ཡིན་པའང་མཐོང་མ་སོང

ཞོགས་པའི་ཁ་དོག་ལྗང་གུ་ཡིན་པའང་མཐོང་མ་སོང

ཅི་ཡང་མཐོང་མ་སོང ཅི་ཡང་མཐོང་མ་སོང

ངས་ཉི་ནུབ་ངོགས་ཀྱི་གནམ་སའི་ཁ་དོག་དམར་པོ་ཡིན་པ་མཐོང་སོང

2017/8/1

ལུང་བསྟན་འོག་ཏུ་ནུབ་ཀྱིན་པའི་བོད།

རི་རབ་དང་གཙང་བོའི་པང་དུ

ལུང་བསྟན་མུ་རུ་འབབ་ཀྱིན་འདུག

མགོ་ཐོག་ཏུ་ལུང་བསྟན་བབས་སོང

མི་རིགས་ཀྱི་སྐད་ཆ་མེད་པར་འགྲོ་སྲིད

མེས་པོའི་ཡུལ་སྲོལ་གོམས་སྲོལ་དག་མེད་པར་འགྲོ་སྲིད

བླ་དང་སྲོག་གི་དད་པ་མེད་པར་བཟོ་སྲིད

གངས་རི་ཆེན་པོ་འདི་མེ་ནང་དུ་འཐིམ་སྲིད

དེ་ནས་མིག་ཆུ་དང་ངུད་མོ་ལས་ཅི་ཡང་མེད་སྲིད

ཉི་མ་དང་ཟླ་བའི་པང་དུ

མི་རིགས་ཀྱི་ལྷ་ཚོགས་སླེབས་སོང

གནམ་ནས་བབས་པའི་ལུང་བསྟན་གྱི་ཁུད་དུ

མི་རིགས་ཀྱི་ལེགས་ཉེས་ཤོང་སོང

ལོ་རྒྱུས་ཀྱི་སྡིག་སྒྲིབ་ཤོང་མ་སོང

ཆེས་མཐའ་མཇུག་གི་ལུང་བསྟན་ནང་དུ

འབྲོག་པ་དང་ཞིང་བ་དག་ལ

མུ་མཐུད་ནས་ལུང་བསྟན་འབྱོན་སོང

ཁ་བ་དང་མཉམ་དུ་འབབ་ཀྱིན་འདུག

རི་རབ་དང་གཙང་བོའི་པང་དུ

ལུང་བསྟན་མུ་རུ་འབབ་ཀྱིན་འདུག

                                   2017/7/29

མེ་ལོང་ནག་པོ།

མེ་ལོང་གི་ངོས་སུ་སྡིག་སྒྲིབ་ཉེས་ལྟུང་གི་མནོལ་གྲིབ་འབྱར་ཡོད

མེ་ལོང་གི་ངོས་སུ་ཉོན་མོངས་ཚ་འཕྲུལ་གྱི་གཙང་བོ་འཁྱིལ་ཡོད

མེ་ལོང་གི་ངོས་སུ་སྐྱེ་འཆི་སྡོམ་བྱེད་ཀྱི་བཙོན་ཁང་བཞེངས་ཡོད

མེ་ལོང་གི་ངོས་སུ་ལུང་གིས་ཟིན་པའི་གངས་རི་དང་རྩྭ་ཐང་ལྷག་ཡོད

མེ་ལོང་འདིའི་ཁ་གཏད་དུ་འགྲེང་མཁན་དེ

མིག་དབང་གི་ནུས་པ་ཟད་པའི་སྐྱེ་བོ་ཞིག་ཡིན

མུན་པའི་སྙིང་རྩར་རྡེག་གིན་མཚན་མོ་རྗེེས་སུ་ཁྲིད་མཁན་ཞིག་ཡིན

བྲང་ཁོག་ཏུ་"ངོ་ལོག"གི་ལས་འགུལ་མཆེད་ཀྱིན་པའི་ཡི་གེ་བ་ནག་པོ་ཞིག་ཡིན

མེ་ལོང་ལས་ཉི་འོད་གྱོན་པའི་སེར་མོ་བའི་རྒྱལ་ཁབ་ཀྱི་ཕོ་བྲང་དེ་མཐོང་མ་སོང

མེ་ལོང་ལས་རི་ཐོག་བཙན་རྫོང་གི་ཤམ་བྷ་ལའི་དམག་དཔུང་དེ་མཐོང་མ་སོང

མེ་ལོང་ལས་གངས་ཀྱིི་རྩིགས་ལྡེབས་སུ་བརྐོས་བའི་ཉི་ཟླའི་ཞལ་ཐང་དེ་མཐོང་མ་སོང

མེ་ལོང་ལས་བསམ་བློའི་ཚ་ཐབ་ཏུ་བཙས་བའི་རུས་པའི་མེ་ལྕེ་དེ་མཐོང་མ་སོང

མེ་ལོང་ལས་"སྨྱུ་གུའི་གློ་གྲི་"ཐོགས་པའི་ཁེར་ཀྱང་གི་མྱི་ཕོ་དེ་མཐོང་མ་སོང

མེ་ལོང་ལས་བསྟན་བཅོས་གྲངས་མེད་ཀྱི་མཁལ་ཚལ་གཤགས་པའི་ཤེས་རབ་ཀྱི་གནའ་གྲོང་དེ་མཐོང་མ་སོང

