ཀྲུང་གོ་བོད་ཀྱི་དྲ་བ།

ཨ་དོན་གྱི་སྙན་རྩོམ་ཆེད་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཨ་དོན།(ཀན་ལྷོ།)   སྤེལ་དུས། : 2017-12-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཨ་དོན། དངོས་མིང་ལ་ཚེ་རིང་དོན་གྲུབ། རྨ་ཆུ་རྫོང་དུ་གཞུང་ཞབས་པའི་ལས་ཀར་ཞུགས་ཡོད། རྩོམ་རིག་གི་ལས་ཀ་དང་གསར་རྩོམ་ལ་ཞུགས་ནས་མི་ལ་བཅུ་ལ་ཉེ་བར་ཕྱིན་པ་དང་། ད་ལྟ་ཀན་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་ཀན་སུའུ་ཞིང་ཆེན་གྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། ཀན་སུའུ་ཞིང་ཆེན་རྩོམ་རིག་དཔྱད་བརྗོད་མཐུན་ཚོགས་ཀྱི་ཚོགས་མི།  ཀྲུང་གོའི་གྲངས་ཉུང་མི་རིགས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན། །


སྙན་ངག་དེ་དག

སྙན་ངག་གི་ཁམས་དེ་ནམ་ཡང་དྲི་མ་མེད་ཅིང་དག་ལ་གཙང་བའི་པད་མ་བཞིན་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་བ་བཞིན་འཇིག་རྟེན་གྱི་ར་རིས་མ་ལུས་རྦད་དེ་དོར་ཞིང་རྨང་ནས་གཡུགས་པའི་ཆོས་དཔེ་དམར་པོ་ཞིག་གིས་གྲུབ་ཡོད།

སྙན་ངག་པ་འཚོ་བའི་མ་རིག་གདུག་རྩུབ་ཀྱི་དགྲ་ལས་ཡོངས་སུ་རྒྱལ་ཡོད་ལ་མི་རྟག་སྒྱུ་ལུས་ཀྱི་བསླུ་བྲིད་ཡོད་ཚད་ལས་རྣམ་པར་རྒྱལ་ནས་རང་ཉིད་ནམ་ཡང་རབ་རིབ་ཀྱི་མུན་འོབས་ན་གནས་ཀྱང་ཡོད་ཚད་ཟིལ་གྱིས་གནོན་པའི་སྤོབས་པ་དང་སྙིང་རུས་བརྟན་པས་ནམ་ཡང་འཇིག་རྟེན་གྱི་ཆེས་མཐོ་ས་ན་འགྲེང་མཁན་དེ་ཡིན་ལ་རང་རིག་གི་མེ་ལོང་དག་ཅིང་རང་གི་ཉེས་བ་རང་གི་ལག་པས་བསགས་བཞིན་པའི་ལོང་བ་དག་གི་ཁྱུ་ལས་ལོགས་སུ་གནས་བས་སྒྱུ་ལུས་གར་ཆུང་གི་ལྟད་མོ་ལག་མཐིལ་དུ་བཞག་ནས་འཇིག་རྟེན་དང་མི་ཡུལ་གྱི་དགའ་སྐྱོ་ཆགས་སྡང་སྐྱུ་རུ་ར་ལག་མཐིལ་ཏུ་གསལ་ཞིང་དག་པར་མཐོང་ནུས་བའི་བློ་མིག་དེར་ལྡན།

འཚོ་བའི་གྲུ་ག་མ་ལུས་བ་ན་མིག་ཟུར་དང་བློ་མིག་གི་མདའ་མོ་བགྲོད་ཤུལ་མངོན་པར་གསལ་ལ་འཚོ་བའི་ཟབ་ས་དང་གས་སྲུབས་གང་ན་ཡང་ཁྱོད་རང་མ་སོང་བའི་བར་སྟོང་ཅིས་ཀྱང་ཡོད་མི་སྲིད། དོན་དམ་དུ་ཁྱོད་སོང་ཤུལ་ན་དཀར་ནག་དབྱེ་བ་གསལ་བའི་ལམ་བུ་ཞིག་མངོན་པར་གསལ་ལ།དེ་བཞིན་ཁྱོད་མ་སོང་བའི་ས་ན་མུན་ནག་གི་འོབས་དིང་བགྲངས་ལས་འདས་ཞིང་མ་རིག་བཞིན་ལྡིང་བའི་ལོང་མིག་དེ་ལས་མང་།

