ཆབ་འགག་རྡོ་རྗེ་ཚེ་རིང་གི་གཞས་ཚིག་གསར་བ།

   wKgMEFkavUOAKv_vAACUIBAlIrU101.jpg

    ཆབ་འགག་རྡོ་རྗེ་ཚེ་རིང་ངམ་དབྱངས་ཅན་དགའ་བའི་བློ་གྲོས། སྤྱི་ལོ༡༩༥༨ལོར་ཕ་ཡུལ་ཆབ་འགག་གསེར་གཞོངས་སུ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་རྙེད་པའོ། །
   ཀྲུང་གོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་ལྟེ་གནས་དང་། མཚོ་སྔོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་། མཚོ་ལྷོ་ཁུལ་རིག་གནས་ཅུ། མཚོ་ལྷོ་ཁུལ་རིག་གནས་སྒྱུ་རྩལ་ལྷན་ཚོགས་བཅས་སུ་བྱ་བ་ལས། 
    ཉིད་ཀྱིས་བྲིས་པ་དང་། གཙོ་སྒྲིག་བྱས་པ། དག་སྒྲིག་བྱས་པ། མཉམ་འབྲི་བྱས་པར་ཆབ་འགག་རྡོ་རྗེ་ཚེ་རིང་གི་ལྗགས་རྩོམ་ཕྱོགས་བསྒྲིགས《འབོལ་རྩོམ་པད་མའི་སྐྱེད་ཚལ》 །  《སྙན་རྩོམ་ཅོ་ཀའི་དྲུག་འགྱུར》 །  《དཔྱད་རྩོམ་རིག་པའི་རྩེད་འཇོ》 །  སྒྲུང་རྩོམ་ག྄ེ་སར་དགོངས་རྒྱན》 །  《སྒྲིག་རྩོམ་མུ་ཏིག་ཕྲེང་མཛེས》 །  དེབ་ལྔ་དང་།  གཙོ་སྒྲིག་བྱས་པའི་མཚོ་ལྷོའི་དམངས་ཁྲོད་རྩོམ་རིག་དཔེ་ཚོགས་ལ《ཁེད》 །  《བཤད་པ》 །  《རོགས་འཐེན》 །  《མ་ཎི་ཁང་》 །  《བསང་མཆོད》 །  《ལབ་ཙེ》 །  《གཏམ་དཔེ》 །  《ངག་རྒྱུན》 །  《མཆོད་རྟེན》 །  《གཏམ་རྒྱུད》 །  དེབ་བཅུ།  གེ་སར་སྒྲུང་གི་བྱིས་པའི་དཔེ་ཚོགས་ལ《འཇང་ཕྲུག》 །  《ཨ་སྟག་ལྷ་མོ》 །  《ལྷ་གླིང་གབ་ཙེ་དགུ་སྐོར》 །  《རྟ་རྒྱུག་རྒྱལ་འཇོག》 །  《གེ་སར་འཁྲུངས་རབས》 །  《ཤན་འདན་ནང་འཁྲུག》 །  དེབ་དྲུག་དང་། 《ཡ་མཚན་ཆེ་བའི་གླིང་གེ་སར་སྒྲུང་བའི་གསང་བ》 །  《གངས་རིའི་བརྩེ་དུངས》 །  《ཆབ་འགག་ལོ་རྒྱུས》 །  《སྙན་རྩོམ་ངག་གི་ལྷ་མོ་དགྱེས་པའི་མཆོད་པ་མེ་ཏོག་གི་ཕྲེང་བ》 །  《ཆབ་འགག་རྡོ་རྗེ་ཚེ་རིང་གི་དཔྱད་རྩོམ་ཕྱོགས་བསྒྲིགས》 ། 《མཚོ་ལྷོའི་སྣོད་བཅུད་ཀྱི་རིག་གནས》  ། 《བོད་ཀྱི་རྩོམ་རིག་ལོ་རྒྱུས》དང་།  རྒྱ་ཡིག་གི《བླ་མ་ཐུབ་བསྟན་ཉི་མའི་རྟོགས་བརྗོད》 ། 《དག་གཙང་གི་བོད་ཡུལ་མཛེས་སྡུག་གི་མཚོ་ལྷོ》དེབ་གཉིས་དང་།  སྒྲིག་རྩོམ་ལ་གེ་སར་གྱི་སྒྲུང་《བཀྲ་ཤིས་སྨོན་ལམ་ལྔ》 དང་།  གེ་སར་སྒྲུང་དེབ་སྤུས་ལེགས《སྒ་བདེའི་ཤེས་རབ་རྫོང་》སྟོད་སྨད་ཆ་དེབ་གསུམ་བཅས་དེབ ༣༣ པར་དུ་བསྐྲུན་ཡོད་པ་དང། ད་དུང་འཁྲབ་གཞུང་བོད་རིགས་ཀྱི་གླུ་གར་ཆེན་མོ《འཇང་ཕྲུག》 །  བོད་རིགས་ཀྱི་གླུ་གར་ཆེན་མོ《རྒྱ་ཚ》 །  བོད་རིགས་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར་ཆེན་མོ།  《གསེར་གྱི་ཉི་ཟླ》 །  བོད་པའི་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར《ལྷ་ཆབ་སྔོན་མོའི་མཆོད་པ》 །  གེ་སར་སྒྲུང་གི་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར་ཆེན་མོ《སྐྱ་ལོའི་སྟོན་འཇོག》 །  བོད་རིགས་ཀྱི་གླུ་གར་ཆེན་མོ《མཚོ་སྔོན་པོའི་གཏམ་རྒྱུད》 །  གེ་སར་སྒྲུང་གི་ཡུལ་སྲོལ་ལོ་རྒྱུས་ཀྱི་གླུ་གར《སྐྱ་ལོའི་སྐྲ་སྟོན》བཅས་བྲིས་ཡོད་པ་འདི་དག་ཕ་ཟས་ཡུན་རིང་ཟོས་པའི་རིན་པའོོ། །
ད་ལྟ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་གྱི་གྲོན་དངུལ་ལོངས་སུ་སྤྱོད་མཁན་ཆེད་མཁས་པ་དང་།  རིམ་པ་དང་པོའི་རྩོམ་པ་པོའི་ཐོབ་ཐང་ཡོད།   


