མཛའ་གཞས་ཀྱི་ལྷག་རོ།(ཁག་བདུན་པ)​

རྒྱལ་བོ་ཁ་དོག་དམ་པས།།

ཆོས་ཕྱིར་སྲས་བཙུན་དོར་བ།།
བྱམས་པར་སྙིང་ཆུང་ཕུལ་བར།།
ང་ཡང་འགྱོད་དགོས་མི་འདུག།


སྟོན་ལ་ཆར་ཆུ་མོད་པས།།
ཆར་ཆུར་འཐིམ་པ་ཨེ་ཡིན།།
ཁྱེད་རང་སྟོན་ལ་བཞུད་པས།།
རྒྱ་ལྕང་ལོ་འདབ་ཤག་ཤག།


འཇིག་རྟེན་བྱ་བའི་ཕུན་ཚོགས།།
ཡིད་འོང་དབང་བོའི་གཞུ་རིས།།
ཚེ་ལོ་མཐའ་རུ་བསྐྱལ་བར།།
ནོར་ལ་འཐམ་དགོས་མི་འདུག།


འབྲུ་དྲུག་མགོ་ལྕོག་ལྡེམ་པ།།
སྟོན་གྱི་བ་མོས་བཅོམ་སོང་།།
དགུན་ལ་ཁ་བའི་ཚུལ་གྱིས།།
ང་ཡི་སེམས་སུ་བོབས་ཤོག།


འདུ་བྲལ་འཁོར་བའི་ཆོས་ཉིད།།
ང་གཉིས་ལས་སུ་བབས་པ།།
ང་ཡི་ཤ་རུས་ཟད་དེ།།
རྩ་རུས་འབྲེལ་ཙམ་ཡིན་པ།།


ཁང་བ་གཡུང་དྲུང་ཕྱེད་མའི།།
གྲ་དང་རྩིགས་མཆོག་མཚར་ཡང་།།
ང་རང་གཞིས་དེར་མི་འཚང་།།
བྱམས་པའི་ཕྱོགས་སུ་ཕྱིན་འགྲོ།


སྟོན་ལ་ཆར་ཆུ་མོད་ཀྱང་།།
ཁས་དང་ཉག་ག་བརྟོལ་ཤོག།
ང་ཡི་དམའ་མོའི་གཞུང་དུ།།
ཆུ་ཕྱིང་བསྣམས་ཏེ་འབྱོར་ཡོད།།


སྲིན་བལ་ཐགས་སུ་བཏགས་པའི།།
དར་ལ་དར་ཚོན་སྣ་ལྔ།།
ཆུང་འདྲིས་དར་དཀར་ཡུག་གཅིག།
ཡིན་འགྲོ་བསམས་ན་དགའ་བ།།


དབུས་ཀྱི་ཕོ་བྲང་དཀར་དམར།།
མེས་པོའི་རྔུལ་ཆུས་བཞེངས་པ།།
དབུས་སུ་བརྐྱངས་ཕྱག་འཚལ་བའི།།
འགྲོ་བའི་དབུས་ལམ་དཀར་བ།།


གཞུ་དེ་ཁྱེད་རང་མིན་ན།།
མདའ་རུ་ཆས་དགོས་མི་འདུག།
དགོན་པའི་ཁྱི་ལ་གཞུས་ན།།
བླ་མའི་ཐུགས་སུ་ཕོག་ཡོང་།།


ལས་ཀྱིས་བསྐོས་པ་མིན་ན།།
བཞུགས་དགོས་ངས་ཀྱང་མི་གསོལ།།
ལྷ་ཁང་རྙིང་བའི་ནང་ལ།།
གནས་བཤད་གསར་བ་མི་དགོས།།


ཡིད་སེམས་གཉིས་ཀྱི་འཕར་འགྲོས།།
མ་མཉམ་རང་རང་སོ་སོ།།
གཏོར་མ་ཆུ་རུ་བསྐྱུར་ན།།
ཁོ་ཐག་བྱ་ཁྱུས་ཆོད་ཡོང་།།


ཡུལ་གྱི་ཨ་མྱེས་ཁྱུང་མགོན།།
སེམས་ཀྱི་ཁེན་ས་ཡིན་པ།།
གཞིས་ཀྱི་དྲིན་ཆེན་ཕ་མ།།
ཚེ་འདིའི་ཚེ་ནོམ་ཡིན་སོང་།།