ཁྱོད་ཀྱི་སྙིང་ག་ནས་ཐོན་པའི་ཡིག་འབྲུ་དག་གསོང་བོའི་གཏམ་ཡིན་ལ་ཕན་པའི་སྨན་ནང་བཞིན་གཞན་ལ་གདུང་བའི་མྱ་ངན་སེལ་ཅིང་ཀུན་ལ་མ་རིག་སྒྲོན་མེ་བྱེད།

ཁྱོད་ལ་ལྷ་རིས་འདུ་བྱེད་ཀྱི་ཕྱག་སོར་ལྡན་བཞིན་མི་ཡུལ་ལ་འདོད་པའི་གར་སྟབས་སྒྱུར་བ་མ་ཡིན་པར་གསོལ་ཟགས་བཅོས་མའི་ཉམས་ནས་བྲལ་བའི་གྲོང་བ་སྐྱ་བོ་གླུ་ལེན་དེ་ཡིན།

ཁྱོད་ཀྱི་སེམས་གཤིས་心性ཁོ་ན་གཞན་དབང་དུ་མི་འགྲོ་བའི་ངེས་བ་ཡོད་ལ་ཡོད་ནས་ཀྱང་ཁེ་ཕན་དང་སྒེར་ཚུགས་ཀྱི་མདུན་སར་གནམ་འདེགས་ཀྱི་ཀ་བ་བཞིན་ནམ་ཡང་ས་ལེབ་མོ་ཞིག་གི་བདེ་སྐྱིད་ཀྱི་ཆེད་དུ་ཁེར་རྐྱང་གི་སྡུག་ཡུས་བཟོད་ནུས་ཤིང་གཞན་ཕན་གྱི་ལྷག་བསམ་རང་སེམས་སུ་བསྐྱིལ་ཡོད།

ཁྱོད་ཁོ་ནས་ཁེར་སྡུག་གི་མཚོ་མོ་དལ་གྱིས་བརྒལ་བཞིན་སེམས་ན་དགུན་གྱི་དར་ཁ་ཆགས་ཀྱང་གཡོར་ཁ་མཚོ་མོའི་ཕར་ངོགས་སྒོམ་བཞིན་སེམས་གཞས་ཕྲ་མོའི་མགུར་རྟ་དགུང་དུ་བསྟོད་མཁན་དེ་ཡིན།

སྤྱིར་བཏང་དུ་ཁྱོད་ལ་སྡོད་མི་ཚུགས་པའི་སེམས་པ་ལྡོམ་པོ་ཞིག་ཡོད་དེ་མི་ཁ་ཡིན་ལ་ཁྱི་ཁ་མིན་བཞིན་དུ་ཅ་ཅོར་དགའ་བའི་ཉིན་མཚན་དུས་དྲུག་དེ་དག་ཁོ་ན་ད་གཟོད་གཞན་ལས་ལྷག་པའི་བདེ་བའི་ཁམས་དེ་ཡིན།

སྐྱོ་བའི་དབུགས་རིང་དག་དུ་སྣེ་རུ་འཕྱོ་བཞིན་པ་དེ་ཕྱི་ཚུལ་ཅིག་དང་འདྲ་ལ་དགའ་བའི་མཆི་མ་དག་ཆང་དམ་དུ་འཁྱིལ་བཞིན་པ་ནི་ཁྱོད་ཀྱི་ངོ་གདོང་ངོ་མ་དེ་ཡིན་པ་འདྲ།

དེ་བས་སྙན་ངག་ནི་ལག་ཏུ་མེ་ཏོག་འཆང་མཁན་དེ་དང་སྐེད་པར་གློ་གྲི་འདོགས་མཁན་དེ་ཡིན་ལ་མངོན་ཕྱོགས་མིག་གིས་སྲུང་ཞིང་དགའ་སྐྱོ་གཞས་སུ་འདྲེན་མཁན་དེའོ།