  གནའ་བོའི་རུ་བ།

  ཆབ་འགག་རྡོ་རྗེ་ཚེ་རིང་།

རུ་སྔན་གནའ་བོའི་རུ་བ།།

ལོ་ངོ་སྟོང་གི་ཚོ་བ།།

སྣོད་ཀྱི་བཀོད་པ་རྒུད་མེད།།

བཅུད་ཀྱི་སེམས་ཅན་འགྱུར་མེད།།

རུ་སྔན་ཚོ་བའི་སྟག་ཤར།།

གཞུང་རྒྱུད་མདའ་མོའི་དྲང་ཡིན།།

སོང་ན་རུ་བའི་སྔན་མ།།

ཡོང་ན་རུ་བའི་གཞུག་མ།།

རུ་སྔན་གནའ་བོའི་རུ་བ།།

རུ་དམར་འབྲོང་གི་བུ་ཡིན།།

བྱ་རྒྱལ་ཁྱུང་གི་རྒྱུད་ཡིན།།

ཆོས་རྒྱལ་བཙན་པོའི་དམག་ཡིན།།

གསེར་ཐང་གསེར་གྱི་ལུང་བ།།

གསེར་ཆུ་གསེར་གྱི་གཙང་བོ།།

ཕྱི་བལྟས་པད་མ་འདབ་བརྒྱད།།

ནང་བལྟས་བཀྲ་ཤིས་རྟགས་བརྒྱད།།

གསེར་ཐང་བུ་མོ་གསེར་ཡིན།།

ཞལ་རས་གསེར་གྱི་སྐུ་ཡིན།།

གསེར་ཐང་བུ་མོ་གསེར་ཡིན།།

ངང་རྒྱུད་གསེར་གྱི་འཇམ་ཡིན།།

གསེར་ཐང་བུ་མོ་གསེར་ཡིན།།

སེམས་པ་གསེར་གྱི་བཟང་ཡིན།།

གསེར་ཐང་བུ་མོ་གསེར་ཡིན།།

གསེར་ལ་འགྱུར་བ་མེད་སོང་།།

  གཏེར་ལམ་སྐོར་བྲོའི་གླུ་ཚིག

དབུས་ཀྱི་ཚྭ་མཚོ་དཀར་མོ།

ཆབ་འགག་རྡོ་རྗེ་ཚེ་རིང་།

སྨིག་རྒྱུ་གྲོང་ཁྱེར་ཁྲོད་ནས།།

རླབས་དཀར་ཕྲེང་བ་གཡོ་བའི།།

སྤྲིན་དཀར་པད་མོའི་མཚོ་མོ།།

དབུས་ཀྱི་ཚྭ་མཚོ་དཀར་མོ།།

བསྐལ་བ་མ་སྟོངས་བར་དུ།།     

ཚྭ་ལ་འཛད་མཐའ་མི་འདུག།

ཚྭ་དཀར་ཟེགས་མ་རེ་རེ།།

བཟང་དྲུག་དྲོད་སྨན་རེ་རེ།།

སེམས་ཀྱི་ལྷ་མཚོ་སྔོན་མོ།།

སྙིང་གི་ཚྭ་མཚོ་དཀར་མོ།།

རིན་ཆེན་ཚྭ་རྫས་མེད་ན།།

ཟས་ལ་བྲོ་བ་མི་འདུག།

སྨིག་རྒྱུ་གྲོང་ཁྱེར་ཁྲོད་ནས།།

རླབས་དཀར་ཕྲེང་བ་གཡོ་བའི།།

བྱུ་དཀར་པད་མོའི་མཚོ་མོ།།

དབུས་ཀྱི་ཚྭ་མཚོ་དཀར་མོ།།

ཁ་སང་ཚྭ་གཏེར་བཏོན་པ།།

དེ་རིང་ཚྭ་ཡིས་བཀང་འདུག།

ཚྭ་དཀར་ཁྲོན་པ་རེ་རེ།།

འཛད་མེད་གཏེར་ཁུངས་རེ་རེ།།

སེམས་ཀྱི་ལྷ་མཚོ་སྔོན་མོ།།

སྙིང་གི་ཚྭ་མཚོ་དཀར་མོ།།

རིན་ཆེན་ཚྭ་རྫས་མེད་ན།།

ལུས་ལ་གསོན་ཤུགས་མི་རྒྱས།།

  གཏེར་ལམ་སྐོར་བྲོའི་གླུ་ཚིག

      གསེར་གྱི་ཁྱུང་ཆེན།

    ཆབ་འགག་རྡོ་རྗེ་ཚེ་རིང་།

ཕྱི་ན་ལྕགས་རི་དགུ་བསྐོར།།

ནང་ན་ནོར་བུ་དགུ་འཛོམས།།

གསེར་ནག་ཁྱུང་ཆེན་མདུན་གྱི།།

བཙན་པོའི་བླ་མཁར་འཇིག་མེད།།

ལོ་སྟོང་དར་རྒུད་ཁྲོད་ནས།།

ལོ་རྒྱུས་རྡོ་རིང་ལོག་མེད།།

བཀའ་ལུང་གངས་སེང་ཁྲོས་པའི།།

གད་རྒྱངས་ང་རོ་ཡལ་མེད།།

སེམས་ཀྱི་ཉི་མ་སེར་པོ།།

སྙིང་གི་ཡབ་ཆེན་རྒྱལ་པོ།།

ཡིད་སེམས་ཁྱོད་ལ་འཁྲེང་ཡོད།།

རྣམ་ཤེས་ཁྱོད་ལ་ཆགས་ཡོད།།

ཕྱི་ན་ལྕགས་རི་དགུ་བསྐོར།།

ནང་ན་ནོར་བུ་དགུ་འཛོམས།།

གཡུ་འབྲུག་ཁ་སྤྲོད་བར་གྱི།།

བཙུན་མོའི་བླ་ཆུ་འཁྱག་མེད།།

ལོ་ངོ་སྟོང་གི་མཛའ་རྟགས།།

ལོ་རྒྱུས་རྒྱ་གསེར་རྙིང་མེད།།

ལྷག་བསམ་འོ་མ་དཀར་པོའི།།

དུངས་སེམས་དྲི་ཞིམ་འགྱུར་མེད།།

སེམས་ཀྱི་ལྷ་ཟླ་དཀར་པོ།།

སྙིང་གི་ཡུམ་མཆོག་ལྷ་མོ།།

ཡིད་སེམས་ཁྱོད་ལ་འཁྲེང་ཡོད།།

རྣམ་ཤེས་ཁྱོད་ལ་ཆགས་ཡོད།།

      གཏེར་ལམ་སྐོར་བྲོའི་གླུ་ཚིག

   སྟོན་ཁའི་མཚམས་སྤྲིན།

    ཆབ་འགག་རྡོ་རྗེ་ཚེ་རིང་།

དབྱར་གསུམ་སྤང་ལྗོངས་ཐང་ནས།།

དྲི་ཞིམ་མེ་ཏོག་སྣ་ཚོགས།།

ཚོན་མདངས་རི་མོ་བཀྲ་བའི།།

མཛེས་སྡུག་དཔལ་གྱིས་བཞད་ཀྱང་།།

ཕ་ཡུལ་གཏེར་ལམ་ལུང་བའི།།

མཐོན་མཐིང་ཨ་སྔོན་དགུང་གི།

སྟོན་གསུམ་ཞོགས་པའི་མཚམས་སྤྲིན།།

ལྷ་ཡུལ་ཁམས་ལས་མཛེས་སོང་།།

སྤྲིན་མགོ་མེ་རིས་དགུ་འཁྱིལ།།

སྤྲིན་མཐའ་པད་མ་དགུ་བརྩེགས།།

ཞོགས་པའི་མཚམས་སྤྲིན་དམར་པོ།།

ལྷ་ཡུལ་ཁམས་ལས་མཛེས་སོང་།།

