མདོ་སྨད་ལོ་རྡོ་རྗེ་བྲག་གི་གནས་བསྟོད།

45.jpg

གངས་རི་ར་བས་སྐོར་བའི་ཞིང་གི་ཕུལ།།

རྡོ་རྗེ་ས་འཛིན་ཙོང་ཁའི་སྐྱེས་རིའི་འདབས།།

གངས་རིའི་མཛེས་རྒྱན་མདོ་སྨད་གཅན་ཚ་ཞེས།།

གྲགས་པ་ཕྱོགས་ཀྱི་མེ་ཏོག་འཛུམ་པ་ཡོད།།


ལ་ལས་སྔོན་གྱི་བཙན་པོའི་དཔུང་དུ་འབོད།།

ལ་ལས་རྒྱ་སྟག་འཛུམ་པའི་ཡུལ་དུ་སྒྲོག།

ལ་ལས་རིག་པ་འབར་བའི་ཞིང་ཁམས་ཞེས།།

བསྔགས་པའི་མེ་ཏོག་དཀར་བོ་ཕྱོགས་སུ་འགྲེམ།།


སྣང་རའི་གསེར་ཁང་བསྟན་པའི་གསོས་སུ་བཞེངས།།

བདེ་ཆེན་ཆོས་འཁོར་འགྲོ་བའི་དཔལ་དུ་བཞུགས།།

མགུར་གྱི་ཇོ་བོ་མཆོད་པའི་ཞིང་དུ་གྲུབ།།

མཐོང་ཐོས་དྲན་རེག་གྲོལ་བ་ཕྱོགས་སུ་ལྷམ།།


སྔོན་དུས་བོད་ཀྱི་མཁས་པ་མི་གསུམ་གྱིས།།

ཉམས་བཞེས་མཛད་དེ་རྟོགས་པ་འབར་བའི་གནས།།

རྨ་འགྲམ་རྡོ་རྗེ་བྲག་ཅེས་སྙན་པའི་གླུ།།

ཕྱོགས་ཀྱི་བློ་ལྡན་དག་གི་ངག་ན་མཛེས།།


དཔལ་གྱི་ལྷ་མོ་ཁྲོས་པའི་མཐུས་བསྐུལ་བས།།

ལྔ་ཟུང་ཞིང་ལྡན་མཐོ་རིས་སྐྱེལ་བའི་འཕྲུལ།།

སྒྲོ་ལྡན་གནམ་རུ་བཅུད་དུ་སྦས་པ་ཡི།།

གསང་བའི་ངོ་མཚར་མཛད་པ་ལྡན་ཞེས་གྲགས།།


འཇིག་རྟེན་མིག་གཅིག་ས་པཎ་ཉིན་བྱེད་ཀྱིས།།

ཆེན་པོའི་ཧོར་གྱི་པད་མོའི་སྦུབས་གྲོལ་བར།།

ཐུགས་བསྐྱེད་ཁྱུང་སྔོན་སྐྱེས་བཟང་འཛུམ་པའི་དུས།།

འོད་སྲུངས་འཕེལ་གདུང་སྐྱེ་དགུའི་གསོས་སུ་སྦས།།


རྨ་ཀླུང་གསེར་ལྡན་དལ་གྱིས་འབབ་པའི་འགྲམ།།

ལོ་བའི་ཁོག་ཏུ་གྲགས་པའི་འཛིན་མའི་གཞིར།།

སྔོན་ཚེ་བོད་ཀྱི་མཁས་པ་མི་གསུམ་གྱིས།།

བསྟན་པའི་སྐྱ་རེངས་བསུ་བའི་ཐུགས་དམ་བསྐྱེད།།


རྣལ་འབྱོར་དབང་ཕྱུག་གསེར་རིའི་ཕྲེང་བ་ཡིས།།

ཉམས་རྟོགས་ནམ་མཁའི་མཛོད་ཀྱི་སྒོ་འབྱེད་པར།།