ཆེ་ས་ནས་སྙན་དག་དེ་མི་ཡུལ་གྱི་བདག་པོ་ཆེ་ས་དང་འགྲོ་དྲུག་གི་བདུད་རྩི་ཡིན་ལ་ཆུང་ས་ནས་སྙན་ངག་དེ་བུད་མེད་ཅིག་གི་མ་འོངས་བའི་མག་པ་དང་བྱིས་པ་འགའི་ཨ་ཕ་དེ་ཡིན་སྲིད།

མེ་ལོང་མ།

སྙན་ངག་ནི་ངག་གོ

སྙན་ངག་ནི་སྙན་པའོ།

སྙན་ངག་ནི་ཚིག་གི་ལོ་མའོ།

སྙན་ངག་ནི་དོན་གྱི་འབྲས་བུ་དེའང་ངོ་།

སྙན་ངག་ནི་ཚིག་ལ་བརྡར་བའི་ཚིག་གི་ཞུན་མ་འོ།

སྙན་ངག་ནི་དོན་ལ་གཞུག་པའི་དོན་གྱི་རྣམ་ཤེས་དེ་འོ།

སྙན་ངག་ནི་གནམ་ལྕག་གིས་གཞུས་བའི་ཐོག་སྐད་ནག་པོ་དེ་འོ།

སྙན་ངག་ནི་རླུང་དམར་ལ་སྦྲུམ་པའི་འོ་དོ་དམར་པོ་དེ་འོ།

སྙན་ངག་ནི་ས་ཆེན་གྱི་སྒལ་ཚིགས་དེ་འོ།

སྙན་ངག་ནི་མེ་རི་འཕྱུར་བ་འོ།

སྙན་ངག་ནི་ཚོར་གདངས་སོ།

སྙན་ངག་ནི་སོར་མོའོ།

སྙན་ངག་ནི་གྲི་ཤུལ་དུ་འཛིར་བའི་ཁྲག་ནག་དེ་མིན་པར་སྐྱོ་གདུང་ལ་སིམ་པའི་མིག་ཆུ་དེའོ།

སྙན་ངག་ནི་ཁྲག་ཐིགས་དེར་བསྟིམས་པའི་ཞེ་སྡང་དེ་མིན་པར་ཞེ་སྣང་ལས་ཟགས་པའི་བཟི་ཁ་དེའོ།

སྙན་ངག་ནི་ན་ཟུག་འདར་འདར་གྱི་ངུ་སྐད་དེ་མིན་པར་རླངས་པ་ཐོལ་ཐོལ་གྱི་ཧྭབ་རིང་དེ་ཡིན།

སྙན་ངག་ནི་ཁྲག་གིས་བྲིས་ཤིང་མཆི་མས་བྲན་པའི་བྲིས་ཐང་སྐྱ་བོ་ཞིག་གི་གཙོ་སྐུ་དེ་ཡིན།

སྙན་ངག་ནི་རོག་རོག་གི་རྒྱལ་ཁམས་ཤིག་དང་དེའི་རྒྱ་ཁྱོན་དེ་འོ།

སྙན་ངག་ནི་ནག་ནོག་གི་འཇིག་རྟེན་ཅིག་དང་དེའི་ཕྱི་ནང་དེ་འོ།