དབུས་གཞོངས་གཡེར་མོ་ཐང་ནས།།

རླབས་དཀར་ཟེགས་མ་འཕྱོ་བའི།།

ཚྭ་དཀར་མཚོ་མོ་རེ་རེ།།

མཛེས་སྡུག་དཔལ་གྱིས་སྒེག་ཀྱང་།།

ཕ་ཡུལ་གཏེར་ལམ་ལུང་བའི།།

མཐོན་མཐིང་ཨ་སྔོན་དགུང་གི།

སྟོན་གསུམ་དགོང་ཁའི་མཚམས་སྤྲིན།།

ལྷ་ཡུལ་ཁམས་ལས་མཛེས་སོང་།།

སྤྲིན་མགོ་གསེར་འོད་དགུ་འཁྱིལ།།

སྤྲིན་མཐའ་འཇའ་རིས་དགུ་བརྩེགས།།

དགོང་ཁའི་མཚམས་སྤྲིན་སེར་པོ།།

ལྷ་ཡུལ་ཁམས་ལས་མཛེས་སོང་།།

  གཏེར་ལམ་སྐོར་བྲོའི་གླུ་ཚིག

     སེམས་ཀྱི་སྨོན་འདུན།

  ཆབ་འགག་རྡོ་རྗེ་ཚེ་རིང་།

བཀྲ་ལ་ཤིས་ཡ་བཀྲ་ཤིས་ཤོག།

བཀྲ་ཤིས་ཤོག་ཡ་བཀྲ་ལ་ཤིས།།

གཙུག་ལག་ཆོས་ཀྱི་བཀྲ་ཤིས་ཤོག།

ངུར་སྨིག་དགེ་འདུན་བཀྲ་ཤིས་ཤོག།

དུས་གསུམ་སངས་རྒྱས་བཀྲ་ཤིས་ཤོག།

དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག།

བཀྲ་ལ་ཤིས་ཡ་བཀྲ་ཤིས་ཤོག།

བཀྲ་ཤིས་ཤོག་ཡ་བཀྲ་ལ་ཤིས།།

གསེར་མདོག་ཉི་མ་བཀྲ་ཤིས་ཤོག།

དུང་མདོག་ཟླ་བ་བཀྲ་ཤིས་ཤོག།

ཐོ་རངས་སྐར་ཆེན་བཀྲ་ཤིས་ཤོག།

ཉི་ཟླ་སྐར་གསུམ་བཀྲ་ཤིས་ཤོག།

བཀྲ་ལ་ཤིས་ཡ་བཀྲ་ཤིས་ཤོག།

བཀྲ་ཤིས་ཤོག་ཡ་བཀྲ་ལ་ཤིས།།

མངའ་རིས་སྐོར་གསུམ་བཀྲ་ཤིས་ཤོག།

དབུས་གཙང་རུ་བཞི་བཀྲ་ཤིས་ཤོག།

མདོ་ཁམས་སྒང་དྲུག་བཀྲ་ཤིས་ཤོག།

མདོ་དབུས་ཁམས་གསུམ་བཀྲ་ཤིས་ཤོག།

  གཏེར་ལམ་སྐོར་བྲོའི་གླུ་ཚིག

ཡ་རབས་སྲོལ་བཟང་།

   ཆབ་འགག་རྡོ་རྗེ་ཚེ་རིང་།

དྲིན་ཆེན་བླ་མ་འཁྲུངས་རིང་ལ།།

མདོ་སྔགས་ཆོས་ཀྱི་སྒོ་མོ་བཞེངས།།

ཡ་ཐེམ་མཐོན་པོ་ཕ་ལ་དཔེ།།

མ་ཐེམ་དམའ་མོ་མ་ལ་དཔེ།།

འཕྲེད་རྟ་དྲང་མོ་སྤུན་ལ་དཔེ།།

དགེ་འདུན་ཚོགས་ནས་ཆོས་སྟོན་བྱས།།

ཆོས་རྒྱུན་མ་ཆད་ཡོད་ནོ་འདི།།

བྱིན་རླབས་མ་ཉམས་རིག་ནོ་འདི།།

གངས་ཅན་བོད་པའི་ཕྱག་སྲོལ་ཡིན།།

གཏེར་ལམ་བོད་པའི་ཕྱག་ལེན་ཡིན།།

སྐྱིད་ལ་རྩེད་ཡ་བདེ་ལ་འགུགས།།

བདེ་སྐྱིད་འཛོམས་པའི་སྐོར་བྲོ་འཁྲབ།།

ཨ་ཁུ་རྒོད་པོ་འཁྲུངས་རིང་ལ།།

འབྲོང་རྭ་སྨུག་པོ་གཞུ་ལ་བཀུག།

ཡ་མཆོག་སྲ་མོ་ཕ་ལ་དཔེ།།

མ་མཆོག་སྙི་མོ་མ་ལ་དཔེ།།

གཞུ་རྒྱུད་ཕྲ་མོ་སྤུན་ལ་དཔེ།།

ཕུ་ནུ་ཚོགས་ནས་མདའ་སྟོན་བྱས།།

གཞུ་ཐིག་མ་ཆད་ཡོད་ནོ་འདི།།

མདའ་སྒྲོ་མ་ཟད་རིག་ནོ་འདི།།

གངས་ཅན་བོད་པའི་ཕྱག་སྲོལ་ཡིན།།

གཏེར་ལམ་བོད་པའི་ཕྱག་ལེན་ཡིན།།

སྐྱིད་ལ་རྩེད་ཡ་བདེ་ལ་འགུགས།།

བདེ་སྐྱིད་འཛོམས་པའི་སྐོར་བྲོ་འཁྲབ།།

ཨ་ནེ་བཟང་མོ་འཁྲུངས་རིང་ལ།།

ནས་འབྲུ་སྔོན་མོ་ཆང་ལ་བསྒྱུར།།

ཆང་སྣ་བཙན་པོ་ཕ་ལ་དཔེ།།

ཆང་གཞུག་འཇམ་པོ་མ་ལ་དཔེ།།

ཆང་སྐྱེམས་ཞིམ་པོ་སྤུན་ལ་དཔེ།།

སྡེ་བ་ཚོགས་ནས་ཆང་སྟོན་བྱས།།

ཆང་དྲི་མ་ཡལ་བྲོ་ནོ་འདི།།

བཟི་སྟོབས་མ་ཉམས་ཤེས་ནོ་འདི།།

གངས་ཅན་བོད་པའི་ཕྱག་སྲོལ་ཡིན།།

གཏེར་ལམ་བོད་པའི་ཕྱག་ལེན་ཡིན།།

སྐྱིད་ལ་རྩེད་ཡ་བདེ་ལ་འགུགས།།

བདེ་སྐྱིད་འཛོམས་པའི་སྐོར་བྲོ་འཁྲབ།།

  གཏེར་ལམ་སྐོར་བྲོའི་གླུ་ཚིག

 ཁ་བཏགས་དཀར་པོ།

  ཆབ་འགག་རྡོ་རྗེ་ཚེ་རིང་།

འབྲེག་ཡ་འབྲེག་ཡ་གཡང་དཀར་ལུག་བལ་འབྲེག།

སྟག་ཤར་ཁ་ལས་ཅན་གྱིས་བཟུང་ན་ཡག།

བལ་ཐིག་ལྷ་མ་ལྷོད་ཀྱིས་བཀྱིགས་ན་ཡག།

ཁེ་གྲི་ར་མ་རིང་གིས་བྲེགས་ན་ཡག།

དེ་རིང་དགའ་བ་དེ་རིང་སྐྱིད་པ་ལ།།

གཡང་དཀར་བལ་དོས་སྤྲིན་དཀར་གཡོ་འདྲ་ཡིན།།

དེ་རིང་སྐྱིད་པ་དེ་རིང་དགའ་བ་ལ།།

སྟག་ཤར་གཞོན་ནུ་རྣམས་ཀྱི་དགོད་སྒྲ་ཡག།

འཁེལ་ཡ་འཁེལ་ཡ་བལ་དཀར་སྐུད་པ་འཁེལ།།