བྱོན་པ་མིན་ནམ་མཁས་དང་གྲུབ་པ་དག།

མ་བོས་ན་འང་ངང་གིས་གནས་འདིར་བྱོན།།


གསང་བ་སྔགས་ཀྱི་གནས་ལ་གདེངས་ཐོབ་པའི།།

ལོ་ཁོག་སྔགས་འཆང་སྒྲུབ་པ་མཛད་པའི་ཚེ།།

ཁོལ་སའི་སྔགས་པས་གནམ་ལྕགས་ཆར་བབས་པ།།

ཐུ་བས་བཟུང་ཞེས་རྒན་པོའི་གཏམ་ལ་གྲགས།།


ངོ་མཚར་དགའ་བ་བརྒྱ་ཡིས་ཉེར་མཛེས་པ།།

སྐྱེ་རྒུ་ཕན་བདེ་གསོས་གྱུར་གསེར་ཡུམ་དང་།།

མཐོང་ཐོས་རེག་པས་གྲོལ་བའི་རྟེན་གསུམ་གྱིས།།

ཕྱུར་བུར་གཏམས་ཞེས་མེས་པོས་ཡང་ཡང་གླེང་།།


ལོ་ཁོག་མི་རིང་ཞེས་པའི་དཔའ་རྒོད་ཀྱིས།།

ཀླ་ཀློར་བརྙས་པའི་འཁོན་གྱི་རྗེས་འབྲངས་ནས།།

མུ་སྟེགས་དཔུང་གིས་ཞེ་སྡང་བསྲེགས་ཟ་ཡིས།།

གཙེས་པའི་དུད་དྲེག་ལོ་རྒྱུས་སྟོན་ཕྱིར་བཞུགས།།


འཇིགས་མེད་འཕྲིན་གྱི་ལས་ལ་དབང་འབྱོར་བའི།།

མདོ་སྔགས་རྒྱ་མཚོའི་མཛོད་ཀྱི་སྒོ་འབྱེད་པ།།

གང་དེའི་ཐུགས་རྗེ་ཟེར་མ་འཛུམ་པའི་ཚེ།།

རྫོགས་ལྡན་བཞིན་རས་སླར་ཡང་བྱི་དོར་བྱས།།


མདོ་སྨད་འགྲོ་བའི་མགོན་པོ་ཐར་ཤུལ་བས།།

གནས་འདི་ཀ་ལཱ་པ་རུ་བསྒྲུབས་པའི་ཚེ།།

རིགས་ལྡན་དམག་གིས་གནས་འདིར་དཔུང་བསྒྲིགས་པས།།

མ་ཁའི་ཀླ་ཀློ་དག་གི་སྙིང་རྩ་འདར།།


གཞུང་ཆེན་གསེར་གྱི་ཐང་མ་བརྡལ་བའི་འཕྲུལ།།

བདག་གིར་བཞེས་པ་དགེ་འདུན་རྒྱ་མཚོའི་དཔལ།།

གང་དེས་ལྷར་བཅས་སྐྱེ་དགུའི་ཕན་བདེའི་དཔྱིད།།

འདི་རུ་དྲངས་པའི་དགའ་སྟོན་ལྷ་རྣམས་སྒྲོག།


ཕན་བདེའི་རྒྱལ་མཚན་མངོན་པར་བསྒྲེང་ངོ་ཞེས།།

ཕྱོགས་ཀྱི་སྐྱེ་བོ་མཐའ་དག་འདིར་འཛོམས་ཚེ།།

འདོད་པའི་རོལ་རྩེད་སྟོངས་པར་ཡལ་ལོ་ཞེས།།

ཉ་ཡི་ཏོག་ཅན་མུན་པའི་ཁུང་བུར་འཇུག།


ཁྱད་པར་འགྲོ་བའི་ཉེར་འཚེ་བཟློག་པའི་ཕྱིར།།

ཆོས་སྲིད་གསེར་གྱི་འཁོར་ལོ་བསྐོར་བ་ཡི།།