སྙན་ངག་ནི་དམར་དམར་གྱི་སེམས་པ་ཞིག་དང་དེའི་ཁ་དོག་དེ་འོ།

སྙན་ངག་ནི་རྡོག་རྡོག་གི་ཚོར་བ་ཞིག་དང་དེའི་ལྕི་ཡང་དེ་འོ།

སྙན་ངག་ནི་དཀར་ལ་དམར་ཚ་བའི་མཁུར་མདངས་དེ་དང་དེའི་ཡང་སྙིང་ངོ་།

སྙན་ངག་ནི་ལྐོག་ལ་མངོན་གྱུར་པའི་གསང་བ་དེ་དང་དེའི་ནང་རྒྱབ་བོ།

སྙན་ངག་ནི་བྱིས་པ་དམར་རྗེན་ཞིག་གི་ལག་ཆུང་དང་དེའི་མཐིལ་གྱི་རི་མོ་དེའོ།

སྙན་ངག་ནི་ཧི་མ་ལ་ཡའི་སྐུ་བརྗིད་དང་དེའི་དབུ་ཡི་རལ་བ་དེའོ།

སྙན་ངག་ནི་པོ་ཏ་ལའི་དཀྱེལ་ཚད་དེ་དང་དེའི་ཞལ་གྱི་སྤྱན་འབྲས་དེ་འོ།

སྙན་ངག་ནི་ཡིག་ཆུང་མ་རྡོག་གཉིས་དང་དེའི་རིས་གྱི་གྲིབ་གཟུགས་དེའོ།

སྙན་ངག་ནི་ས་ལག་མཐིལ་ཙམ་ཞིག་བདག་གིར་བྱས་པའི་གནམ་སྔོན་པོ་དེ་འོ།

སྙན་ངག་ནི་བློ་ཁབ་རྩེ་ཙམ་ཞིག་ལག་ཆར་བྱས་པའི་གྲི་རྣོན་པོ་དེ་འོ།

སྙན་ངག་ནི་ལམ་རྣོ་སྐུད་ཙམ་ཞིག་རྡོག་སྣེར་དཀྲི་བའི་ས་རིལ་མོ་དེ་འོ།

སྙན་ངག་ནི་རྒྱུགས་ཆུ་ལས་དལ་ཞིང་རི་རྒྱལ་ལས་མགྱོགས་པའི་ལོག་ལམ་དེ་འོ།

སྙན་ངག་ནི་མི་ཚེ་ལས་རིང་ཞིང་ན་ཟུག་ལས་ཐུང་བའི་རྒྱང་སྐད་དེ་འོ།

སྙན་ངག་ནི་འགྲོ་བ་མིའི་ཡང་སྟེང་ན་ལངས་བའི་ཆ་མེད་ཀྱི་འཇིག་རྟེན་དེ་དང་དབྱིངས་ཀྱི་རྒོད་མིག་ལ་ཐོགས་པའི་དམར་ལིང་གི་ཁྲག་དམར་ཐིགས་པ་དེ་དང་མིག་གི་ཟླ་རུ་ལངས་ཤིང་གཟུགས་ཀྱི་དོད་དུ་བཀད་བའི་ཕྱི་གསལ་ནང་གསལ་གྱི་མེ་ལོང་དེ་འོ། 