སྨན་ཤར་ཤེས་རྒྱ་ཅན་གྱིས་འཁེལ་ན་ཡག།

གསོམ་དཀར་ཕང་ཤིང་སྐེད་ལ་དཀྲི་ན་ཡག།

གཡུ་རྡོ་ཕང་ལོ་ཞབས་ནས་འཁོར་ན་ཡག།

དེ་རིང་དགའ་བ་དེ་རིང་སྐྱིད་པ་ལ།།

སྐུད་པའི་གྲུ་གུ་བ་སོ་སྤུངས་འདྲ་ཡིན།།

དེ་རིང་སྐྱིད་པ་དེ་རིང་དགའ་བ་ལ།།

སྨན་ཆུང་བུ་མོ་རྣམས་ཀྱི་འཛུམ་མདངས་ཡག།

འཐག་ཡ་འཐག་ཡ་ཁ་བཏགས་དཀར་པོ་འཐག།

ཨ་ནེ་དུང་རལ་ཅན་གྱི་ཐགས་སྐུད་ཡག།

དངུལ་གྱི་གཞུང་སྐུད་སྲིད་ལ་དྲངས་ན་ཡག།

དུང་གི་ཁྲེད་སྐུད་བར་ནས་རྒྱུག་ན་ཡག།

དེ་རིང་དགའ་བ་དེ་རིང་སྐྱིད་པ་ལ།།

ཁ་བཏགས་དཀར་པོ་བཀྲ་ཤིས་རྟགས་བརྒྱད་ཅན།།

དེ་རིང་སྐྱིད་པ་དེ་རིང་དགའ་བ་ལ།།

ཨ་ནེ་དུང་རལ་ཅན་གྱི་བྱམས་བརྩེ་ཡག།

འབུལ་ཡ་འབུལ་ཡ་ཁ་དག་དཀར་པོ་འབུལ།།

ཨ་ཁུ་སྨ་ར་ཅན་གྱིས་བཟུང་ན་ཡག།

མགྲོན་པོ་བསོད་ནམས་ཅན་ལ་འཐེན་ན་ཡག།

གཞིས་མགྲོན་ལྷན་དུ་འཛོམས་པ་རྟེན་འབྲེལ་ཡག།

དེ་རིང་དགའ་བ་དེ་རིང་སྐྱིད་པ་ལ།།

སྐུ་མགྲོན་ལྷན་རྒྱས་ཚེ་རིང་ལོ་བརྒྱ་ཤོག།

དེ་རིང་སྐྱིད་པ་དེ་རིང་དགའ་བ་ལ།།

ཨ་ཁུ་སྨ་ར་ཅན་གྱི་སྨོན་འདུན་ཡག།

      གཏེར་ལམ་སྐོར་བྲོའི་གླུ་ཚིག

 བྲེ་སེར་འབྲོང་གི་ཕ་ས།

   ཆབ་འགག་རྡོ་རྗེ་ཚེ་རིང་།

ཡ་ཆུང་སེམས་ཀྱི་རྒུ་རུ།།

བྲེ་སེར་འབྲོང་གི་ཕ་ས།།

དམར་ཆུང་སྙིང་གི་རྒུ་རུ།།

ཐུལ་དཀར་འབྲི་མོའི་ཕ་ཡུལ།།

རྫ་ལུང་སྨུག་ལུང་ཁྲོད་ནས།།

ནོར་ཁྱུ་འབྲོང་ལ་འདྲེས་ས།།

འཛམ་གླིང་གེ་སར་རྒྱལ་པོས།།

འབྲོང་ཁྱུ་རྡང་ལ་འདོགས་ས།།

སྐྱ་ལོ་སེང་ལྕམ་འབྲུག་མོས།།

འབྲོང་མོའི་འོ་མ་བཞོ་ས།།

བྲེ་སེར་འབྲོང་གི་ཕ་ས།།

ཐུལ་དཀར་འབྲི་མོའི་ཕ་ཡུལ།།

ཡ་ཆུང་སེམས་ཀྱི་རྒུ་རུ།།

ཁ་དཀར་རྐྱང་གི་ཕ་ས།།

དམར་ཆུང་སྙིང་གི་རྒུ་རུ།།

འདོ་དྲུག་རྟ་ཡི་ཕ་ཡུལ།།

ལ་དང་ལུང་གསུམ་མདོ་ནས།།

རྟ་ཁྱུ་རྐྱང་ལ་འདྲེས་ས།།

སྐྱ་ལོ་སེང་ལྕམ་འབྲུག་མོས།།

རྐྱང་ལ་གསེར་སྒ་སྟོད་ས།།

འཛམ་གླིང་གེ་སར་རྒྱལ་པོས།།

རྟ་བརྒྱུགས་རྒྱལ་ཁ་ལེན་ས།།

ཁ་དཀར་རྐྱང་གི་ཕ་ས།།

འདོ་དྲུག་རྟ་ཡི་ཕ་ཡུལ།།

ཡ་ཆུང་སེམས་ཀྱི་རྒུ་རུ།།

རི་དྭགས་རྒོ་བའི་ཕ་ས།།

དམར་ཆུང་སྙིང་གི་རྒུ་རུ།།

གཡང་དཀར་ལུག་གི་ཕ་ཡུལ།།

སྤང་ལུང་མེ་ལོང་ཐང་ནས།།

རྒོ་ཁྱུ་ལུག་ལ་འདྲེས་ས།།

འཛམ་གླིང་གེ་སར་རྒྱལ་པོས།།

ལུག་གཡང་གླིང་ལ་འདྲེན་ས།།

སྐྱ་ལོ་སེང་ལྕམ་འབྲུག་མོས།།

སྟོང་ལུག་སྤང་ནས་འཚོ་ས།།

རི་དྭགས་རྒོ་བའི་ཕ་ས།།

གཡང་དཀར་ལུག་གི་ཕ་ཡུལ།།

  གཏེར་ལམ་སྐོར་བྲོའི་གླུ་ཚིག

ཕ་ཡུལ་གཏེར་ལམ།

  ཆབ་འགག་རྡོ་རྗེ་ཚེ་རིང་།

ཕ་ཡུལ་གཏེར་གྱི་ལུང་བ།།

རོང་འབྲོག་གཉིས་ཀྱི་ཕ་ས།།

སྟོད་ཀྱི་ཞང་སྐྱོང་རྒུ་རུ།།

བར་གྱི་ནོར་བུ་དཔོན་ཚ།།

སྨད་ཀྱི་ཤྭ་ཝ་རྫ་རྒན།།

གཏེར་ལམ་བོད་པའི་སྐྱེས་རི།།

རྩེ་གསུམ་གངས་ཀྱིས་བཟུང་ཡོད།།

གངས་ལྷ་མེ་ཏོག་བཞད་ཡོད།།

གཏེར་ལམ་གཏེར་གྱི་ལུང་བ།།

ནོར་གྱི་ཕྱྭ་གཡང་འཁོར་ས།།

སྟོབས་འབྱོར་མངའ་ཐང་དར་ས།།

ཕ་ཡུལ་གཏེར་ལམ་ཡིན་སོང་།།

ཕ་ཡུལ་གཏེར་གྱི་ལུང་བ།།

རོང་འབྲོག་གཉིས་ཀྱི་ཕ་ས།།

སྟོད་ཀྱི་རྒུ་རུ་དགོན་ཆེན།།

བར་གྱི་ཆོས་སྒང་དགོན་ཆེན།།

སྨད་ཀྱི་ཤངས་སྡེ་དགོན་ཆེན།།

མདོ་སྔགས་ཆོས་ཀྱི་དགའ་ཚལ།།

མཐོང་ན་ངན་སོང་མེད་ས།།

མཇལ་ན་བྱིན་རླབས་ཆེ་ས།།

གཏེར་ལམ་ཆོས་ཀྱི་ལུང་བ།།

ཡིག་དྲུག་མ་ཎི་འདོན་ས

ཐོ་རིས་ཐར་ལམ་མཐོང་ས།།

ཕ་ཡུལ་གཏེར་ལམ་ཡིན་སོང་།།

ཕ་ཡུལ་གཏེར་གྱི་ལུང་བ།།

རོང་འབྲོག་གཉིས་ཀྱི་ཕ་ས།།

