མ་འོངས་བའི་ཁྱོད་ལ་སྤྲིངས་པ།

微信图片_20171219103947.jpg

     ཚེ་རིང་གཡུ་སྒྲོན། ཕ་ཡུལ་དཀར་མཛེས། 2014ལོར་ལྷོ་ནུབ་མི་རིགས་སློན་ཆེན་ནས་མཐར་ཕྱིན། ད་ལྟ། བོད་ལྗོངས་བརྙན་འཕྲིན་ཁང་དུ་བྱ་བ་སྒྲུབ་ཞོར་དུ། བོད་ལྗོངས་སློབ་ཆེན་དུ་ཤེས་རམས་ཞིབ་འཇུག་སློབ་མའི་སློབ་གཉེར་བྱེད་བཞིན་ཡོད། 


མ་འོངས་བའི་ཁྱོད་ལ་སྤྲིངས་པ།

ཡུས་ཀོང་ཀྲོང་གིས་བརྩམས། 

 ཚེ་རིང་གཡུ་སྒྲོན་གྱིས་བསྒྱུར།

                             

སྙིང་གི་ནོར་བུ།

ཁྱེད་རང་ནམ་ཡང་ཕུགས་བསམ་རིང་ལུགས་པ་ཞིག་ཡིན་པར་སྨོན།

ཁྱེད་རང་ཞིང་པ་ཞིག་གམ་བཟོ་བཀོད་པ་ཞིག ཡང་ན་འཁྲབ་སྟོན་པ་ཞིག་གམ་འཁྱམ་པོ་ཞིག་གང་ཡིན་ཡང་ཆོག་མོད་ཀྱང་།

ངེས་པར་དུ་ཕུགས་བསམ་དང་ལྡན་དགོས།

 

བྱིས་དུས། 

ང་ཚོས་ཁྱེད་ལ་དཔའ་བོའི་གཏམ་རྒྱུད་མང་པོ་བཤད་མྱོང་ཡང་དེ་ནི་ཁྱེད་རང་དཔའ་བོར་འགྱུར་ཆེད་གཏན་ནས་མིན་ཏེ།

ཁྱེད་ལ་ལྷད་མེད་ཀྱི་གཤིས་སྤྱོད་བཟང་པོ་ཞིག་མངའ་ཆེད་ཡིན།

 

གཞོན་དུས།

ང་ཚོས་ཁྱེད་ལ་སྙན་ངག་དང་རི་མོ།རོལ་དབྱངས་བཅས་སྦྱོང་དུ་བཅུག་པ་ནི་

ཁྱེད་རང་གི་སེམས་རྒྱུད་ལ་བླ་མེད་ཀྱི་སྤྲོ་བ་སྤྲུལ་ཆེད་དུ་ཡིན།

བླ་མེད་ཀྱི་སྤྲོ་བ་དེ་དག་གིས་ཁྱེད་ཀྱི་མི་ཚེ་གང་བོར་མཛེས་པ་སྤྲས་ནས། 

ཁྱེད་ཀྱིས་གྲང་ངད་ཆེ་བའི་དགུན་དུས་སུའང་རྒྱ་སེ་མེ་ཏོག་གི་དྲི་ཞིམ་ཡང་ཡང་སྣོམ་ཐུབ་ཆེད་དུ་ཡིན།

ཕུགས་བསམ་གྱིས་ཁྱེད་རང་ཁྱད་འཕགས་ཅན་གྱི་མི་ཞིག་ཏུ་བསྐྲུན་ཐུབ།

 

སྙིང་གི་ནོར་བུ་ལགས།རྟག་པ་རང་ཉིད་ཀྱི་ཕྱི་ཚུལ་ཁོ་ནར་དོ་སྣང་མ་བྱེད།

ཕུགས་བསམ་གྱིས་ཁྱེད་རང་རྣམ་དག་གི་གཤིས་རྒྱུད་མངའ་བའི་མི་ཞིག་ཏུ་འགྱུར་བ་བྱེད་ཐུབ་པ་ལས།