བུད་མེད།

  ———བུད་མེད་དུས་ཆེན་ལ།

བྲག་དམར་གྱི་ཐེམ་ལ་ཐོལ་གྱིས་ཟུག་པའི་

ལྗོན་པའི་རྩ་བ་འབུད་སའི་ཨི་ཁུང་དེ་


ས་ཆེན་གྱི་བྲང་སྟོད་ཚལ་བར་བཤགས་པའི་

དལ་མོ་ཆུ་ཡི་བཞུར་ཤུལ་གྱི་རྨ་ཁ་དེ་


གངས་སྟོད་ཀྱི་ཐོར་ཅོག་ཚ་བས་བཅིལ་བའི་

ཉིན་སྲིབ་གཤོང་གིས་ཟོས་བའི་ཁ་ཤུལ་དེ་


རྫ་འདབས་ཀྱི་སྤང་ཤར་ཤེད་ཀྱིས་བསྣུན་ཏེ་

སྤང་རྒོད་ཀྱི་རྩ་རྩི་ཕོན་པོ་འཇོ་བའི་བཞོ་མ་དེ་


སྟོན་ཐོག་གི་བ་མོར་ལྕེ་རྩེ་གླན་ཏེ་

རོ་སྨད་ཀྱི་དྲི་རོ་གདགས་པས་འཇོམ་པའི་སྤུ་ཁུང་དེ་


བདེ་ཆེན་གྱི་རྩིབས་མ་སྐེད་པར་ཐོགས་པའི་

ས་གསུམ་གྱི་སྒལ་བར་ཟིལ་ཆུ་གཏོར་བའི་པད་ཁ་དེ་


ཚོར་ཤེས་ཀྱི་རྣོ་དབལ་རེག་བྱས་བརྡར་བའི་

ཚ་ཞིང་འཇམ་ལ་རླངས་པ་ལོག་ལོག་གི་བུམ་པ་དེ་


ཁ་དོག་གི་མེ་ཆེན་མིག་ཀོང་ཏུ་མཆེད་པའི་

དགའ་ལ་སྐྱོ་བའི་རིས་བྲིས་མཚན་ལ་འཐག་མཁན་དེ་


ཏིང་འཛིན་གྱི་འཕང་ལོ་རླུང་དམར་ལ་འཁྲི་བའི་

སྐོར་ལ་སྒོར་བའི་སྒོ་ཆེན་ཁ་རིས་ནག་ཡོར་དེ་


འདོད་ལྡན་གྱི་བརྟན་པ་མཆུ་མས་སྦངས་བའི་

སྒྱུ་མའི་གར་ལ་མྱོས་བའི་སྟངས་སྟབས་འདྲེས་བའི་བཟི་ཁ་དེ་


དྲན་ཤིང་གི་ཡུ་བ་ཡིད་གས་གཅོག་པའི་

རྔུལ་ཁྲག་ཧུབ་འཐུང་ལ་བྲེལ་བའི་འཐེང་འབྲོ་སྤྱང་མོ་དེ་


སྡེ་ཆེན་གྱི་ངོ་གདོང་མེ་ལོང་ལ་བཏབ་པའི་

ཧབ་ཆག་འོ་དོ་ཡི་གཡེར་དྲིལ་རྫི་མར་ཐོགས་པའི་འགུལ་སྟངས་དེ་།

ཚོམས།

ཟི་ལིང་།

ལོ་ངོ་བདུན་ལ་

སྒོ་ཆེན་ཞིག་ལ་འཛུལ་ནས་གློ་སྒོ་ཞིག་ལས་བུད་

ཁ་བ་ཤིན་ཏུ་མཐུག་པའི་དགུན་ཟླ་དེའི་གཞུག་ནས་

ཟི་ལིང་གི་དགུན་ལྗོངས་དག་ཤིན་ཏུ་དྲན་

ངས་རང་བཞིན་དུ་

ཁ་བ་ཆད་རྗེས་ཀྱི་དབྱར་ཟླ་ཐུང་ངུ་དེ་དྲན་ལ་

རང་བཞིན་དུ་

སླེབས་སྔ་བའི་སྟོན་མཇུག་གི་བསེར་མ་དེ་དྲན་ཡོང་


པེ་ཅིན།

ལོ་དེའི་ཟླ་ངོ་གསུམ་ལ་

ངས་ཟླ་བདུན་པའི་ཚ་བ་མ་བཟོད་

རྣོ་ལྕགས་བཟའ་བཞིན་པའི་མི་ཚོགས་ནས་

ང་ཡང་ཅིག་ཅིག་མིན་ན་

རྣོ་དང་ལྕགས་ལ་གྲུབ་སོང་

ཅིག་ཅིག་མིན་ན་

