ན་གཞོན་སྙན་ངག་པ་བདུན་གྱི་གསར་བྲིས་སྙན་ངག

127.jpg

ཤིན་ཏུ་འཁྱག་པའི་དྲན་པ།

ཉྭ་སྲིན་པོ། (མཚོ་ལྷོ)

ཕ་ཡུལ
རླུང་བསིལ་མོ་ཞིག་གི་ཁ་ན་གཡོ་བའི
སྤྲིན་དཀར་གྱི་འདབ་མ
ཡིད་སེམས་ཀྱི་ཟབ་སར་མངོན་ཆུང་གིས་འཚེར་བའི
ཆུ་དྭངས་མོ་དང་རྡོ་བ་འཁྱག་པའི་སྣང་ལྗོངས


ཕ་ཡུལ
མཚམས་སྤྲིན་བཞུད་ཤུལ་དུ་འདར་བའི
འོད་ཟེར་གྱི་ཉག་མ་གཉོམ་པོ
བེའུ་ཁ་ལྡ་ཞིག་གི་ངུར་དབྱངས་ལ་འདྲེས་པའི
ས་སྲོད་ཀྱི་དུད་ཞགས་དང་རླུང་བུའི་སེམས་ངལ


ཕ་ཡུལ
ཁེར་རྐྱང་གིས་གཙེས་དུས
སེམས་གཞས་གདངས་སུ་འགུག་ཆོག་སའི་གཞས་མ་སྤྲོ་སྐྱིད་ཁང
ལུས་སེམས་དུབ་དུབ་རྗེས
སེར་སྣ་མེད་པར་མཆོད་ཆོག་པའི་ཝུ་བ་སོབ་སོབ་ཀྱི་བདུད་རྩི


ཕ་ཡུལ
ལན་རེར་གཞས་འཁྱག་པ་ཞིག་གི་གདངས་ལས་བཞུར་བའི
སྐྱོ་ངལ་གྱི་རླངས་པ་སྐྱ་བོ
ཉེ་རུ་བཅར་ཚེ
མེད་མེད་འདྲ་བའི་འཇའ་ཚོན་གྱི་མཛེས་སྡུག


ཕ་ཡུལ
རྣམ་ཤེས་ཀྱི་སྲོག་ལ་ཟུག་པའི་ཚེར་མའི་མེ་ཏོག
དྲན་གདུང་གི་མིག་ལ་འཁྲིགས་པའི་རྡུལ་གྱི་ཚོགས་པ
སྐར་ཆ་གཅིག་ལའང་བརྗེད་དུ་མེད་པའི
ཆགས་སྡང་གི་བྲིས་རིས་གསལ་བོ


ཕ་ཡུལ
སོང་སོང་རྗེས་ང་ཁྱེད་ཀྱི་སྟེང་ལ་སྤོ་བཞིན་འདུག
ཁྱོད་ཀྱི་དྲན་གདུང་དང་ཁེར་རྐྱང་གི་སྟེང་ལ་སྤོ་བཞིན་འདུག
བལྟས་བལྟས་རྗེས
ངས་ཁྱོད་ཀྱི་མིག་ཟུང་ལས་རང་ཉིད་མཐོང
ཁེར་རྐྱང་དང་རྨི་ལམ་གྱི་ཆག་རོ་ཁུར་བའི་རང་ཉིད་མཐོང


ཐོག་རེག་བྲལ་བའི་ཁྱོད་རང
ད་ལྟ རླུང་དང་རྡུལ་གྱི་ཟོལ་གྱིས
ཉི་འོད་དང་གཙང་ཆུའི་ཚུད་དུ
ངའི་རུས་རྐང་གི་གཏིང་ན་སྐྱོམ་གྱིན་འདུག  སྐྱོམ་གྱིན་འདུག

འཕྲུལ་སྣང་།

ཐོ་ཡོར། (དཀར་མཛེས)

གློ་བུར་སྣང་བའི་ཡུལ་འདིའི་སྲང་ལམ་དུ།།
ལམ་འཛོལ་བྱུང་བའི་སྐྱེ་བོའི་ཆོ་ངེས་གང་།།
བཙུན་མ་ཞིག་ཀྱང་ཆགས་པའི་ཉི་འོད་གསེང་།།
རྔུལ་ཆུའི་ཐིགས་པ་སྒྲུག་བཞིན་གདུག་སྤོས་བྱུག།
མཚན་ལམ་བརྒལ་པའི་བགྲེས་པོའི་མིག་ལྕིབས་འོག།
རྡུལ་ཕྲན་གཅིག་གི་ཉམ་ངའི་འོ་དོད་ཀྱང་།།
འཆི་འཕོའི་བར་སྐོར་གླིང་ནས་ཡང་ཡང་གྲགས།།
གཟུང་དང་འཛིན་པའི་གྲིབ་མའི་ཡལ་ག་རུ།།
གཟུགས་དང་གཟུགས་མེད་ཆུ་མིག་བརྡོལ་བཞིན་འཐམ།།
སྙན་པའི་སྒྲ་ཡང་ས་ལ་འཐོར་བའི་སྐབས།།
མཚན་མོའི་རླུང་གིས་ཁུར་བའི་གཟུགས་བརྙན་སོགས།།
གཟུགས་ཀྱི་འཁྲི་བའི་སྣམ་བུའི་སྣེ་མོ་རུ།།
གཟུགས་མེད་མེ་ཡིས་འཚིག་པའི་འཕྲུལ་བ་བྱུང་།།