མེ་ལོང་ལས་ཉི་འོད་འོག་གི་མི་ཐམས་ཅད་ལ་རང་དབང་ཡོད་པ་མཐོང་མ་སོང

མེ་ལོང་ལས་ཤེས་རབ་ལས་སྐྱེས་བའི་མི་རིགས་ཀྱི་ཡི་གེ་སྒྲ་དབྱངས་ཐོས་མ་སོང

འོན་ཀྱང མེ་ལོང་ནག་པོ་ལས་"ཚེ་སྲོག"་རྙེད་ཐུབ

མེ་ལོང་ནག་པོ་ལས"འཆི་བ"རྙེད་ཐུབ

2017/7/12

དཀོན་མཆོག་གི་ཕོ་མཚན།

མཚན་མོའི་པང་དུ་བསྣར་བའི་དུག་སྦྲུལ་ནག་པོ་ཞིག

དུས་ཚོད་ཀྱི་ལྟེབ་ཁུག་ཏུ་འཁྱུད་ནས་མེ་ཏོག་གི་མགོ་བོར་འཁྱུག

མུན་པ་དང་ཚ་གདུག་གི་ཀློང་ནས་ཀུ་ཅོ་བཏོན

ལྟ་ན་སྡུག་པའི་མི་ཡུལ་གྱི་མཚོ་མོ་དག་སྐམ་དུ་བཅུག

མ་ཎི་ཡིག་དྲུག་དྲུག་གི་གདགས་སྲིབ་བར་ན

འཁྱག་རིས་ཟིན་པའི་ཀེང་རུས་སྣ་ཚོགས་སྤུངས་ཡོད

ཁྱོད་རང་འགུལ་ཚེ འདོད་ཡོན་གྱི་ནགས་ཚལ་མེ་ལ་ཤོར་སྲིད

མུན་ནག་གི་འཇིངས་སུ སྐྱེས་འཆིའི་ཕྱི་ནང་གི་སྟོང་ཉིད་རླུང་གིས་སྐྱོམ་སྲིད

རྣམ་ཤེས་ཀྱི་ས་བོན་ནག་པོ་འགའ

སྐམ་རིད་དུ་གྱུར་བའི་ཉི་འོད་ཀྱི་མྱ་ངམ་ཐང་དུ་འབུས

མཚན་མོའི་མུན་ནག་གི་མིག་ཟུང་མཐའ་རུ

ཉོན་མོངས་ཚ་བཤེར་གྱི་གཙང་བོ་དམར་ལྟེམ་མེར་འཁྱིལ

༢༠༡༧/༧/༨

     རྣམ་ཤེས་ཤི་བ།

སྐར་མ་རབ་རིབ

རྨི་ལམ་ནང་དུ་ལྷུང་སོང

དུ་སྤྲིན་ཀྱ་ཀྱུ

ནམ་མཁའི་ཕར་ཚུར་སྤྲེལ

སྒྱུ་མ་བན་བུན

སྲིད་པའི་ནགས་ཚལ་གཡོགས

དུས་ཚོད་ཀྱི་འགྲུལ་སྣེར

ཁྱོད་ཀྱི་གྲིབ་གཟུགས་འབྱར

གངས་རྒྱབ་ཏུ་འཕུར་བའི་བྱ་གླག་གིས

ཁྱོད་ཀྱི་མགོ་རུས་བཏེགས་ནས་འཕུར

མུན་ནག་གི་སྦུབས་སུ
ཁ་བ་ནག་པོ་བབས

དུར་ཐང་གི་རི་ཚོགས་ལས

རྡོ་བའི་འཁུན་སྒྲ་ཐོས

མར་མེ་རྐོང་གཅིག་གིས

མཚན་མོའི་སྙིང་ཁམས་བསྲེགས་ཀྱིན་འདུག

བླ་ངོས་སུ་འབྱར་བའི་འོད་ཟེར་གྱི་ཡིག་འབྲུ་དག

མཚན་མོའི་ལྷགས་རླུང་གིས་འཁུར

ཚེ་སྲོག་གི་བླ་མཁར་འདེབས་ས

ཀེང་རུས་བརྩིགས་པའི་ནམ་མཁའ་ཡིན་འདུག

2017/3/17


སྡིག་སྒྲིབ་ཀྱི་འདམ་དུ་བྱིང་བའི་ཁྱོད། (སྙན་ཚོམ)