སྟོད་ཀྱི་རན་དཀར་ལུང་བ།།

བར་གྱི་མེ་ཏོག་ལུང་བ།།

སྨད་ཀྱི་སྒོ་མེ་ལུང་བ།།

རྟ་ནོར་ལུག་གསུམ་འཕེལ་ས།།

གྲོ་ནས་སྲན་གསུམ་འཁྲུངས་ས།།

མེ་ཏོག་སྣ་ཚོགས་བཞད་ས།།

གཏེར་ལམ་གླུ་གར་ལུང་བ།།

སྐྱིད་པོའི་གླུ་དབྱངས་ལེན་ས།།

དགའ་བའི་སྐོར་བྲོ་འཁྲབ་ས།།

ཕ་ཡུལ་གཏེར་ལམ་ཡིན་སོང་།།

   གཏེར་ལམ་སྐོར་བྲོའི་གླུ་ཚིག

སྐྱིད་ཀྱི་བྲོ་ར།

  ཆབ་འགག་རྡོ་རྗེ་ཚེ་རིང་།

ཨ་རྩེད་རྩེ་ཡ་སྐོར་བྲོ་འཁྲབ།།

སྐྱིད་ཀྱི་བྲོ་ར་ས་ལ་ལ།།

སྐོར་བྲོ་འཁྲབ་ཡ་ཨ་རྩེད་རྩེ།།

དགའ་བའི་རྩེད་ར་སོ་ལོ་ལོ།།

སྟོད་ཀྱི་ཁྲ་ཡག་རྫ་ལམ་ན།།

འབྲོང་དང་འབྲོང་མོ་ཆ་འགྲིག་ཡིན།།

མགོ་གི་རུ་ཐུར་ཆ་མཉམ་ཡིན།།

ཨ་འགྲིག་ཆ་འགྲིག་རང་འགྲིག་ཡིན།།

ཨ་རྩེད་རྩེ་ཡ་སྐོར་བྲོ་འཁྲབ།།

སྐྱིད་ཀྱི་བྲོ་ར་ས་ལ་ལ།།

སྐོར་བྲོ་འཁྲབ་ཡ་ཨ་རྩེད་རྩེ།།

དགའ་བའི་རྩེད་ར་སོ་ལོ་ལོ།།

ཨ་རྩེད་རྩེ་ཡ་སྐོར་བྲོ་འཁྲབ།།

སྐྱིད་ཀྱི་བྲོ་ར་ས་ལ་ལ།།

སྐོར་བྲོ་འཁྲབ་ཡ་ཨ་རྩེད་རྩེ།།

དགའ་བའི་རྩེད་ར་སོ་ལོ་ལོ།།

སྨད་ཀྱི་ཞི་བདེ་རྒྱ་མཚོ་ནང་།།

ཉ་དང་ཉ་མོ་ཆ་འགྲིག་ཡིན།།

ལུས་ཀྱི་གཤོག་སྒྲོ་ཆ་མཉམ་ཡིན།།

ཨ་འགྲིག་ཆ་འགྲིག་རང་འགྲིག་ཡིན།།

ཨ་རྩེད་རྩེ་ཡ་སྐོར་བྲོ་འཁྲབ།།

སྐྱིད་ཀྱི་བྲོ་ར་ས་ལ་ལ།།

སྐོར་བྲོ་འཁྲབ་ཡ་ཨ་རྩེད་རྩེ།།

དགའ་བའི་རྩེད་ར་སོ་ལོ་ལོ།།

ཨ་རྩེད་རྩེ་ཡ་སྐོར་བྲོ་འཁྲབ།།

སྐྱིད་ཀྱི་བྲོ་ར་ས་ལ་ལ།།

སྐོར་བྲོ་འཁྲབ་ཡ་ཨ་རྩེད་རྩེ།།

དགའ་བའི་རྩེད་ར་སོ་ལོ་ལོ།།

བར་གྱི་གཏེར་ལམ་བྲོ་རའི་ནང་།།

བུ་དང་བུ་མོ་ཆ་འགྲིག་ཡིན།།

ངག་གི་ཨ་རྩེད་ཆ་མཉམ་ཡིན།།

ཨ་འགྲིག་ཆ་འགྲིག་རང་འགྲིག་ཡིན།།

ཨ་རྩེད་རྩེ་ཡ་སྐོར་བྲོ་འཁྲབ།།

སྐྱིད་ཀྱི་བྲོ་ར་ས་ལ་ལ།།

སྐོར་བྲོ་འཁྲབ་ཡ་ཨ་རྩེད་རྩེ།།

དགའ་བའི་རྩེད་ར་སོ་ལོ་ལོ།།

    གཏེར་ལམ་སྐོར་བྲོའི་གླུ་ཚིག

བཀྲ་ཤིས་སྐོར་བྲོ།

  ཆབ་འགག་རྡོ་རྗེ་ཚེ་རིང་།

བཀྲ་ཤིས་སྐོར་བྲོ་གཅིག་གཉིས་གསུམ།།

བཀྲ་ཤིས་སྐོར་བྲོ་བཞི་ལྔ་དྲུག།

ཨ་སྔོན་འོད་ཀྱི་གུར་ཁང་ནས།།

རྩིབས་སྟོང་འཁོར་ལོའི་སྐོར་བྲོ་འཁྲབ།།

གསེར་མདོག་ཉི་མ་ཤར་ནས་འཁོར།།

དུང་མདོག་ཟླ་བ་ནུབ་ནས་འཁོར།།

སྐར་ཚོགས་མང་བོ་བར་ནས་འཁོར།།

བཀྲ་ཤིས་སྐོར་བྲོ་དཀྱིལ་ནས་འཁོར།།

ང་ཚོ་ཚང་མ་མཉམ་དུ་འཁོར།།

སྐོར་བྲོ་འཁོར་ལོ་འཁོར་འཁོར་བྱེད།།

བཀྲ་ཤིས་སྐོར་བྲོ་གཅིག་གཉིས་གསུམ།།

བཀྲ་ཤིས་སྐོར་བྲོ་བཞི་ལྔ་དྲུག།

བཀྲ་ཤིས་སྐོར་བྲོ་གཅིག་གཉིས་གསུམ།།

བཀྲ་ཤིས་སྐོར་བྲོ་བཞི་ལྔ་དྲུག།

བར་སྣང་སྤྲིན་གྱི་གུར་ཁང་ནས།།

རྟགས་བརྒྱད་རི་མོའི་སྐོར་བྲོ་འཁྲབ།།

གཡུ་འབྲུག་སྔོན་མོ་གཡས་ནས་འཁོར།།

སྦྲང་ཆར་བསིལ་མ་གཡོན་ནས་འཁོར།།

འཇའ་ཚོན་སྣ་ལྔ་བར་ནས་འཁོར།།

བཀྲ་ཤིས་སྐོར་བྲོ་དཀྱིལ་ནས་འཁོར།།

ང་ཚོ་ཚང་མ་མཉམ་དུ་འཁོར།།

སྐོར་བྲོ་འཁོར་ལོ་འཁོར་འཁོར་བྱེད།།

བཀྲ་ཤིས་སྐོར་བྲོ་གཅིག་གཉིས་གསུམ།།

བཀྲ་ཤིས་སྐོར་བྲོ་བཞི་ལྔ་དྲུག།

བཀྲ་ཤིས་སྐོར་བྲོ་གཅིག་གཉིས་གསུམ།།

བཀྲ་ཤིས་སྐོར་བྲོ་བཞི་ལྔ་དྲུག།

དོག་མོ་སྐྱིད་ཀྱི་གུར་ཁང་ནས།།

འདབ་བརྒྱད་པད་མའི་སྐོར་བྲོ་འཁྲབ།།

སྣོད་ཀྱི་འཇིག་རྟེན་ཕྱི་ནས་འཁོར།།

བཅུད་ཀྱི་སེམས་ཅན་ནང་ནས་འཁོར།།

ཐག་རིང་མགྲོན་པོ་བར་ནས་འཁོར།།

བཀྲ་ཤིས་སྐོར་བྲོ་དཀྱིལ་ནས་འཁོར།།

ང་ཚོ་ཚང་མ་མཉམ་དུ་འཁོར།།

སྐོར་བྲོ་འཁོར་ལོ་འཁོར་འཁོར་བྱེད།།