ཆེས་མཛེས་པའི་བུ་མོ་ཞིག་ཡིན་ཡང་ཐ་ཤལ་པ་ཞིག་ཡིན་ཚེ་ཚང་མས་དགའ་པོ་བྱེད་ག་ལ་སྲིད།

ཕུགས་བསམ་གྱི་ཕྱོགས་སུ་རྒྱུ་བའི་ལམ་བུ་ཀྱག་ཀྱོག་གིས་ཁེངས་པས། 

ཁྱེད་ཀྱིས་དཀའ་ལས་ཚད་མེད་མྱོང་དགོས་པའང་སྨྲས་མེད་ཡིན།

ཡིན་ཡང་།སྙིང་གི་ནོར་བུ་ལགས།

ཁྱེད་ཀྱིས་ངེས་པར་དུ་བརྩོན་ལེན་བྱེད་དགོས་ཏེ།

 ཕུགས་བསམ་རིང་ལུགས་པའི་མཇུག་འབྲས་བརྗིད་ཉམས་དང་ལྡན་པ་ཞིག་ལས་ཉམ་ངལ་བ་ཞིག་གཏན་ནས་མིན།

 

ཀྱག་ཀྱོག་གི་མི་ཚེའི་ཁྲོད་ཁྱེད་ཀྱིས་བློ་གྲོས་ཀྱིས་ཕྱུག་པའི་སྐྱེས་བུ་དམ་པ་མང་པོར་མཇལ་སྲིད་ལ།

གཞན་གྱིས་མཐོང་པ་དཀོན་པའི་མཛེས་ལྗོངས་དང་ངོ་མཚར་ཡང་མང་པོ་མཐོང་སྲིད་དེ།

མི་ཕལ་བ་ཞིག་བྱེད་པར་ཡིད་ཚིམས་ན་མཚར་སྡུག་འོད་སྟོང་འཕྲོ་བའི་གཏམ་རྒྱུད་གཏན་ནས་ཡོད་མི་སྲིད།

 

ཁེ་སྤོགས་ཏིལ་འབྲུ་ཙམ་གྱི་ཆེད་དུ་རང་ཉིད་ཀྱི་ཕུགས་བསམ་བློས་གཏོང་བྱེད་མི་ཉན་ལ། 

དར་སྲོལ་གང་ཞིག་ལ་བསྟུན་ཆེད་རང་ཉིད་ཀྱི་དད་འདུན་ཡང་བརྗེད་མི་ཉན།

འཇིག་རྟེན་འདི་ཕྱི་ཚུལ་ཛ་དྲག་ཆེ་དྲགས་པས་ཁྱེད་ཀྱིས་གཏམ་འདོད་ཀྱི་བསླུ་བྲིད་ལས་གཡོལ་ཐབས་ཤེས་དགོས།

ཕུགས་བསམ་ནི་མྱུར་ཕན་གྱི་ཅ་ལག་ཅིག་མིན་པས་དེས་ཁྱེད་ལ་འཁོར་བའི་ལོངས་སྤྱོད་གང་ཡང་སྩོལ་མི་ཐུབ།

དེ་བས་ཁྱེད་ཀྱིས་ཁ་ཁུ་སུམ་པོར་ལོབས་སུ་བཅུག་ནས་བསམ་པའི་ལོངས་སྤྱོད་ལ་མཁས་པ་འགྱུར་དགོས།

མི་གཞན་དང་མི་འདྲ་བ་ཞིག་ཏུ་འགྱུར་དགོས།

 

དེ་ནས་སྙིང་གི་ནོར་བུ་ལགས།

ཁྱེད་རང་སྒམ་བརླིང་ལྡན་པའི་མི་ཞིག་ཡིན་པར་སྨོན།

མི་ཚེ་ནི་ཧ་ཅང་ཐུང་ལ།

རྟོག་བཟོའི་དངོས་པོ་ཧ་ཅང་མང་བས་ན། 

ཁྱེད་རང་འཕྲུལ་སྣང་ཙམ་ལ་འཐམས་ནས་བྱ་བ་གང་ཡང་མི་འགྲུབ་པའི་ཉེན་ཁ་ཧ་ཅང་ཆེ།

 