ཡང་ན

ཉི་མའི་གནའ་གྲོང་དུ་རླུང་བུ་ལྡང་ནས

ཁྱོད་ཀྱི་ནམ་མཁའ་དང་ས་གཞི་ཁུར་ཡང་སྲིད

ཡང་ན

རི་བོའི་ཚུར་རོལ་དུ་གློག་འཁྱུག་ནས

ཁྱོད་ཀྱི་རྣམ་ཤེས་ཀྱི་འོད་ཉག་དེའང་མུན་སྲིབ་ཏུ་བཀྱེས་སྲིད

ཡང་ན

མཚན་མོའི་མཁར་རྫོང་དུ་ཆར་བ་འབབ་ནས

ཁྱོད་ཀྱི་བླ་སྲོག་གི་རྩིགས་པ་དཀར་པོ་ཞིག་སྲིད

ཡང་ན   

ཉི་མས་ཁྱོད་ཀྱི་སྐྱོ་མངལ་རོལ་མོར་སྦྲེངས་ནས

གཙང་བོས་ཁྱོད་ཀྱི་མིག་ཆུའི་འཕག་འཚག་སློག་ནས

ཁྱོད་ཀྱི་ལས་དབང་གི་གཙང་བོ་ཡང་ཡང་འཁྲུག་སྲིད

ཡང་ན

ཞོགས་པ་འདིའི་ཕ་རོལ་ན་ད་དུང་ཅི་ཞིག་ལུས་ཡོད

རྨི་ལམ་ཆག་རོ་འདི་སུ་ཞིག་གིས་སྒྲིག་པ་ཡིན

གང་ལྟར་སྐབས་དེ་ཤེད་དུ

ཁྱོད་ཀྱི་འོད་ཟེར་གྱི་ལྕེབས་ཐག་ལ་འཇུས་ནས

ཉི་མའི་པང་དུ་ལོག་འདོད

ཉི་ནུབ་ཀྱི་ས་ཚིགས་མཐའ་མ་དེའི་ནང་དུ

འུ་གཉིས་ཀྱི་སྐྱེ་བ་འདིའི་རྨི་ལམ་བཏབ་ཡོད

                    ༢༠༡༦/༧/༡༨ ཉི་མ་བླ་བྲང་དུ་བྲིས།

ཉི་ངོགས་ཀྱི་མྱི་ཕོ།

གནའ་བོ་ཞིག་ལ

རྟ་མུན་ནག་གི་ཁྲོད་དུ་གསོས་ཤིང

སྒ་མུན་ནག་གི་ཁྲོད་དུ་བསྟད

གློའང་མུན་ནག་གི་ཁྲོད་དུ་འཐེན

རལ་བ་གྲིབ་ངོགས་སུ་འཕྱོ

ལུས་ཀྱི་རྩ་ལམ་རེ་རེར་ཁྲག་ཁོལ་མའི་རྦ་རླབས་འཕྱུར

རལ་གྲིས་མུན་ནག་གི་ཁོག་པ་གཤགས་ནས