འོན་ཏེ་ཤ་ཁྲག་ཁུར་བའི་སྒྱུ་འཕྲུལ་ཡང་།།
ཡོད་དང་མེད་པའི་རྒྱ་ལས་རྒ་བར་འགྱུར།
འཁོར་བའི་གྲང་ངར་སྣང་བའི་རྒྱབ་ནས་ལྡང་།།
མི་རྣམས་རྩིག་གྱང་ངོས་ཀྱི་ཁེར་རྐྱང་དུ།།
ཇ་སྐོལ་མེ་འབུད་སྡོང་བོ་འཛུགས་མཁན་གྱུར།།

ང་ཚོ་རང་རང་ས་ནས་ཁ་རོག་གེར་བསྡད།

དུང་བུ་ཆོས་འབུམ་རྒྱལ། (རྨ་ལྷོ)

ང་ཚོ་རང་རང་ས་ནས་ཁ་རོག་གེར་བསྡད
སྐབས་སྐབས་ཀྱི་སྐྱོ་གདུང
འགྲེལ་བཤད་ཅི་ཡང་མེད་པ་ལྟར
རང་སེམས་ལ་འཇགས


ནམ་གུང་ལ་སླེབས་པ་ལྟར
ང་ཚོ་རང་རང་ས་ནས་ཁ་རོག་གེར་བསྡད
མུན་པ་དང་ལྷིང་འཇགས་གཞི་གཅིག་ཏུ་འདྲེས་པས
ངས་ཁྱོད་ག་ལ་མཐོང་ཐུབ


སྟོན་ལོ་འཐོར་ཤུལ་གྱི་སྡོང་བོ
དགུན་གཞུང་ན་ལུས་པ་ལྟར
ང་ཚོ་རང་རང་ས་ནས་ཁ་རོག་གེར་བསྡད
འུ་གཉིས་ལ་འབྲེལ་བ་ཅི་ཡང་མེད་པར་གྱུར


ནར་སོན་གྱིན་པ་ནི
རྒྱང་ལ་ཆས་པ་ལྟར
ཡོད་ཚད་རླུང་ལ་འདྲེས
ང་ཚོ་རང་རང་ས་ནས་ཁ་རོག་གེར་བསྡད

ཁྲིན་འདུའི་བོད་ཁྲོམ་ཉུལ་བ།

ཐོག (ཁྲི་ཀ)

ལྕགས་རྟར་ཞོན་པའི་གྲྭ་བ་ཆུང་ཆུང་ཞིག
ཆོམ་སྒྲ་དང་བཅས་ཐང་ལ་འགྱེལ
ཚོང་ཆོས་ཤོམ་པའི་གཞོན་ནུ་མ་གསུམ
ཧབ་ཆ་དི་རིར་བགད་པས་ང་ཡང་བགད
འོད་དང་འགྲོགས་པའི་ཨ་ང་ཙི་ཞིག
གཤོག་པ་རྡེབ་བཞིན་ལམ་དུ་འཕུར
སྐབས་ཤིག་ང་ཡི་ལག་པར་བབས
སོ་ཞིག་བཏབ་སྟེ་སླར་ཡང་འཕུར


ལམ་གྱི་གཡས་གཡོན་བསིལ་རླུང་ལྡང
ང་རང་གཅིག་པུ་སྲང་ལམ་བརྒལ
བོད་ལྭ་གོན་པའི་གཞོན་ནུ་མ་ཚོས
འཛུམ་མདངས་བསྟན་ཏེ་གནས་ཡུལ་སྙེག
དུས་རབས་ཤིག་གི་མཚན་མོ་ལ
གཏན་ཚིགས་ཆག་པའི་ཡི་གེ་བཞུར
དཔེར་ན   རྨི་ལམ་དང་རྒྱང་རིང་ལྟ་བུ


