ཀྲུང་གོ་བོད་ཀྱི་དྲ་བ།

ཞོགས་བརྡའི་སྙན་རྩོམ་འོས་སྦྱོར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཞོགས་བརྡ།   སྤེལ་དུས། : 2017-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།


微信图片_20171130115011.jpg

ཚུལ་ཁྲིམས་དར་རྒྱས་སམ་༼ཞོགས་བརྡ་༽ཟེར་བ་ནི་དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་བའི་སྨད་དུ་དགེ་རྩེ་ཞེས་པའི་ཡུལ་ཕྱོགས་ཤིག་ནས་སྐྱེས་ལ།   ལོ་ཟླ་ཨེན་ཙམ་བཀྱག་རྗེས་སྙན་ངག་ཞེས་པའི་ཁ་ཕྱོགས་ཀྱི་ས་སྐྱིད་པོ་ཞིག་རྙེད།   དུས་དེ་ནས་བཟུང་སྙན་ངག་ཞེས་པ་དེར་ཁ་གཏད་དེ་གདོང་ཐུག་རྒྱག་ཞོར་ངེད་གཉིས་མི་ལོ་འགའ་ལ་སྤྱི་ཚོགས་དང་གྲོང་སྡེ་མི་ཁ་དང་བཙན་ཞབས་ནས་མགོ་བོ་ཡར་ལ་བཀྱག་དེ་སུ་ལའང་མི་གསལ་བའི་སྤྱི་ཚོགས་ནས་རང་ཉིད་ལ་རིན་ཐང་ཡོད་མེད་ཀྱི་དཔྱད་བསྡུར་མི་བྱེད་པར་"སྙན་ངག་"ཞེས་པའི་མིང་ཚིག་འདི་ལ་དགའ་ཕྱོགས་ཅི་འདྲ་ཡོད་པ་དང་རང་ཉིད་ཀྱི་བླ་ཚེ་སྲོག་གསུམ་འདིའང་སྙན་ངག་ལ་བསྟིམས་ཐུབ་ཚེ་དེ་ནི་རྩོམ་པ་པོ་ཞིག་ལ་མཚོན་ན་ཧ་ཅང་ཕྲག་ཏུ་བབ་པའི་འོས་འགན་ལྕི་མོ་ཞིག་རེད་འདོད་པའི་བསམ་བློ་ཕལ་བ་ཞིག་ཀྱང་སྐྱེས་མྱོང་།    གལ་སྲིད་སྙན་ངག་ནི་ཡིག་ངོ་ཙམ་ཤེས་རྗེས་སུས་ཀྱང་འབྲི་ཤེས་ཟེར་བའི་སྟོང་གཏམ་བཤད་མཁན་གྱི་མཁས་རྨོངས་དེ་འདྲ་ཡོད་ཚེ་ཁོས་ནི་ནམ་ཡང་ང་ཚོར་བོད་ཀྱི་རིག་གནས་ཆེན་པོ་བཅུའི་གྲས་སུ་གཏོགས་པའི་སྙན་རྩོམ་མམ་སྙན་ངག་ཞེས་པ་འདི་ལ་འགན་མ་ཁུར་བའི་བཟོ་ལྟ་ཆེ་དྲག་ཅིག་ཆགས་འདུག་པས་དུས་རྒྱུན་བསམ་བློ་བཏང་སྟེ་རང་ཉིད་ཀྱི་སྐད་ཆ་ལ་རང་ཉིད་ཀྱི་འགན་འཁུར་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་རེད་ཞེས་ཧུར་གྱིས་བརྗོད་འདོད། །