བཀྲ་ཤིས་སྐོར་བྲོ་གཅིག་གཉིས་གསུམ།།

བཀྲ་ཤིས་སྐོར་བྲོ་བཞི་ལྔ་དྲུག།

    གཏེར་ལམ་སྐོར་བྲོའི་གླུ་ཚིག

དུངས་སེམས་དམར་པོ།

 ཆབ་འགག་རྡོ་རྗེ་ཚེ་རིང་།

ཁྱོད་ནི་འཛམ་གླིང་ཉི་མ།།

ང་ནི་མེ་ཏོག་པད་མ།།

ཉི་མ་པད་མ་གཉིས་ཀ།

གནམ་སའི་བར་ཐག་རིང་རུང་།།

ཁྲི་གདུགས་འོད་ཟེར་སྟོང་ལྡན།།

སྦྲང་མའི་ཆར་དང་འདྲེས་དུས།།

མེ་ཏོག་འདབ་མ་ཇེ་ཡག།

སྦྲང་རྩིའི་དྲི་མ་ཇེ་ཞིམ།།

ཨ། འོད་སྟོང་གསེར་གྱི་ཐིགས་པ།།

མེ་ཏོག་སེམས་ལ་འཁྱིལ་ཡོད།།

ཨ། མཛེས་སྡུག་མེ་ཏོག་པད་མ།།

ཉི་མའི་འོད་ལ་དུངས་ཡོད།།

ཁྱོད་ནི་བཅོ་ལྔའི་ཟླ་བ།།

ང་ནི་ཀུ་མུད་མེ་ཏོག།

ཟླ་བ་ཀུ་མུད་གཉིས་ཀ།

གནམ་སའི་བར་ཐག་རིང་རུང་།།

བཟིལ་ཟེར་ཟླ་འོད་དཀར་པོ།།

སྐྱི་སེར་རླུང་དང་འགྲོགས་དུས།།

མེ་ཏོག་འདབ་མ་ཇེ་ཡག།

སྦྲང་རྩིའི་དྲི་མ་ཇེ་ཞིམ།།

ཨ། ཟླ་བའི་འོད་དཀར་དྭངས་མོ།།

མེ་ཏོག་སེམས་ལ་འཁྱིལ་ཡོད།།

ཨ། མཛེས་སྡུག་ཀུ་མུད་མེ་ཏོག།

ཟླ་བའི་འོད་ལ་ཆགས་ཡོད།།

    ན་ཆུང་གླུ་མ་འབྲུག་མོ་སྐྱིད་ལ་ཆེད་དུ་བྲིས་པའི་གླུ་ཚིག

དུས་བཞིའི་ཆོས་ཉིད།

   ཆབ་འགག་རྡོ་རྗེ་ཚེ་རིང་།

ང་རོང་བའི།།

ཡབ་མེས་ངག་རྒྱུན་ལ།།

དཔྱིད་ཟླ་གསུམ།།

ཉི་མ་དྲོ་ན་བཟང་།།

དཔྱིད་ཟླ་གསུམ།།

ཉི་མ་མ་དྲོ་ན།།

དཔྱིད་དམྱལ་བ།།

འདྲ་བོ་ཇེ་རིང་ཡིན།།

དཔྱིད་ཟླ་གསུམ།།

ཉི་མ་མ་དྲོ་ན།།

དབྱར་ཟླ་གསུམ།།

ལྗང་མྱུག་རྒྱས་མི་ཐུབ།།

དབྱར་ཟླ་གསུམ།།

ལྗང་མྱུག་མ་རྒྱས་ན།།

དབྱར་ཕ་མ།།

འདྲ་བོ་ཇེ་ཐུང་ཡིན།།

དབྱར་ཟླ་གསུམ།།

ལྗང་མྱུག་མ་རྒྱས་ན།།

སྟོན་ཟླ་གསུམ།།

ལོ་ལེགས་འཁྲུངས་མི་ཐུབ།།

སྟོན་ཟླ་གསུམ།།

ལོ་ལེགས་མ་འཁྲུངས་ན།།

སྟོན་གཡིས་ཉོག།

འདྲ་བོ་ཟ་མི་ཐུབ།།

སྟོན་ཟླ་གསུམ།།

ལོ་ལེགས་མ་འཁྲུངས་ན།།

དགུན་ཟླ་གསུམ།།

གྲང་ངར་བཟོད་མི་ཐུབ།།

དགུན་ཟླ་གསུམ།།

གྲང་ངར་མ་བཟོད་ན།།

དགུན་རྒྱ་སྟག།

འདྲ་བོ་ཇེ་བཙན་ཡིན།།

ང་རོང་བའི།།

ཡབ་མེས་ངག་རྒྱུན་ལ།།

ལོ་གཅིག་ལ།།

དབྱར་དགུན་སྟོན་དཔྱིད་བཞི།།

དུས་ཚིགས་བཞི།།

རྟེན་འབྲེལ་རང་འགྲིག་ཡིན།།

དུས་བཞི་ལ།།

དྲོད་གྲང་སྙོམས་ན་བཟང་།།

ང་འབྲོག་པའི།།

ཡབ་མེས་ངག་རྒྱུན་ལ།།

དཔྱིད་ཟླ་གསུམ།།

ཉི་མ་དྲོ་ན་བཟང་།།

དཔྱིད་ཟླ་གསུམ།།

ཉི་མ་མ་དྲོ་ན།།

དཔྱིད་དམྱལ་བ།།

འདྲ་བོ་ཇེ་རིང་ཡིན།།

དཔྱིད་ཟླ་གསུམ།།

ཉི་མ་མ་དྲོ་ན།།

དབྱར་ཟླ་གསུམ།།

རྩི་ཏོག་རྒྱས་མི་ཐུབ།།

དབྱར་ཟླ་གསུམ།།

རྩི་ཏོག་མ་རྒྱས་ན།།

དབྱར་མེ་ཏོག།

འདྲ་བོ་ཇེ་ཐུང་ཡིན།།

དབྱར་ཟླ་གསུམ།།

རྩི་ཏོག་མ་རྒྱས་ན།།

སྟོན་ཟླ་གསུམ།།

འོ་ཞོ་ཇེ་ཉུང་ཡིན།།

སྟོན་ཟླ་གསུམ།།

འོ་ཞོ་མ་མོད་ན།།

སྟོན་འབྲི་མར།།

འདྲ་བོ་ཟ་མི་ཐུབ།།

སྟོན་ཟླ་གསུམ།།

འབྲི་མར་མ་ལོན་ན།།

དགུན་ཟླ་གསུམ།།

གྲང་ངར་ཇེ་ཆེ་ཡིན།།

དགུན་ཟླ་གསུམ།།

གྲང་ངར་མ་ཐུབ་ན།།

དགུན་རྒྱ་སྟག།

འདྲ་བོ་ཇེ་བཙན་ཡིན།།

ང་འབྲོག་པའི།།

ཡབ་མེས་ངག་རྒྱུན་ལ།།

ལོ་གཅིག་ལ།།

དབྱར་དགུན་སྟོན་དཔྱིད་བཞི།།

དུས་ཚིགས་བཞི།།

རྟེན་འབྲེལ་རང་འགྲིག་ཡིན།།

དུས་བཞི་ལ།།

དྲོད་གྲང་སྙོམས་ན་བཟང་།།

     རྡུང་ལེན་གྱི་གླུ་ཚིག

ཕ་ཡུལ་ནང་ཆེན།

   ཆབ་འགག་རྡོ་རྗེ་ཚེ་རིང་།

ང་ཡི་ཕ་ཡུལ་ནང་ཆེན།།

ལ་སྟོད་འབྲོག་གི་ཕ་ས།།

ནག་མོ་ནོར་གྱི་ཕ་ཡུལ།།

ཞོ་དང་འོ་མའི་རྒྱ་མཚོ།།

རྫ་ལུང་སྨུག་ལུང་ཁྲོད་ནས།།

ནོར་ཁྱུ་འབྲོང་ལ་འདྲེས་ཡོད།།