ང་ཡི་དྲིན་ཆེན་ཕ་མ།།
ལ་མགོའི་ཉི་མ་སེར་བོ།།
ལ་མགོར་གནང་བའི་ལག་རྟེན།།
བུ་མོ་ང་ཡིས་གནང་དགོས།།


ཕ་མ་བློས་གཏོང་བློ་སེམས།།
བསམ་པའི་རྒྱུད་ན་མི་འདུག།
ཕྱི་མར་བགྲོད་པའི་དུས་ལ།།
ཡིད་སྲུང་ང་ཡིན་བསམ་པ།།


ཡ་གིའི་དགུང་སྔོན་གནམ་གྱི།
སྤྲིན་དཀར་ཡིན་ན་བསམས་པ།།
ཆུང་འདྲིས་གར་བསྡད་ཕྱོགས་སུ།།
ང་རང་ལྡང་ན་ཆོག་པ།།


བསམ་པའི་འདོད་ཕྱོགས་གཅིག་ཏུ།།
ང་གཉིས་འཁོར་རྒྱུ་བྱུང་ན།།
ལུས་སུ་སྟོད་ལྭ་མེད་པར།།
ལྷན་པ་དགུ་བརྩེགས་བརྒྱབ་ཆོག།


འཇིག་རྟེན་བྱ་བའི་ལས་ལ།།
དཀར་གནག་གཉིས་ལས་མི་འདུག།
ལས་འབྲས་ཚུལ་བཞིན་བསྲུང་ན།།
རྣམ་སྨིན་འཁོར་ཡོང་མི་བསམས།།


ལུས་ཀྱི་གཉན་ས་ཞིག་ཏུ།།
ནད་ཀྱིས་འཚེ་བ་མེད་ན།།
སེམས་ཀྱི་ཁང་བའི་ནང་དུ།།
གཏན་དུ་བཞུགས་རོགས་མཛོད་ཅིག།


ནོར་གཡང་དཔལ་བཅུད་ལས་ལ།།
བརྣབ་ཡོང་བསམ་པ་མ་གནང་།།
བྱམས་པས་སྙིང་ཆུང་གནང་བ།།
འདི་ལས་ཆོག་པ་མི་འདུག།


སྡིག་པའི་ལས་ལ་བྱོལ་ཏེ།།
རྣམ་དཀར་ལས་ལ་འཇུས་ན།།
ལས་ཀྱི་གཤིན་རྗེའི་རྒྱལ་བོར།།
ཡང་སྙིང་འཇིག་དགོས་མི་འདུག།


ཕྱི་མའི་བར་དོའི་ལམ་གྱི།
ལས་ཀྱི་རླུང་དམར་འགོག་ཐབས།།
སྔས་སུ་བཞུགས་པའི་བླ་མར།།
སྐྱབས་འཇུག་ང་ཡིས་ཞུ་རྒྱུ།


ལས་ལ་འགྱུར་བ་མེད་ན།།
ཡ་ཆུང་སྟོད་དུ་བཞུགས་རོགས།།
ལས་ཀྱི་འཁོར་ལོ་གསུམ་པོས།།
དཀྲིས་གསུམ་ཁྱེད་ལ་བརྒྱབ་ཡོང་།།


བསམ་འཕེལ་མ་མའི་གཏིང་གི།
བསམ་འཕེལ་དབང་གི་རྒྱལ་བོ།།
བསྐལ་བརྒྱར་བསྲུབ་དགོས་བྱུང་ཡང་།།
འགྱོད་སེམས་ང་ལ་མི་འདུག།


ལྷ་ཡུལ་ལྷ་ཡི་གྲོང་གི།
ལྷ་ཡི་ནོར་བུ་མི་དགོས།།
ང་ཡི་ལྷག་པའི་ལྷ་ལ།།
སྐྱབས་འཇུག་སྙིང་ནས་ཞུས་ཡོད།།


ལྷ་སའི་བར་བསྐོར་ཁྲོམ་གྱི།
ནོར་བུ་ཆ་བདུན་ཡག་ཀྱང་།།
ནོར་བུ་ཆ་བདུན་མི་དགོས།།
བྱམས་པའི་སྙིང་ཆུང་དགོས་ཀྱི།


བྱམས་པས་ལ་གསུམ་འཇལ་དུས།།
ཕྱིར་མིག་ང་ལ་གནང་བ།།
རྟ་ཕོ་འགྲོས་བཟང་ཅན་ཞིག།
ང་ལ་ཡོད་ན་བསམས་བྱུང་།།