ཆང་ཁང་འགའ་རེའི་སྒེའུ་ཁུང་ཕྱིར
རོལ་མོ་སྣ་ཚོགས་མུན་གནག་ཟུག
རྐང་མཐིལ་ན་བའི་སྡུག་བསྔལ་གྱིས
མི་ཞིག་བདས་ཏེ་ཕྱིར་ལམ་ཞུགས
རླངས་འཁོར་བཞུད་སའི་ལམ་གྱི་མདོར
གློག་ལྗང་གློག་དམར་རེས་སུ་རྗེ
བརྩེགས་ཁང་མཐོན་པོའི་རྩེ་མོ་ནས
སེར་པོར་སྣང་བའི་ནམ་མཁའ་མཐོང

ཐང་ཆེན་སྟེང་གི་ལྡེ་ལྡེ།

སྔོན་པོ་ཏོག (པེ་ཅིན)

དུས་དེ་ནས་བཟུང
ཁོ་རང་དགའ་བསུ་མི་འཐོབ་པའི་སྤྱོད་ཁང་སྒོ་སྲུང་ཞིག་ཏུ་གྱུར
མི་རྐྱང་གཞིས་ཀ་རུ
ཧ་རྡུ་ལིན་རྟགས་ཅན་གྱི་ཐ་མག་རྔུབ་ཏེ
གློག་བརྙན་སྐར་ཆེན་དང་ཤེ་སྦྱོར་བྱེད་པའི་རྣམ་རྟོག་འཁྲིགས
གློག་འོད་ལྗང་སེར་མནབས་པའི་སྲང་ལམ་ལ་བྱང་རླུང་གཡུགས་དུས
ཁོ་རང་གནས་ཚང་མ་རྙེད་པའི་བྱེའུ་ཞིག་དང་འདྲ་བར
ལྭ་རིང་གྱོན་ཏེ་ཆེས་མཇུག་མཐའི་རྨི་ལམ་ལ་གཤོག་ལྕག་བརྒྱབ
ཕ་རོལ་པོས་གོ་སྐབས་སྤྲད་དེ་དམན་སའི་མཁར་རྫོང་ལ་འཁྲིལ་བ་མིན་ཚེ
ཁོ་རང་འཇིག་རྟེན་འདིར་མེད་ཐབས་མེད་པའི་འཁྲབ་སྟོན་པ་ཞིག་ཏུ་མི་འགྱུར་གྲང 


མཚན་གཞུང་གི་ཅོང་སྒྲ་སི་ལི་ལི་གྲགས་པའི་ཚེ་ན
ཁོ་རང་རིན་པོ་ཆེ་སྣ་བདུན་གྱི་ཁྲི་ལ་བཞུགས་ཏེ
བཙུན་མོ་ཆིག་ཁྲིའི་འཁོར་གྱི་དགའ་མགུར་རོལ
དུས་ཚོད་ཀྱི་རླུང་བུ་གཡུགས་ཤིང་ལྡང་གིན
སྨྲེང་བ་རྣམས་རླུང་རྟ་བཞིན་ག་ལེ་ག་ལེར་རྒྱང་དུ་ཁུར
སྲིད་པ་འདིའི་སྟེང་ཤ་གཟུགས་སྒྲེན་པ་ལྟ་བུའི་སྣང་བརྙན་འགའ་ཤས་ལྷག་པའི་དུས་སུ
མེས་པོ་དེ་དག་ཇི་ལྟར་རླབས་ཆེ་བའི་ལྷ་སྒྲུང་གིས་ནི་ཅི་བྱ
ཐང་ཆེན་སྟེང་གི་ལྡེ་ལྡེ་དང་འདྲ་བར
འདས་ཟིན་པ་དུ་རྐང་གི་མེ་ལ་བསྒོས་ཏེ
ཆེས་མཇུག་མཐའི་ཉི་འོད་ལོངས་སུ་སྤྱོད་རོགས


གྲོང་ཁྱེར་སྲིད་གཞུང་གི་རྒྱང་སྒྲོག་ལས་དབྱངས་རྟའི་ཉེར་ལེན་སྒྲོག་པའི་ཚེ་ན
ཁོས་མི་ཚོགས་ཀྱིས་རྐང་སྟེགས་འཆའ་བའི་རྡོ་གྲུ་བཞི་ལེབ་མོ་དག་ལ་ཅེར་ནས
མི་ཚེ་དང་དེ་གའི་བར་དུ་མཐུན་ཆོས་ཤིག་ཡོད་པར་སྙམ
འོན་ཀྱང་དེ་ནི་ཀུན་རྟོག་གི་འདི་སྣང་ཁོ་ནར་ཚུགས་ཐུབ་པ་ཞིག་གམ
ཁོ་རང་གྱེས་པའི་དུས་ལ་གྲིབ་མ་བསྐྱུར་བར་མི་དགའ་ཞིང
དེ་ནི་བཤང་གཅི་གཏོར་རྗེས་ཨོང་ཤ་མ་འབྱིད་པ་དང་འདྲ་བར་སེམས
བསེར་བུ་ཤབ་ཀྱིས་རྒྱུགས་ནས་སྡོང་ལོ་དག་བར་སྣང་དུ་ཤོག་སྦག་བཀད་པ་དང་མཚུངས་པ་ནི
སྟོན་ཀ་གཞན་ཞིག་སླེབས་ཟིན་པའི་རྐྱེན་གྱིས་སོ
ཁོས་རང་གི་སྲིན་མཛུབ་ལ་རེག་ཙམ་བྱས་ཏེ
དུས་ཚིགས་ཀྱིས་བརླག་འགྲོ་བ་ནི་མི་དང་དྲན་པ་ཁོ་ན་མ་ཡིན་ཏེ
མཛུབ་དཀྲིས་ཀྱི་དྲོད་ཁོལ་ཡང་ངོ
ཁ་ཆེ་ཟ་ཁང་ལ་མགྲོན་པོ་ཆེས་མང་བའི་དུས་འདི་ནས
ཁོ་རང་བཞུད་པའི་གནས་སྐབས་བར
ད་དུང་མི་ལོ་མང་པོ་ཞིག་ཡོད་པའང
སྤྱོད་ཁང་འདིའི་གཞི་གྲུབ་དང་འདྲ་བ་ལ་ཨང