འབྲོང་ཚ་རྡང་ལ་བཏགས་ཡོད།།

སྙན་མོ་བཞོ་དབྱངས་འཐེན་ས།།

མཛེས་སྡུག་རྨི་ལམ་འཁྲུངས་ས།།

ཕ་ཡུལ་ནང་ཆེན་ཡིན་སོང་།།

ང་ཡི་ཕ་ཡུལ་ནང་ཆེན།།

ལ་སྨད་རོང་གི་ཕ་ས།།

སྔོན་མོ་ནས་ཀྱི་ཕ་ཡུལ།།

སྦྲང་དཀར་རྩམ་པའི་ཞིང་ཁམས།།

ཉི་ཟླའི་འཁོར་སྐྱོད་ཁྲོད་ནས།།

དུས་བཞིའི་དྲོད་གྲང་བསྙམས་ཡོད།།

འབྱུང་བཞིའི་སྤར་ཁ་མཐུན་ཡོད།།

གསེར་མདོག་ཉི་མ་དྲོ་ས།།

བདེ་སྐྱིད་རྨི་ལམ་འཁྲུངས་ས།།

ཕ་ཡུལ་ནང་ཆེན་ཡིན་སོང་།།

ང་ཡི་ཕ་ཡུལ་ནང་ཆེན།།

མདོ་སྔགས་ཆོས་ཀྱི་ཕ་ས།།

གེ་སར་སྒྲུང་གི་ཕ་ཡུལ།།

བྲོ་དང་གར་གྱི་འཇིག་རྟེན།།

ལོ་རྒྱུས་དར་རྒུད་ཁྲོད་ནས།།

སྲོལ་རྒྱུན་རིག་གནས་དར་ཡོད།།

དཔའ་བོའི་རྣམ་ཐར་སྐྱོང་ཡོད།།

ཡིག་དྲུག་མ་ཎི་འདོན་ས།།

དད་པའི་རྨི་ལམ་འཁྲུངས་ས།།

ཕ་ཡུལ་ནང་ཆེན་ཡིན་སོང་།།

རེ་སྒུག

ཆབ་འགག་རྡོ་རྗེ་ཚེ་རིང་།

དཔྱིད་ཀྱི་དཔལ་མོ་བཞད་སོང་།།

སྤྲིན་གྱི་ཡོ་ལང་མཛེས་སོང་།།

གཡུ་འབྲུག་སྐད་སྒྲ་སྙན་སོང་།།

སྦྲང་མའི་ཆར་བ་འཇམ་སོང་།།

ཆུང་ཆུང་ལུ་གུ་འཚོ་རོགས།།

ཡང་ཆུང་མེ་ཏོག་འཐུ་རོགས།།

ཁྱོད་རང་གང་ལ་བུད་སོང་།།

ཁྱོད་རང་གང་ན་བཞུགས་ཡོད།།

སྐྱིད་ཀྱི་ཉི་མ་ཐུང་སོང་།།

སྡུག་གི་མུན་པ་རིང་སོང་།།

རྣ་བས་ཁྱོད་ལ་ཉན་ཡོད།།

སེམས་ཀྱིས་ཁྱོད་ལ་བསྒུགས་ཡོད།།

དབྱར་གྱི་དཔལ་མོ་བཞད་སོང་།།

ཁུ་བྱུག་སྔོན་མོ་གྲགས་སོང་།།

སྤང་ལྗོངས་ཚོས་ལ་བསྒྱུར་སོང་།།

ནོར་ལུག་རྦ་རླབས་འཕྱུར་སོང་།།

སློབ་ཆུང་ནང་གི་སློབ་གྲོགས།།

སླད་མེད་ཆུང་འདྲིས་རྩེད་རོགས།།

ལས་དང་བསོད་ནམས་དབང་གིས།།

རང་རང་ས་ལ་བུད་སོང་།།

མ་མཇལ་ཡུན་རིང་འགོར་སོང་།།

མ་བརྗེད་སེམས་པ་སྐྱོ་སོང་།།

རྨི་ལམ་ནང་ནས་དྲན་ཡོད།།

གངས་དཀར་སེམས་ནས་བསྒུགས་ཡོད།།

རེ་བ།

ཆབ་འགག་རྡོ་རྗེ་ཚེ་རིང་།

ཤེལ་དཀར་མཆོད་རྟེན་བཞེངས་འདྲའི།།

གངས་དཀར་ཨ་མྱེས་རྨ་ཆེན།།

གངས་ཅན་བོད་ཀྱི་བླ་རི།།

ཨ་མདོ་པ་ཡི་ལྷ་རི།།

བྲེ་སེར་འབྲོང་གི་ཕ་ས།།

ཐུལ་དཀར་འབྲི་མོའི་ཕ་ཡུལ།།

རྩེ་མོ་མཁའ་ལ་ཟུག་ཡོད།།

སྙན་གྲགས་ས་ལ་ཁྱབ་ཡོད།།

ཨ། ལོ་ངོ་སྟོང་གི་ལྷ་རི།།

ཨ། རྣམ་ཤེས་ཁྱོད་ལ་ཆགས་ཡོད།།

ཨ་སྔོན་ཐང་ལ་ལྷུང་འདྲའི།།

མཚོ་སྔོན་ཁྲི་ཤོར་རྒྱལ་མོ།།

གངས་ཅན་བོད་ཀྱི་བླ་མཚོ།།

ཨ་མདོ་པ་ཡི་ལྷ་མཚོ།།

གཡང་དཀར་ལུག་གི་ཕ་ས།།

གསེར་མིག་ཉ་མོའི་ཕ་ཡུལ།།

མཚོ་མོ་ས་ལ་འཁྱིལ་ཡོད།།

རླབས་དཀར་མཁའ་ལ་འཕྱོ་ཡོད།།

ཨ། ལོ་ངོ་སྟོང་གི་ལྷ་མཚོ།།

ཨ། སྐྱིད་སྡུག་ཁྱོད་ལ་བཅོལ་ཡོད།།

དགུ་ཚིགས་རི་མོ་བྲིས་འདྲའི།།

རྨ་ཆུ་ལྷ་ཆབ་སྔོན་མོ།།

གངས་ཅན་བོད་ཀྱི་བླ་ཆུ།།

ཨ་མདོ་པ་ཡི་ལྷ་ཆུ།།

ཆུ་མ་ཞིང་གི་ཕ་ས།།

གྲོ་ནས་སྲན་མའི་ཕ་ཡུལ།།

རྩ་བ་གངས་ལ་ཐུག་ཡོད།།

སྣེ་མོ་མཚོ་ལ་འདྲེས་ཡོད།།

ཨ། ལོ་ངོ་སྟོང་གི་ལྷ་ཆུ།།

ཨ། རེ་བ་ཁྱོད་ལ་བསྐུར་ཡོད།།

 མ་མཇལ་འགོར་སོང་།

 ཆབ་འགག་རྡོ་རྗེ་ཚེ་རིང་།

ཆ་མེད་རྒྱལ་ཁམས་འགྲིམས་པའི།།

ཕ་བཟང་གངས་ཕྲུག་གཞོན་ནུ།།

གནམ་ལོ་གསར་བའི་ནང་ལ།།

ཕ་ཡུལ་ཕྱོགས་ལ་ཕེབས་ཤོག།

གཞིས་བྱེས་ལྷན་དུ་འཛོམས་ནས།།

སྐྱིད་པོ་ལོ་སར་གཏོང་སྐབས།།

ཕ་མས་ཁྱོད་རང་དྲན་ཡོད།།

ཕུ་ནུས་ཁྱོད་ལ་བསྒུགས་ཡོད།།

ཨ།ཤ་རུས་ཁྲག་གི་བརྩེ་གདུང་།།

འགོར་ཀྱང་བརྗེད་ཐབས་མི་འདུག།

ཨ།གཅེས་ཕྲུག་སྙིང་གི་ནོར་བུ།།

ཕ་ཡུལ་ཕྱོགས་ལ་ཕེབས་ཤོག།

ཆ་མེད་རྒྱལ་ཁམས་འགྲིམས་པའི།།

མ་བཟང་གངས་རིའི་སྲས་མོ།།