ང་རང་དགུན་ལ་བབས་པའི།།
འདབ་དྲུག་ཁ་བར་སོམས་དང་།།
སེམས་པའི་རི་སྒང་ཀུན་ཏུ།།
ལ་ལུང་མེད་པར་བབས་ཆོག།


ཇ་མཆོད་ལྷ་ལ་འཕངས་པ།།
ལྷ་བུས་བདུད་རྩིར་སོམས་དང་།།
མ་བཟང་བུ་མོ་ཞིག་གི།།
མཆོད་པའི་ཇ་ཕུད་ཡིན་གྱི།


འགྲོ་སའི་བགྲོད་ལམ་རིང་ཡང་།།
ཡིད་གཉིས་གནང་དགོས་མི་འདུག།
ལམ་གྱི་ཉི་མའི་འོར་ཀོར།།
ང་ཡི་ཕྱོགས་སུ་འཚེར་བ།།


དབྱར་ལ་སེར་རྐང་ཤར་ཤར།།
ལུས་པོའི་ཕྱི་ནང་བརྟོལ་ཡང་།།
སེར་ཉི་ཀླད་རྒོག་མི་དགོས།།
ང་ཡིས་ཆུ་ཕྱིང་བསྣམ་ཆོག།


ཁྱེད་རང་སྟོད་ནས་བབས་པའི།།
རྫ་ཆུ་བསིལ་མ་ཡིན་ན།།
ང་ཡིས་དམའ་མོའི་གཞུང་དུ།།
འཁོར་ས་འཁྱིལ་ས་ཞུས་ཆོག།།


ང་གཉིས་སྒེར་གཞིས་གཅིག་ཏུ།།
མཉམ་དུ་འཛོམས་རྒྱུ་བྱུང་ན།།
འཇིག་རྟེན་བྱ་བའི་ལས་ལ།།
ཉིན་འཁལ་ཉིན་འཐག་གནང་ཆོག།


འཆི་མེད་ལྷ་ཡི་རྒྱལ་བོས།།
འཆི་མེད་རིལ་བུ་གནང་ཡང་།།
སོ་སོ་ཐར་བ་མེད་པས།།
བཏུང་དགོས་ང་ལ་མི་འདུག།


བློ་རུ་ཉར་བའི་གཡུ་ཆུང་།།
ལྷ་སའི་ཁྲོམ་དུ་འདུག་པ།།
ཁྲོམ་དུ་ཉོ་ཆ་བརྒྱག་པར།།
རྒྱག་གཅིག་མཆོངས་གཅིག་གནང་རྒྱུ།


ཚེས་ཆེན་བཅོ་ལྔའི་དུང་ཟླ།།
ཤར་རིའི་རྩེ་རུ་མཛེས་སོང་།།
ང་ཡི་ཆུང་འདྲིས་བྱམས་པ།།
ཡིད་ཀྱི་སྣང་ངོར་མཛེས་པ།།


ཞག་གསུམ་རྨི་ལམ་ཞིང་དུ།།
ཟླ་བའི་དཀྱིལ་འཁོར་རྨིས་པ།།
ཟླ་བའི་དཀྱིལ་འཁོར་མིན་ཏེ།།
བྱམས་པའི་ཞལ་རས་ཡིན་འདུག།


ཡིད་སེམས་གཉིས་ཀྱི་འཕར་འགྲོས།།
སྔས་ཐོག་གཅིག་ཏུ་ལྡིང་དུས།།
འཇིག་རྟེན་སྣང་བའི་བདག་པོ།།
གཏན་དུ་མེད་ན་བསམས་བྱུང་།།


ནངས་མོར་ཆུ་མཆོད་གཏོང་བར།།
ཆུ་མགོར་རག་སྐྱོགས་བསྣམས་ཡོད།།
ལས་ཀྱིས་བསྐོས་པའི་བྱམས་པར།།
ལུང་གསུམ་མདོ་རུ་མཇལ་བྱུང་།།


གཡང་ཆགས་གསེར་གྱི་སྙིང་བོར།།
གཞིས་སྡོད་ཁྱེད་ཀྱིས་གནང་ན།།
གསེར་བརྡུངས་གསེར་གྱི་རྣ་ཆ།།
ང་ལ་མེད་ན་ཆོག་པ།།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།