ཕྱག་ན་རྡོ་རྗེ་ངུར་སྨིག་གར་རོལ་པའི།།

ལ་མོ་ན་རིམ་གསེར་གྱི་ཕྲེང་བས་བསྐྱངས།།


སྔོན་ཚེ་བཙན་པོའི་དཔུང་གི་རུ་འདྲེན་དུ།།

དགྲ་སྡེ་ཁྲག་ལ་རྔམ་པའི་དཔའ་བོའི་སྡེ།།

འཇིགས་མེད་ང་རོ་སྒྲོག་པའི་ལོ་བའི་ཁོག།

མདུན་དུ་ལྷོད་ཀྱིས་ཆགས་པའི་མཛེས་པ་མངོན།།


དད་པའི་གསེར་གྱི་མེ་ཏོག་འདབ་གྲོལ་པ།།

མེས་པོའི་ཉམས་བཞེས་དཔལ་གྱི་མཆོད་པ་རུ།།

སྦྲེངས་པའི་རིག་བྱེད་ངག་གི་མགྲིན་ཡངས་པ།།

ཁོ་བོ་གནས་འདིར་འཁོར་ལོའི་འཕྲུལ་གྱིས་སླེབས།།


རྡོ་རྗེ་བྲག་རི་སྔོན་བྱུང་གཏམ་ལས་འགྱིང་།།

མང་རའི་མཇལ་བ་གནའ་བོའི་གཏམ་ལ་དགའ།།

ལོ་ཁོག་བུ་ཡིས་ལོ་རྒྱུས་ཐང་མར་བརྡལ།།

བཀྲ་ཤིས་གསེར་གྱི་མཆོད་རྟེན་བཞེངས་པ་འདྲ།།


གཤིས་བཟང་གཡུ་ལོ་རྒྱས་པའི་ལྗོན་པ་ལ།།

ངག་རིག་མེ་ཏོག་བཞད་པའི་འཛུམ་མངའ་ཞིང་།།

དོན་བཟང་གཡར་དུ་ཟ་བའི་དཔལ་གྲུབ་པ།།

རིག་པའི་རྒྱལ་མཚན་འཛིན་དེས་བསྐུལ་བས་བྲིས།།


འདི་ལས་བཀྲ་ཤིས་ཉི་མ་མཁའ་རུ་འཛུམ།།

བདེ་ལེགས་ལྷ་ཡི་མེ་ཏོག་ཕྱོགས་སུ་བཀྲ།།

ཕུན་ཚོགས་གཡང་གི་དྲི་བསུང་འཁྱིལ་བ་ཡིས།།

ལུས་ངག་ཡིད་གསུམ་དགེ་བའི་དཔལ་འཛུམ་ཤོག།

ཅེས་མདོ་སྨད་ལོ་རྡོ་རྗེ་བྲག་གི་གནས་བསྟོད་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ཞེས་བྱ་བ་འདི་སྣང་རའི་གསེར་ཁང་དང་ཀུན་མཁྱེན་འཇིགས་མེད་དབང་བོའི་འཁྲུངས་ཡུལ།ལོ་རྡོ་རྗེ་བྲག་སོགས་སུ་མཇལ་སྐོར་བའི་སྐབས་སུ་ངག་རིག་ཡངས་པའི་དགེ་རྒན་ལོ་ཁོག་དོན་འགྲུབ་རྒྱལ་གྱིས་ནན་གྱིས་ཡང་ཡང་བསྐུལ་བ་ལས་མང་རའི་ཡུལ་གྱི་རིག་བྱེད་མགྲིན་པ་ཅན་ངག་གི་མདུད་རྒྱ་རང་སར་གྲོལ་བས་སྦྱར་ཏོ།།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།