གནམ་ལོ་གསར་བའི་ནང་ལ།།

ཕ་ཡུལ་ཕྱོགས་ལ་ཕེབས་ཤོག།

གཞིས་བྱེས་ལྷན་དུ་འཛོམས་ནས།།

སྐྱིད་པོ་ལོ་སར་གཏོང་སྐབས།།

ཕ་མས་ཁྱོད་རང་དྲན་ཡོད།།

ནང་མིས་ཁྱོད་ལ་བསྒུགས་ཡོད།།

ཨ།ཤ་རུས་ཁྲག་ག་ིལྟེ་ཐག།

བཅད་ཀྱང་ཆོད་རྒྱུ་མི་འདུག།

ཨ།གཅེས་ཕྲུག་སྙིང་གི་མེ་ཏོག།

ཕ་ཡུལ་ཕྱོགས་ལ་ཕེབས་ཤོག།

འཇོལ་མོའི་སེམས་པ།

 ཆབ་འགག་རྡོ་རྗེ་ཚེ་རིང་།

དབྱར་ཟླ་འགོ་མའི་ནང་ལ།།

འཇའ་ཚོན་མེ་ཏོག་བཞད་ཡོད།།

གཡུ་འབྲུག་སྔོན་མོ་གྲག་དུས།།

སྦྲང་ཆར་བསིལ་མ་བབས་སོང་།།

གསེར་ལྡན་པད་མའི་སྟེང་ནས།།

གཡུ་ལོས་ལྡིང་ཁང་གྲུབ་ཡོད།།

ཁུ་བྱུག་གསུང་སྐད་གོ་ན།།

འཇོལ་མོའི་སེམས་པ་སྐྱིད་ཡོད།།

སྟོན་ཟླ་འགོ་མའི་ནང་ལ།།

སྤྲིན་དཀར་ལྷོ་ལ་ཞོགས་ཡོད།།

སྟོན་རླུང་འུར་སེ་ལྡང་དུས།།

གསེར་མདོག་ལོ་མ་ལྷུང་སོང་།།

དྲན་གདུང་ཆར་རླུང་ཁྲོད་ནས།།

དབྱར་གྱི་དཔལ་ལ་འཁྲེང་ཡོད།།

ཁུ་བྱུག་མོན་ལ་འཕུར་ན།།

འཇོལ་མོའི་སེམས་པ་སྐྱོ་ཡོད།།

སེམས་ཀྱི་ཁ་བ།

 ཆབ་འགག་རྡོ་རྗེ་ཚེ་རིང་།

སྤྲིན་པ་ལང་ལོང་ཁྲོད་ནས།།

ཁ་བ་ལྷབ་ལྷུབ་བབས་བྱུང་།།

ལམ་ལ་ཁ་བ་ཆགས་སོང་།།

དྲན་པ་ལམ་ནས་ལུས་སོང་།།

ཁ་གཞུག་ཉི་མ་ཤར་ནས།།

ལམ་གྱི་ཁ་བ་བཞུས་རུང་།།

དྲན་གདུང་སེམས་ཀྱི་ཁ་བ།།

ནམ་ཡང་བཞུ་རྒྱུ་མེད་སོང་།།

སྤྲིན་པ་ལང་ལོང་ཁྲོད་ནས།།

ཆར་བ་སིམ་སིམ་བབས་བྱུང་།།

མིག་མཐའ་ཆར་ཆུས་བངས་སོང་།།

སྐྱོ་སྣང་མིག་ལས་ལུས་སོང་།།

ཆར་རྗེས་རླུང་བུ་ལྡང་ནས།།

མིག་མཐའི་ཆར་ཆུ་སྐམ་རུང་།།

དྲན་གདུང་སེམས་ཀྱི་མིག་ཆུ།།

ནམ་ཡང་སྐམ་རྒྱུ་མེད་སོང་།།

སེམས་ཀྱི་སྐྱིད་སྡུག

ཆབ་འགག་རྡོ་རྗེ་ཚེ་རིང་།

སྐྱ་རེངས་སྐྱ་མདའ་གཏོང་དུས།།

རྫ་ལུང་སྨུག་ལུང་ཁྲོད་ནས།།

སྨུག་པ་སྤྲིན་ལ་ཐིམ་ཡོད།།

སྤྲིན་དཀར་ལུག་ལ་འདྲེས་ཡོད།།

སྤྲིན་དང་ལུག་གི་བར་ནས།།

ལུག་རྫི་སྟག་ཤར་གཞོན་ནུས།།

གངས་དཀར་སེམས་ཀྱི་སྐྱིད་སྡུག།

གཡང་དཀར་ལུག་ལ་བཅོལ་ཡོད།།

ཨ། ལུག་རྫི་སྟག་ཤར་གཞོན་ནུས།།

ཨ། སྐྱིད་སྡུག་ལུག་ལ་བཅོལ་ཡོད།།

རྒྱང་རིང་རྒྱང་མིག་འཆད་དུས།།

རྫ་ལུང་སྨུག་ལུང་ཁྲོད་ནས།།

སྨུག་པ་སྤྲིན་ལ་ཐིམ་ཡོད།།

སྤྲིན་ནག་ནོར་ལ་འདྲེས་ཡོད།།

སྤྲིན་དང་ནོར་ནག་བར་ནས།།

ནོར་རྫི་ན་ཆུང་བུ་མོས།།

གངས་དཀར་སེམས་ཀྱི་སྐྱིད་སྡུག།

ཐུལ་དཀར་འབྲི་ལ་བཅོལ་ཡོད།།

ཨ། ནོར་རྫི་ན་ཆུང་བུ་མོས།།

ཨ། སྐྱིད་སྡུག་འབྲི་ལ་བཅོལ་ཡོད།།

  ཐོར་མོ་རྐྱང་གིས་ཁྲིད་སོང་།

   ཆབ་འགག་རྡོ་རྗེ་ཚེ་རིང་།

སེམས་ཀྱི་ལོ་ཆུང་ཐོར་མོས།།

རི་ཀླུང་སྐྱིད་སྡུག་མ་ཤེས།།

ཁ་དཀར་རྐྱང་ལ་འདྲེས་ནས།།

རྐྱང་གི་རྗེས་ལ་ཤོར་སོང་།།

ཨ་རོག་ཅང་ཤེས་ཐོར་མོ།།

རྟ་དང་རྐྱང་གཉིས་མཐུན་ན།།

རྐྱང་གིས་ཁྲིད་ན་ཁག་མེད།།

རྟ་ཁྱུ་བསྐྱུར་ན་སྐྱོན་མེད།།

རི་ཀླུང་སྐྱིད་པོ་མིན་ན།།

ཕ་ས་ཕ་ཡུལ་དྲན་ན།།

ཡོང་ས་སྤང་དཀར་ཐང་ཡོད།།

རྒྱུག་རོགས་ཐོ་རུ་ང་ཡོད།།

ཆུང་འདྲིས་མཛའ་མཐུན་བུ་མོས།།

གཞན་ཡུལ་སྐྱིད་སྡུག་མ་ཤེས།།

གྲོང་ཁྱེར་ནང་ལ་དུངས་ནས།།

རྒྱ་རྗེས་དད་ནས་བུད་སོང་།།

ཨ་རོག་ཆུང་འདྲིས་མཛའ་མོ།།

གྲོང་ཁྱེར་སྐྱིད་པོ་ཡིན་ན།།

རྒྱ་ལ་འགྲོགས་ན་ཁག་མེད།།

མནའ་ཚིག་ཟོས་ན་སྐྱོན་མེད།།

གྲོང་ཁྱེར་སྐྱིད་པོ་མིན་ན།།

ཕ་མ་སྤུན་ཟླ་དྲན་ན།།

ཡོང་ས་རང་གི་ཡུལ་ཡོད།།

འདུག་རོགས་ཆུང་འདྲིས་ང་ཡོད།།

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།