ཁྱོད་རང་འཇིག་རྟེན་གྱི་དབུ་རུ་སྐྱེས

ཞོགས་པའི་ཉི་རྡུལ་གྱི་འོག་ཏུ

རྨིག་པས་ས་ཆེན་གྱི་བྲང་ཁོག་བརྫིས་ཤིང

རྡུལ་ནག་གིས་བར་སྣང་ཧྲིལ་པོར་བསྒྲིབས་ནས

ཉི་མའི་ཕྱོགས་སུ་ཆས་བའི་མྱི་ཕོ

འོད་ཀྱི་གཡང་རོང་དུ་མཆོངས

ཁྱོད་ཀྱི་བྲང་ཁོག་ནས་མཆེད་པའི་དཔའ་གདེང་གི་གླུ་སྐད

བསྟན་བཅོས་ཁྲི་ཕྲག་གི་ཡི་གེ་ཀློང་དུ་འབར

ཁ་ཆེམས་ཀྱི་ཡིག་འབྲུ་རེ་རེ་ཡིས

སྐྱེས་བུ་རེ་རེ་ཡི་བླ་རྐང་བརྡུངས

བླ་སྲོག་གི་གཏིང་སར་དཀྲོལ་བའི་རོལ་དབྱངས་དེས

མུན་ནག་གི་རྣམ་ཤེས་ཁྲི་ཚོགས་ལ་མེ་རྟ་བསྒྲོན

ཆུ་ལ་བསྐྱུར་བའི་གཏམ་རྒྱུད་དེའི་མཇུག་བྱང

སྐྱེས་བུ་སུས་ཀྱང་ཀློག་མ་ཐུབ

མཚན་མོའི་མིད་པ་འགག་པའི་ཕྱི་རོལ་དུ

མི་རྣམས་ས་རྡུལ་རྡོག་གཅིག་གི་ངོ་བོར་གྲུབ་ཚར

ཁྱེད་ཀྱིས་ཕོ་བྲང་གི་ཇུས་ཆེན་འབྲི་འཕྲོར་ལུས་སོང

ཁྱེད་ཀྱིས་སྲིད་པའི་སྒོ་ཆེན་རྡུང་མཚམས་ཆད་སོང

༢༠༡༥/༡༡/༢༥ལན་གྲུས་བྲིས།

བོད་དཀར་པོར་ཕུལ་བ། 

ཁྱོད་ཐོག་མ་ནས

ལྷ་སྒྲུང་གི་རྨུ་ཐུག་ཏུ་འཇུས་པ་ནས

མི་ཡུལ་དུ་མ་ཎི་གྲངས་མེད་ཀྱི་ཁ་བ་བསྟུད་མར་བབས

ཆོས་འཁོར་ལན་མང་གི་བྱེད་སྒོ་བསྟུད་མར་བསྡུས

"རྡོ་བ་འཁྱག་པ་རེ་རེར་ངོས་སུ

ལྷ་ཚོགས་ཀྱི་ཞིང་བཀོད་རེ་བརྐོས"