གལ་ཏེ་ཁྱེད་རང་མཛེས་མ་ཞིག་ཡིན་ན།

གཞོན་དུས་སྐྱེས་པ་མང་པོས་ཁྱེད་ལ་དགའ་པོ་བྱེད་སྲིད་པས་ཁྱེད་ཀྱི་བྱ་བ་ཚང་མ་འགྲུབ་བདེ་ཡང་།

དེས་ཁྱེད་རང་ཡོན་ཏན་ཆུང་ལ་ཧོལ་སྤྱོད་ཆེ་བའི་མི་ཞིག་ཏུ་བསྒྱུར་སྲིད།

 

གལ་ཏེ་ཁྱེད་རང་སྤྱང་གྲུང་འཛོམས་པའི་ཕོ་གསར་ཞིག་ཡིན་ན།

རང་ཉིད་ཀྱི་བློ་གྲོས་ཙམ་ལ་མགོ་འཁོར་ནས་ཁ་ཤོབ་ཆེ་བའི་མི་ཞིག་ཏུ་འགྱུར་རྒྱུར་གཟབ་དགོས།

ངེས་པར་བློར་ངེས་དགོས་པ་ཞིག་ལ།

མི་སོ་སོའི་ནུས་པ་ནི་ཚད་ཡོད་པ་ཞིག་ཡིན་པས།

ང་ཚོ་འཇིག་རྟེན་དུ་འཚོ་རིང་དོན་དག་གཅིག་ཡག་པོ་སྒྲུབ་ཐུབ་པས་ཆོག་སྟེ།

དཔེ་ཆ་ཞིག་བརྩམས་པའམ་ཡང་ན་ཁྱིམ་གྱི་བདག་མོ་ཡག་པོ་ཞིག་འགྱུར་བ་བྱེད་པ་གང་ཞིག

མི་ཕལ་བ་རྣམས་ལ་མཐོང་ཆུང་བྱེད་མི་རུང་། 

བྱ་བ་གང་ལ་མགོ་བདེ་མདོག་བྱེད་མི་ཉན།

རང་ཉིད་ཀྱིས་བསྒྲུབ་མི་ནུས་པའི་བྱ་བར་སྡུག་རུས་བྱེད་དགོས་དོན་མེད།

ཁྱེད་རང་ནར་སོན་རྗེས།དོན་དག་ཅིག་གྲུབ་པའི་དཀའ་ཚེགས་ཤེས་ཡོང་ལ།

སྐབས་དེར་བློས་གཏོང་གཏན་ནས་བྱེད་མི་རུང་།

 

ཁྱེད་ཀྱིས་བརྩེ་བ་ཤེས་དགོས་པ་མ་ཟད་དེར་གཅེས་འཛིན་བྱེད་ཤེས་དགོས།

བུ་དང་བུ་མོ།

ཕྱི་ནང་གང་ཡིན་ཡང་འབྲེལ་འདྲིས་བྱེད་པ་སླ་མོ་མིན།  

གྲོགས་སྒྲིག་པའི་བརྒྱུད་རིམ་དུ་གོ་འཛོལ་དང་འགལ་བ་མང་པོ་ཡོད་སྲིད།

ཡིན་ཡང་བསམ་བློ་ཞིག་ཐོངས་དང་།

ཧ་ཅང་དཀྱེལ་ཆེ་བའི་འཇིག་རྟེན་འདིར་ལས་ཀྱི་དབང་གིས་མཉམ་དུ་གཤིབ་ཐུབ་པའི་མི་ག་ཚད་ཡོད།

 