ཚེ་སྲོག་གི་ལྡིང་ཁང་།

མུན་ནག་ནང་གི་ལྷ་དང་ལྷ་མོ།

རེས་གསལ་རེས་མོག་གི་ཁྲོད་ནས།

འདས་དོན་གྱི་ཁྲག་ཐིགས་དམར་པོ།

ཚེ་སྲོག་ལྡན་པའི་ཟུག་རྔུ་ཡི་སྙིང་དབུས་ལ་སིམ་ཚེ།

ངའི་རྟ་ཕོ་དཀར་པོ་ཞིག་ལ་སྔོག་མ་ནག་པོ་ཞིག་འདོག་ངེས།

སྔོག་མ་དེའི་ཕྱི་ནང་གསེང་གསུམ་དུ།

ཚེ་སྲོག་གི་འབོད་པ་ཞེས་པའི་ཡི་གེ་ཞིག་བསེད་པ་ཁོ་ཐག་ཡིན།

 སངས་རྒྱས་ཀྱི་ཁ་དོག

འབྱུང་བཞིའི་ཁོར་ཡུག་ལ་འཐིམ་པའི་ཁ་བའི་དབྱངས་རྟ།

སྲོག་གི་རྩ་བ་ནག་པོའི་སྟེང་དུ།

འཁོར་འདས་ཀྱི་ཆོས་ཀུན་མངོན་སུམ་དུ་སྣང་དུས།

གང་ཟག་གཉིས་ཀྱི་མཐུན་སྣང་དུ་གྲུབ་པའི་དངོས་རྫས་དང་དངོས་མེད་དེ་འང་།

སྐད་ཅིག་དང་སྐད་ཅིག་གིས་འཇིག་པར་ཐེ་ཚོམ་མེད་ལ།

ཡིད་ཡུལ་ལ་ཚད་མ་བྱས་པའི་སངས་རྒྱས་དེ་ཡིས།

ནམ་ཞིག་ལ་ཁྱོད་ཀྱི་དབང་ལྔ་བསླུ་བར་བྱེད་ཚེ།

ཁ་སང་གསོལ་བ་འདེབས་ས་དེར།

དེ་རིང་རྐང་འོབས་ཀྱི་འདམ་རྫབ་ལས་ཡན་དུ་མ་འཕགས་ན།

ང་ཚོའི་རྟོགས་སྣང་གི་སངས་རྒྱས་སམ་ཚད་མའི་སྐྱེས་བུ་དེ་སུ་ཞིག་ཡིན།

བཟི་གཏམ།

རྩེད་མོ་བྱས་ཏེ་ལག་འཁོར་དག་མཆན་འོག་ལ་བརྫངས།

མཆོག་གསུམ་ལ་དད་པའི་སྐད་ཆ་བཤད་ནས།

རྐང་འོག་ལ་ཆོས་དང་དགེ་འདུན་གྱི་སྐུ་འདྲ་གནུར།

ལག་པའི་རྩ་ཁམས་དུ་བའི་འཚིག་ནས་སྦྲིད་པ་མ་རྟོགས།

མཛེས་ཤིང་བརྗིད་པའི་ཁོར་ཡུག་གི་ཤིང་གྲོང་དུ།

ཁ་རོགས་གེར་སོང་ནས་གཅིན་དང་སྐྱག་པ་བཏང་།

སྙིང་རྗེ་བའི་མི་རིགས་ལ་སྐྱག་པ་དང་གཅིན་གྱི་ཁུ་བ་ལྡུད།

 ཡུལ་སྐད།

ཨ་ཙ་མ།

ཁྱོད་ཀྱི་རི་སྟོད་ཀྱི་ལྷན་པ་རིག་ནས་སྤྲང་པོ་རེད་འདོད།

ལྷམ་སྟེང་གི་རྐང་བའི་མཛུབ་མོ་མཐོང་ཚེ་ཕྱུགས་རྫིར་སོང་བའི་འབྲོག་པ་རེད་བསམ།

ད་དུང་ཁྱོད་ཀྱི་ཞིང་རྨོ་བྱེད་ཀྱི་མཐོང་གཤོལ་གང་ན་ཡོད།

རྟ་ཕོར་དགོས་པའི་རྟ་རྒ་འཁྱེར་ཤོགས།

རྒྱུ་མཚན།

ཕ་མ་དང་རྨོ་མོ་དག་ཞིང་ཁར་ཞིང་རྨོ་རུ་འགྲོ་དགོས།

ང་ལ་མེ་ཏོག་མི་དགོས།

ལས་དབང་གི་རི་རབ་གཙང་བོ་ལ་འདྲེས་དུས།

ས་གཞི་ནི་ཉིལ་བའི་རང་བཞིན་ཅན་ཞིག་ཡིན་པས།

ཁྱོད་ལ་རྒུན་ཆང་བསྙལ་ཁོམ་མི་འདུག་ལ།

མར་ལོ་ལས་བྱུང་བའི་མར་རྩམ་ཀྱང་འགེམ་ཁོམ་མི་འདུག

ཁྱོད་ཀྱི་འོ་མ་ཕོར་བ་གང་བཟུང་ནས་རི་མཐོ་ས་ཞིག་ལ་སྡོད་སྡོད།

སྡུག་བསྔལ་གཞན་ཞིག

རྨི་ལམ་ནི་དམྱལ་སླང་གི་འཁྲུལ་སྣང་ཞིག་ཡིན་ལ།

ཁམས་གསུམ་ནི་ང་ཚོ་འཁྱམ་སའི་རྨི་ལམ་གྱི་ཡུལ་ལྗོངས་སོ།

ཞག་དང་ཉི་མ་ཐི་གུ་བཞིན་དུ་བཅད་ནས།

ཚེ་སྲོག་གི་མཁའ་དབུགས་གསར་པ་ཞིག་སྔུན་དུ་སླེབས་རྗེས།

གཏན་ཚིགས་ཀྱི་སྒྲ་སྐད་དག་དབང་མེད་དུ་ཕྱིར་དབྱུང་ནས།

སྡུག་བསྔལ་གཞན་ཞིག་གི་སྣེ་འདྲེན་པར་མ་ཟད།

རྨི་ལམ་གྱི་བཙོན་ཁང་ལ་ཉིན་ཞག་སུམ་བརྒྱ་དྲུག་ཅུ་ལ་འདུག་དགོས་སོང་།

 2017/7/30

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།