ངའི་ཀླད་ཞོར་དངུལ་གྱི་ཞུན་མ་ཕོར་བ་གང་ལྡུད་སོང་


ལྷ་ས།

ལོ་དེའི་ཕྱི་ལོའི་ཟླ་ཕྱེད་དུ་

དགོང་དྲོ་ཞིག་ལ་པོ་ཏ་ལར་ཉེ་མཇལ་བྱུང་

ནམ་སྟོད་ཅིག་ལ་དགའ་ལྡན་རྩེར་གོམས་མཇལ་བྱས་

ཐལ་མོ་དང་གུས་ཕྱག་གི་མཚོ་རླངས་ནས་

ངས་ཅིག་ཅིག་མིན་ན་

རྡོ་ལེབ་ཅིག་ཁྱུར་མིད་བྱས་སོང་

ཅིག་ཅིག་མིན་ན་

ངས་སྨྲ་ལྕེ་ལ་གཞིག་མིན་གྱི་དགུ་མདུད་ཅིག་རྒྱབ་སོང་།


ལན་ཀྲིག

ལོ་དང་ལོ་ལ་

ཁ་ཐག་ཤིན་ཏུ་ཉེ་ས་ཞིག་ན་

ལྕགས་ལམ་དང་མེ་འཁོར་གྱི་སྙིང་ག་ཞིག་ན་

བོད་པ་ཤིན་ཏུ་ཉུང་བའི་དུ་གྲོང་དེ་ནས་

ངས་ཚོད་ཚོད་དུ་

ཨར་ཁང་དང་ཇ་ཁང་འགྲིམ་

ཚོད་ཚོད་དུ་

པ་སེ་དང་རང་སྣང་ཡང་ནས་ཡང་དུ་བཙལ།


རྨ་ཆུ།

ནངས་དང་ནུབ་ལ་

ལན་རེར་སྨུག་པའི་ན་བུན་མགོར་དཀྲི་ཞིང་

ལན་རེར་མཁའ་མཐའི་སྤྲིན་པ་རྒྱང་ལ་བཞུད་པ་མཐོང་

གྱོན་པ་ལ་ལུག་གི་ཤག་པོ་དེར་

ངས་ཚོད་ཚོད་དུ་

གནའ་དང་ད་ཡི་ལོ་རབས་གླེང་

ཚོད་ཚོད་དུ་

ང་དང་ཁོ་མོའི་གསང་བ་འང་སྦ་གསང་མེད་པར་བཤད།

༤/༡༡ལ།

དགེ་རྒན་ནི་ས་སྨྱུག་གི་རྡུལ་གསོལ་མཁན་དེ་ཡིན།

དགེ་རྒན་ནི་རི་ཁུལ་དང་ལུང་ཁུག་ཅིག་ན་སུན་སྣང་དང་སྡུག་ཡུས་མེད་པར་འཚོ་འཚིས་ངན་ངོན་ལ་བསྟེན་པའི་འདོད་ཆུང་ཆོག་ཤེས་ཅན་དེ་ཡིན། །

དགེ་རྒན་ནི་བསླབ་པ་དང་ཡོན་ཏན་གྱི་གནས་ལ་ཚིམས་པ་དང་དྲེགས་པ་མེད་པར་ཁ་ཏས་འདམ་ར་ལ་བལྟ་བའི་མི་ཚེ་སློབ་མ་བ་དེ་ཡིན།།

དགེ་རྒན་ནི་རྒྱུ་དང་འབྲས་བུའི་ཆོས་ཉིད་ལ་ཐེ་ཚོམ་དང་སོམ་ཉིད་མེད་པར་ཆུ་ལ་ཆུ་འཇོག་གི་ཀ་ཁའི་སོ་ནམས་པ་དེ་ཡིན།།

དགེ་རྒན་ནི་ཤེས་རབ་ཀྱི་ཡུར་ཆུ་དལ་གྱི་འདྲེན་ཞིང་བློ་རིག་གི་ཟོམ་ཁ་ཡུན་གྱིས་འབྱེད་པའི་མི་སེམས་གདོད་རིས་རྣལ་མར་ཕབ་མཁན་དེ་ཡིན།།

དགེ་རྒན་ནི་ཤེས་རིག་གི་མན་ངག་བཤེས་སུ་བསྟེན་ཅིང་རྣམ་དཔྱོད་ཀྱི་བདུད་རྩི་གྲོགས་སུ་འཆའ་བའི་ཐབས་ཤེས་ཟུང་འཇུག་གི་མཁས་པ་དེ་ཡིན།།

དགེ་རྒན་ནི་ཕ་དམ་པའི་རྣམ་ཐར་སྲོག་གིས་སྐྱོང་ཞིང་ལས་མཛད་པའི་སློབ་མ་མིག་ལྟར་གཅེས་བའི་རིག་པའི་དཔའ་བོ་དེ་ཡིན།།