གྲོགས་དག་འཛོམས་པའི་མཐའ་བྲལ་བ་ཡོད་པ་ནི་ཆོས་ཉིད་ཡིན་པ་ཤེས་དགོས།

འཚོ་བའི་ཁྲོད་རང་གི་མདུན་དུ་མཉམ་སྡུག་མཉམ་སྐྱིད་བྱེད་མཁན་གྱི་རོགས་ཤིག་ཡོད་པར་བཀའ་དྲིན་ཞུ་འོས།

རང་ཉིད་ལ་དགའ་བ་མ་ཟད་མི་གཞན་ལ་དགའ་ཤེས་དགོས། 

རང་ཉིད་ལ་བསམ་ཤེས་བྱེད་པ་མ་ཟད་མི་གཞན་ལའང་བསམ་ཤེས་བྱེད་ཐུབ་དགོས།

 

ཁྱེད་ཀྱི་སེམས་རྒྱུད་བལ་བཞིན་འཇམ་དགོས། མིག་མདའ་མེ་ཏོག་བཞིན་བཀྲ་དགོས།

ཁྱེད་ཀྱིས་མིག་ཆུ་འདོན་ཤེས་དགོས།

མུན་ནག་ཁྲོད་རང་ཉིད་གཅིག་པུས་སྐྱོ་ངར་གྱི་རོལ་དབྱངས་ལ་ཉན་ཐུབ་པ་དགོས།

ཁྱེད་ཀྱིས་སྐྱོ་གར་མྱོང་རོལ་བྱེད་ཤེས་པ་དགོས་ཏེ།

སྐྱོ་གར་གྱིས་ཁྱེད་ཀྱི་སེམས་རྒྱུད་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ།

ཁྱེད་རང་གྱང་ཁའི་རྩྭ་ལྟ་བུའི་མི་ཞིག་མིན་པ་ཤོག

ཁྱེད་ནི་རང་ཚུགས་ལྡན་པའི་མི་ཞིག་ཡིན་པས།

རང་ཉིད་ཀྱིས་འཁོར་བའི་ཁྲ་ཁྲར་བསྟུན་ཐབས་མ་བྱས་ན། 

ཁྱེད་ཀྱི་རང་ཚུགས་ལ་སུས་ཀྱང་བར་ཆད་བཟོ་མི་ཐུབ།

 

བདེན་པ་རྟོགས་དགོས། རིམ་པའི་གདོང་འབག་འོག་གི་བདེན་པ་མཐོང་ཐུབ་པ་དགོས།

འཇིག་རྟེན་དུ་མི་མགོ་བདེ་པོ་ཧ་ཅང་མང་ཡང་།

ཀུན་ལས་ལྷག་པའི་མི་ཡོད་རེ་དཀོན་ཏེ།

ཁྱད་འཕགས་ཅན་གྱི་སྐྱེས་བུ་དག་ཀྱང་ཐ་ཤལ་དམན་པའི་ཕག་ཏུ་ཡིབ་ཡོད་པས་སོ།

ཕྱི་ཚུལ་ནས་ང་ཚོས་ཆོས་ཉིད་དུ་གྲུབ་པའི་འཇིག་རྟེན་གྱི་འགྲོ་ལུགས་ལས་རྒྱལ་བ་དཀའ་ཡང་།

ནང་སེམས་སུ་ང་ཚོ་ཚང་མ་རང་ཉིད་ཀྱི་རྒྱལ་པོ་ཡིན།

གལ་ཏེ་ཁྱེད་ཀྱི་གདོང་དུ་སྤྲེད་ལད་ཀྱི་འཛུམ་གྱིས་རྒྱས་པ་མཐོང་ན། 

ང་རང་ངོ་ཚ་ནས་མྱུར་དུ་ཁྱེད་དང་བྱོལ་ཏེ་འགྲོ་ངེས།

 