ཁྱོད་རང་ཚེ་ཡི་ཕར་ངོགས་སུ་དཔྱངས་ནས

མཐར་"ཐར་བའི"་ཁྲི་འཕང་གི་སྟེང་དུ་བབས

ཤཱཀྱ་ཐུབ་པ་ཟེར་བའི་གནའ་མྱི་བགྲེས་ཁོག་ཅིག

ལོ་ངོ་ཉིས་སྟོང་རིང་ཁྱིམ་གྱི་རྟེན་དུ་བཞེངས་ཡང

ཁྱོད་ཀྱིས་ད་དུང་འཁོར་བའི་ཉོན་མོངས་ཀྱི་དུག་རྩ་གཏིང་ནས་གཅོད་མ་ནུས

སྲིད་ཀྱི་ཕབ་གཅོག་གི་རླུང་དམར་ནང་དུ

ཨག་ཚོམ་རིང་བོ་སྐྱེས་བའི་བགྲེས་ཁོག་མར་ཁི་སེར་ཟེར་བ་ཞིག་གིས

སའི་གོ་ལའི་སྡེ་ཚོ་འདིར་སླར་ཡང་བགོས་ཀྱང

ཁྱོད་ཀྱིས་ད་དུང་སྙིང་རྗེ་གཟུང་ཐག་གི་སེམས་གཤིས་རྩ་ནས་དོར་མ་ནུས

བོད་དཀར་པོ  མར་མེ་རྐོང་གཅིག་གི་ངོགས་སུ་གཡེང་ཡོད

བོད་དཀར་པོ   མ་ཎི་རྡོག་གཅིག་གི་དབྱངས་ལ་སིམ་ཡོད  

བོད་དཀར་པོ   ངའི་འདས་མ་ད་གསུམ་དང་སྤྲེལ་ནས་ཡོད                   

2016/6/16ལན་གྲུར་བྲིས།

ཉི་མར་ཕུལ་བ།

འོད་ཀྱི་ཐིགས་པ་གཅིག

མུན་ནག་གི་ལོ་ངོ་བྱེ་བའི་མཁའ་དབྱིངས་སུ་དཔྱངས་ནས

ཉི་ཟེར་གྱི་རྡུལ་ནང་གསོན་པའི་དབུགས་ཐོགས་བྱེ་བ

ཁྱོད་ཀྱི་ཐུ་འོག་ཏུ་སྐྱེས་ཤིང

ཁྱོད་ཀྱི་གྲིབ་ངོགས་ནས་རྒས

ཚ་གདུག་གི་རླབས་དྲག་པོས

འཇིག་རྟེན་ཟོམ་དུ་ཉོན་མོངས་ཀྱི་ཚ་གྲིབ་ཁོ་ན་བསྐྱིས་དུས

རང་དབང་བྲལ་བའི་སྐྱེས་བོ་དག་འདོད་ཡོམ་གྱི་གཡང་གཟར་དུ་ལྕེབས་སོང

འཁོར་བའི་མངལ་དུ་ས་ཆུ་མེ་རླུང་གི་ས་བོན་བཏབ

མཇུག་མཐའི་ཉི་འོད་ནང་དུ་སྐྱེས་པའི

བགྲེས་པོའི་སྐྲ་ལོ་དཀར་པོ

མྱི་དང་མྱིའི་ལག་པ་རིང་པོ

སྐད་དང་ཡི་གེ་ཡི་ང་རོ

རྡུལ་གྱི་ཕུང་བོ་གཅིག་ཏུ་ཉིལ་སོང

དེ་དུས་ཁྱོད་ཁོ་ནས

ནམ་མཁའི་ཁེར་རྐྱང་གི་ཀློང་ཁམས་སུ་བཏེགས་ནས

ཕྱི་སྣོད་ཀྱི་རྒྱ་མཚོའི་གཏིང་དུ་ལྕེབས་དགོས

 ༢༠༡༦/༦/༧ལན་གྲུར་བྲིས།

རྨི་ལམ་ནག་པོ།

གནམ་གྱི་ཉི་མ་ཤི་ནས

མུན་པའི་སྐར་ཚོགས་ས་རུ་འཐོར

དཀོན་མཆོགའང་ནམ་མཁའི་མཐོངས་སུ་གཤེགས

ངས་རང་གི་བླ་ལ་དད་པ་བྱོས

ཨམ་འབྱོག་ནང་དུ་མུན་པ་བླུགས

མགྲིན་པའི་ཁོག་ཏུ་མགུར་བཏང

ནམ་མཁའ་བླངས་ནས་མེ་ལོང་བྱས

མུན་ཁྲོད་དུ་ངུ་ཤུམ་འཐེན

མིག་ནང་དུ་མེ་ཏོག་འཐུས

རླུང་ཁྲིད་ནས་སྟོང་ཁམས་ཉུལ་རྗེས

དུས་ཚོད་ཀྱི་ཆུ་མྱགས་ཀྱིས་མི་རྣམས་བརྫིས

ཉི་མ་ལྟེ་ཐག་ཏུ་བྱས་ཡུལ་གྲུ་འདིར

མུན་པའི་སྐྱེལ་ཚད་བཏབ

འོད་ཀྱི་གཟི་ཐིག་ཕབ

ནམ་མཁའི་མིག་ཆུ་འབྱིད

བླ་ཡི་སྦུབས་ཆ་འཁྲོལ

དེའི་རྗེས་སུ་ཟླ་བའི་ངོགས་སུ་དཔྱིད་ཀ་ཚེས་ངེས་ཡིན

སྒྱུ་མ་བསལ་བསིལ་གྱི་རླུང་ཆེན་ཤར་ནུབ་ཀུན་ནས་གཡུགས

རྟོག་པ་བན་བུན་གྱི་རྒྱ་མཚོས་འཇིང་གི་འཇིག་རྟེན་སྐྱོམ

2017/9/12མང་རྫོང་དུ་བྲིས།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།