ཁང་མིག

ཁ་བ། (པེ་ཅིན)

ཟླ་འོད་ཀྱིས་མཚན་མོའི་ཕྱེད་ཙམ་ཁེབས་འདུག

གློག་འོད་ཀྱིས་ཁང་མིག་གཅིག་བཀང་འདུག


སྒོ་འགྲམ་དུ་ཟུག་པའི་ཁྱི་དེ་ཕྱི་ནང་གང་དུ་ཕྱོགས་ཡོད་དམ
ཚ་ཐབ་ན་སྔུར་བ་འདྲེན་བཞིན་པའི་ཞི་ལ་དེས
བྱི་བ་ཞིག་གི་ལམ་འཛོལ་ལ་སྒུག་ཡོད་དམ
གློག་སྒྲོན་གྱི་མཐའ་རུ་འཚངས་བའི་འབུ་མེ་ལྕེབས་དག་གི

སེམས་པ་ཤོར་ས་ནི་འོད་ཡིན་ནམ་འཆི་བ་ཡིན
གྱང་ལྡེབས་སུ་ཁ་ཕྱོགས་མེད་པར་རྒྱུ་བཞིན་པའི་འབུ་སྡོམ་དེས་
ཚང་མལ་གང་དུ་བཅས་ཡོད་དམ
འདི་དག་གི་ལན་ངས་རྙེད་མ་བྱུང་མོད


སྨྱུ་གུ་བཟུང་བའི་བུ་མོ་དེའི་སེམས་པ་ཤོར་ས་ནི
རྒྱང་རིང་གི་འཚོ་བའི་ཁ་དོག་ཡིན་འདུག

ཟླ་བ་ཁྱོད་ཀྱིས།

སྙན་བུ། (པེ་ཅིན)

ཁ་བ་ལེབ་མོ་ལེབ་མོ་ལྟར་ཟགས་པའི་འོད་ཀྱིས
མགོ་ཐོག་གི་སྤྲིན་རིམ་བརྟོལ་ནས
ང་དང་འཇིག་རྟེན་བར་གྱི
ཡིད་འོང་གི་དོ་ར
དཀར་པོ་དཀར་གཙང་དུ་སྒྱུར་རོགས
འདུ་འབྲལ་གྱི་གླུ་སྐད་དང་གཤོག་པ
ཁ་དོག་དཀར་པོར་སྒྱུར་རོགས


མིག་ཆུ་མུ་ཏིག་བཞིན་འཐོར་བའི་འོད་ཀྱིས
སེམས་ཁོང་གི་སྐྱོ་སྡུག་སྦངས་ནས
ང་དང་ཆུང་འདྲིས་བར་གྱི
བརྩེ་དུང་གི་ལོ་ཟླ
དཀར་པོ་དཀར་གཙང་དུ་སྒྱུར་རོགས
རྙེད་ཅིང་བོར་ཟིན་པ་ཐ་དག
ཁ་དོག་དཀར་པོར་སྒྱུར་རོགས


མཛེས་སྡུག་གི་ཁེར་རྐྱང་ལས་འཕྲོས་པའི་འོད་ཀྱིས
མཚན་སྨག་གི་ལྷིང་འཇགས་བརྒལ་ནས
ང་དང་རང་ཉིད་བར་གྱི
རྒྱང་རིང་གི་རྨི་ལམ
དཀར་པོ་དཀར་གཙང་དུ་སྒྱུར་རོགས
ནམ་ཞིག་ཆག་གྲུམ་ཤོར་བའི་སྒྲ་ལས་མེད་ཀྱང
ཁ་དོག་དཀར་པོར་སྒྱུར་རོགས

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།