འཇིག་རྟེན་གྱི་དངོས་པོ་མང་པོ་ཕར་བལྟས་མིག་ལ་མཚེར་ཡང་རིན་ཐང་དབེན་པ་ཤ་སྟག་ཡིན་པས།

རང་ཉིད་འཁོར་བའི་བསླུ་བྲིད་ཀྱི་རྒྱ་མའི་ཐོག་ཏུ་བཞག་སྟེ་མ་འཇལ་མ་གཏོགས་ཅི་བྱ་གཏོལ་བྲལ་གྱུར་ནས་བསླུ་བྲིད་ཀྱི་རྗེས་སུ་སྙེག་ངེས།

མི་གང་འདྲ་ཞིག་བྱེད་དགོས་པའི་ཐད་ངའི་རེ་བར།

ཁྱེད་ཀྱིས་མི་གཞན་གྱི་གཏམ་བཤད་ལ་བར་ཆད་བཟོ་མི་ཉན།

ང་རྒྱལ་ཆེན་པོ་ཡོད་མི་ཉན།

ཉིན་ལྟར་ཉུང་མཐའ་ཡང་དུས་ཚོད་གཉིས་ཡན་སྤྱད་དེ་དཔེ་ཆར་བལྟ་དགོས།

གྲོགས་པོ་དག་ལ་འཕྲིན་ཡིག་བསྐུར་བ་དང་ཡིག་ལན་འབྲི་དགོས།

རྟག་དུ་གཞན་གྱིས་ཁྱེད་ལ་བྱ་བ་གང་ཞིག་བྱས་མིན་ལ་རྩིས་མ་རྒྱག 

རང་ཉིད་ཀྱིས་མི་གཞན་ལ་རོགས་རམ་གང་འདྲ་བྱས་མིན་ལ་འདང་རྒྱག་དགོས།

 

གཞན་ནས་གཡར་བའི་ཅ་ལག་ཕྱིར་སྤྲོད་ཤེས་དགོས། 

གཞན་གྱི་དྲིན་རང་འདོད་དང་ལེན་བྱེད་མི་ཉན།

གཞན་གྱི་ཅ་ལག་བཟང་ཤོས་ཡིན་ཡང་གཞན་གྱི་རེད་ལ། 

རང་གི་ཅ་ལག་ངན་ཤོས་ཡིན་ཡང་རང་གི་ཡིན་པར་ངེས་དགོས།

སྙིང་གི་ནོར་བུ་ལགས།ད་དུང་དོན་དག་ཅིག་ཡོད་པ་ནི།

སྒྲུབ་པ་དཀའ་ཡང་ཧ་ཅང་གལ་ཆེ།

དེ་ནི་རང་ཉིད་ཀྱི་སྐྱོན་ངོས་ལེན་བྱེད་པའི་སྙིང་སྟོབས་དགོས་པ་དེ་རེད།

 

ཁྱེད་རང་ལོ་ལྟར་ནར་སོན་ངེས་ལ།

རིམ་བཞིན་རང་ཉིད་ལས་སྟོབས་ཤིང་། 

རང་ཉིད་ལས་ཕུལ་དུ་བྱུང་བའི་མི་དང་འཕྲད་སྲིད་པས། 

རང་ཉིད་ཀྱི་ལུས་སེམས་སུ་རང་ཉིད་ཀྱང་ཞེན་པ་ལོག་པའི་སྐྱོན་ཆ་མང་པོ་ཡོད་པ་ཤེས་ཡོང་།

དེས་ཁྱེད་རང་ཡིད་ཆད་དང་བློ་ཕམ་པ་བྱེད་སྲིད།

ཡིན་ཡང་ཁྱོས་ངེས་པར་དུ་རང་ཉིད་ཀྱི་སྐྱོན་ངོས་ལེན་བྱེད་དགོས།  

རེ་རེ་བཞིན་ཡོ་སྲོང་བྱེད་རྒྱུར་འབད་དགོས།

རང་ཉིད་ལས་རྒྱལ་བ་ནི་མི་གཞན་སུ་ལས་རྒྱལ་བ་གྱུར་བ་ལས་དཀའ་ཚེགས་ཆེ་ལ་དོན་སྙིང་དང་ལྡན།

འཇིག་རