ཁྲི་སེམས་དཔའི་གསར་བྲིས་སྙན་ངག(ཁག་བཞི)

129.jpg

དམ་བཅའ།

མུན་རུབ་སོང་ནའང་། 

ངས་ཞོགས་པ་ཞིག་ཤར་རྒྱུ་ཡོད་པ་བརྗེད་མི་སྲིད། 

མཚན་ལམ་རིང་མོ་རླུང་གིས་ཤིག་ཤིག་བསྒུལ་ཡང་།

སེམས་ཀྱི་གངས་རི་སྔར་བཞིན་རྒྱང་རིང་དུ་ཀྲོང་ངེར་འགྱིང་།

རྨི་ལམ་གྱི་ཁ་འཚུབ་གང་དུ་ཕྱེས་ཀྱང་ཕྱེས།

སྐར་ཚོགས་ཁྲ་ཆིལ་དགུ་ཆིལ་ཞིག

ངའི་སྨོན་འདུན་གྱི་མཁའ་རུ་འཚེར་ཡོད།


མུན་པའི་ཁ་གཏད་དུ། 

ཁེར་རྐྱང་གི་གདུང་བས་ཡང་ཡང་སྒེའུ་ཁུང་བརྡུངས་ཀྱང་། 

རླུང་ནང་གི་གྲིབ་གཟུགས་དེ་དག་ང་ལ་འབྲེལ་བ་ཡེ་ནས་མེད།

ངའི་ནང་སེམས་ཀྱི་སྐྱེད་མོས་ཚལ་དུ།

གཡུ་སྦྲང་གཞོན་ནུའི་སེམས་གཏམ་མེ་ཏོག་གི་མདངས་སུ་བཞད།

ང་ལ་དབྱར་ཁ་རྫོགས་ཟིན་མ་ཟེར།

དུས་ཚིགས་བཞི་བོ་ང་ལ་མཚོན་ན།

མཐོ་སྒང་གི་ཨ་སྔོན་བཞིན་དྭངས་ཤིང་གཙང་།


འུར་ཟིང་གི་ས་གཞི་འདི།  

ཞོགས་པ་གྲངས་མེད་ཀྱི་ནལ་བུ་ཡིན།

ཚེར་མའི་གསེང་ནས་རྙེད་པའི་ལག་ཕྱིས་གློ་སྐྱ་དེ་རླུང་ལ་བསྐུར་རོགས།

ལམ་ཟེར་བ་ཡོད་ཚད་ཀྱིས་སྤང་ལྗོངས་དེད་ནས་རི་ཀླུང་འགྲིམ་སོང་།

མནོལ་གྲིབ་ཕོག་པའི་ཆུ་ཕྲན་ཀྱ་ཀྱུ།

མཚན་མོའི་འོབས་སུ་བཞུར་ནས་ལོ་ཟླའི་སྨྲེང་བ་དབྱངས་ལ་གྱེར།

ང་མཚན་མོའི་ཁོང་དུ་བསྡད་དེ། 

རྨི་ལམ་གྱི་ས་བོན་སྤར་མོ་གང་བོ་འདི་སང་ཞོགས་ཀྱི་མངལ་དུ་གཏོར།


མཆོད་མེ་རྐོང་བུ་གང་གི་གཟི་མདངས་ནི།

ངས་མཚན་མོར་ཕུལ་བའི་མཆོད་པ་ཡིན།

ནམ་གྱི་ཕྱེད་ཀ་རྫོགས་དུས། 

ལམ་གྱི་སྣེ་མོ་ཡོད་ཚད་ཕྱོགས་བཞིར་བརྐྱངས་ཀྱང་། 

ངས་བརྗིད་ཆགས་ཀྱི་གངས་རི་བསྙེགས་ནས།

མ་ཡུམ་གྱི་འཛུམས་མདངས་བསྒོམས་ནས།

ཕ་ཡུལ་གྱི་པང་དུ་ལོག་ངེས། 

2017/9/12པེ་ཅིང་དུ། 

མཚན་མོའི་དྲན་པ་ཐོལ་བྱུང་མ།

 ང་རང་མཚན་གྱི་སྨག་རུམ་ལ་སྐྲག་སྟེ།