དགེ་རྒན་ནི་བསླབ་དེབ་དང་ཁྲིད་སྟེགས་ཀྱི་གསེང་ན་ང་འོ་དང་རང་རློམ་མེད་པར་བུམ་པ་གང་བྱོའི་ངལ་བ་ལྷུར་ལེན་པའི་གཏོང་ཕོད་ཅན་དེ་ཡིན།།

དགེ་རྒན་ནི་སློབ་གྲྭ་དང་སློབ་མའི་གོང་ན་ཁ་ཕོ་དང་དབང་ཤེད་མེད་པར་ཕ་མ་བུ་ཕྲུག་ལྟ་བུའི་ལས་བསྐོས་དང་དུ་ལེན་མཁན་དེ་ཡིན།

དགེ་རྒན་ནི་ཆོ་ལོ་དང་སྙན་གྲགས་ཀྱི་མདུན་དུ་ཕྱི་བཤོལ་དང་བསླུ་བྲིད་མེད་པར་རང་རྒྱུད་གཞན་འདུལ་གྱི་དྲང་སྲོང་སློང་མོ་བ་དེ་ཡིན།།

དགེ་རྒན་ནི་མི་ཚེ་དང་མདུན་ལམ་གྱི་མདུན་དུ་འདོད་ཧམ་དང་གཡམ་རྒྱུགས་མེད་པར་ཡོན་ཏན་ནོར་ཏུ་བལྟ་བའི་རིག་པའི་ཏོག་འཛིན་པ་དེ་ཡིན།།

དགེ་རྒན་ནི་ལྟ་གྲུབ་དང་གོ་འཕང་གནམ་ལ་འཇོག་པའི་ཆེ་ཆེ་དྲག་དྲག་གི་བཟོ་ལྟ་དེ་མིན་པར་གཤོང་ལ་ཆུ་བོ་བསྐྱིལ་མཁན་གྱི་རྫིང་བ་དེ་ཡིན།།

དགེ་རྒན་ནི་བཀུར་བའི་མཆོད་དང་བསྟོད་པའི་ཟས་ལ་བརྟེན་པ་ཞིག་མ་ཡིན་པར་རང་སེམས་སུ་ཆུ་དང་འོ་མ་འཁྱིལ་བའི་ས་སྨྱུག་གི་རྡུལ་གསོལ་མཁན་དེ་ཡིན།།

དགེ་རྒན་ནི་ཚོགས་སུ་ཡོན་ཏན་གྱི་རྔ་ཆེན་སྒྲོགས་ཤིང་ཁྲོམ་དུ་ལེགས་བཤད་ཀྱི་ལྷུང་བཟེད་ཐོགས་པའི་མི་ཆོས་སྤྲང་བོར་ཞུགས་མི་དེ་ཡིན།

དགེ་རྒན་ནི་ཕྱོགས་ཞེན་ལ་རྒྱའི་མེ་ཡིས་མི་གཞོམ་ལ་ཟ་ཟི་འུར་ཆེན་འཚུབ་མས་ལར་ནས་མི་སྐྱོམས་པའི་མཚོ་མཇིངས་ན་བྱིངས་བའི་གསེར་བྱེ་རྡོག་པོ་དེ་ཡིན།།

དགེ་རྒན་ནི་ཆེ་ས་ནས་འགྲོ་བ་མིའི་རིགས་ཀྱི་རྐང་བའི་སྔ་རྟིང་དང་ཆུང་ས་ནས་མི་རབས་རྗེས་མའི་བསམ་བློའི་ཕྱི་རྟིང་དེ་ཡིན།།

དགེ་རྒན་ནི་ལུང་པ་ཞིག་གི་བདག་པོ་དང་ས་ཆེན་གྱི་རྒྱ་ཁྱོན་གཞལ་མཁན་དེ་ཡིན།།

དགེ་རྒན་ནི་སློབ་མ་ཞིག་གི་མཁན་པོ་དང་ཤེས་རིག་གི་ལམ་པ་དེའོ།།

དགེ་རྒན་ནི་དེ་བས་ཀྱང་ནད་པ་ཀུན་གྱི་སྨན་པ་དེའོ།།

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།