འཇིག་རྟེན་འོད་ངོགས་སུ་དངངས་འགྲོས་ཀྱིས་སླེབས་དུས།

མིག་ཟུང་དང་འཛུམ་མདངས་གྲངས་མེད་ཀྱི་གོ་དོན་ནི།

མཚན་སྨག་གི་སྔོན་འགྲོ་དང་སྟ་གོན་དང་རྒྱབ་ལྗོངས་དང་བློས་བསླངས་ཡིན་པ་ཚོར།

དེ་དུས་ངས་དཀར་ནག་གི་དབྱེ་བ་ཡང་ཉིན་བྱེད་ཀྱིས་གསལ་མ་གསལ་དང་།

མུན་ནག་གིས་བསྒྲིབས་མ་བསྒྲིབས་ཤིག་ལ་འབྲེལ་བ་མེད་པ་གཞི་ནས་གོ་སོང་།


མཚན་མོ། མགོ་སྦྲ་སྨུག་པོའི་འོག་གི་མེས་པོའི་རྨི་ལམ་གྱི་ཁ་དོག་དང་འདྲ་བྱུང་།

མུན་ནག་གི་གདོང་ལ་བུད་ནས་རང་ཉིད་ཀྱི་རུས་རྐང་མེ་ལ་སྦར་མཁན།

ནམ་ཡང་འོད་སྣང་ལ་འཐམ་འཁྱུད་དང་འོ་སྦྱོར་བྱེད་པའི །

གནམ་འོག་གི་ཁེར་རྐྱང་གི་རྐང་ཐང་པས།

སེམས་པའི་དྭངས་གཙང་བསྲུང་ཕྱིར།

ཁ་བ་བུ་ཡུག་གི་ཀློང་དུ་མཆོངས་ཏེ།

མཚན་གཞུང་དུ་རྨི་ལམ་གྱི་ས་བོན་གཏོར།


སྨག་ཧ་ཅང་གནག 

མཚན་མོའི་གཅོང་རོང་དུ་ལུས་པའི་ཁེར་རྐྱང་གི་སེམས་པ་ཁོ་ན།

མཚན་རླུང་ཁྲོད་འདར་གྱིན་འདར་གྱིན་ཟླ་བ་ཟད་པོ་ཞིག་ལ་སྙིང་གཏམ་གླེང་།

མཚན་སྨག་གིས་སྙིང་ལ་ཙག་ཤད་སྟེར་དུས།

འོད་ལ་ཕྱོགས་པའི་འབུ་མེ་ལྕེབས་བཞིན།

ཁ་ཕྱོགས་ཐམས་ཅད་ཁ་ཕྱོགས་ཀྱིས་སྟོང་ཞིང་།

སྐྱོ་སྣང་ཐམས་ཅད་སྐྱོ་སྣང་གིས་གཙེས་ཏེ།

ཁྱོད་ཀྱིས་མཆོད་མེ་རྐོང་གང་གི་ཁ་ནས་རང་དབང་བསྙེགས།


མཚན་མོའི་མུན་སྨག་ལ་ལོབས་པའི་མིག་ཟུང་།

སེམས་ཀྱི་རྒྱབ་འགལ་དུ་ལངས་ཏེ།

གཉིད་ཀྱི་བདེ་བ་ལ་ཚིམ་མེད་དུ་རོལ་དུས། 

རྨི་ལམ་གྱི་གངས་ཐང་དུ་ཅེ་སྤྱང་གི་སུག་རྗེས་རིང་དུ་འཐེན།

མཚན་མོར་རང་གི་སྙིང་ལ་སྦར་འདྲད་བྱེད་མཁན་ག་ཚོད་ཡོད་ཨང་།

མཚན་མོ། ད་དུང་མཚན་མོ་རེད།

མཚན་མོ་ཁོ་ན་ང་རང་གཉིད་འོངས་ཐབས་བྲལ་བའི་རྒྱུ་དང་རྐྱེན་ཡིན་པ་སུ་ལ་གསང་།


ང་ཁེར་རྐྱང་གི་གླིང་ཕྲན་ཞིག་ཏུ་བསྐྱལ་རོགས།

ཆུ་དྭངས་མོ་ལྷུང་ལྷུང་བཞུར་ཞིང་།

རྩྭ་རྩི་ཤིང་ཐགས་སུ་བཀྲ་བ།

རི་དྭགས་ཚོགས་ཀྱིས་བྲོ་འཁྲབ་ཅིང་།

འདབ་ཆགས་ཁྱུ་ཡིས་གཞས་གཏོང་བ།


མིའི་རིགས་ཀྱི་རྐང་རྗེས་མ་དཔར་ཞིང་།

རྫས་དུད་ཀྱི་ཁ་རླངས་མ་ཕོག་པ།

གཏེར་ཁ་དང་རྡོ་སྣུམ་མེད་ཅིང་།

དམག་འཁྲུག་དང་ཁ་མཆུ་དབེན་པ།

……


ངས་དེ་ལྟ་བུའི་ཁེར་རྐྱང་གི་གླིང་ཕྲན་ཞིག་ཏུ།

ཤིང་ཁང་ཆུང་ངུ་ཞིག་བཞེངས་ཏེ།

སྒོ་དང་སྒེའུ་ཁུང་ཉི་འོད་ལ་གཏད་དེ།

མིག་གི་མཐོང་ས་ཞིག་ཏུ།

མ་རྨོས་ལོ་ཏོག་བྲེ་གང་དང་།

ནས་འབྲུ་ནག་པོ་སྒྱོ་གང་བཏབ་སྟེ།

ད་དུང་སྤྱང་ཀི་ཞིག་ལ་གྲོགས་བསྒྲིགས་ཤིང་།

ཝ་མོ་ཞིག་ལ་གཉེན་བསྡེབས་ནས།

ངས་རང་གི་སྒྲུང་གཏམ་རྩོམ་ཞིང་།

ངས་རང་གི་སྙན་ངག་འབྲི་རྒྱུ།

ནམ་མ་གསལ་གོང་དུ།

མག་མོག་གི་སེམས་པས།

ནམ་མཁའ་ཡང་མག་མོག་ཏུ་བསྒྱུར་སོང་།

ཁོར་ཡུག་གི་ལྷིང་འཇགས་ནི།

སྙིང་ལ་བསྐྱིལ་བའི་ན་ཟུག་གི་བྲག་ཅ་སྟེ།

མུན་པའི་སྔ་རོལ་ལམ།

ཡང་ན་ནམ་མ་གསལ་གོང་དུ།

སུ་ཞིག་གངས་ལམ་བསྙེགས་ནས་ཆས་སོང་།


ཞེ་སྡང་གི་རྭ་བར་དུ་མཆོད་རྟེན་བཞེངས་མཁན།

འོད་ཀྱི་ལུས་ལ།

ནོར་བུ་མེ་འབར་སྤྲ་མཁན།

ལས་སྐལ་གྱི་ལྷ་མོས།

མུན་པའི་ཁོང་དུ་སྡོང་རས་ཡང་ཡང་བཙུགས་ཀྱང་།

རླུང་ཁ་རུ་འཁྱུག་ཙམ་འཁྱུག་ཙམ་གྱི་མར་མེ་མཚན་འབར་དེ།

ནམ་མ་གསལ་གོང་དུ་སྨག་ལ་ལྕེབས།


བུ་མོ། བུ་མོ།

ཞོགས་པའི་སྔོན་ལ་སྐྱོད་མཁན་དེ་ང་ཡིན།

རླུང་ནང་དུ།

མགྲིན་པ་བརྣངས་ནས་ངག་མི་འཁྲོལ་བ་དེ་ཡང་ང་ཡིན།

མུན་ནག་བསད་རྗེས།

སེམས་ངལ་བསད་རྗེས།

ངས་བློས་བསླངས་ཡོད་ཚད་ལ།

སྒེའུ་ཁུང་བརྟོལ་ནས།

ཉི་འོད་བསུ་བར་སྟ་གོན་བྱས།


ནམ་མ་གསལ་གོང་དུ།

སེམས་པ་འཁྲིགས་པའི་རྦ་རླབས།

དྲག་ཏུ་གཡོས།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།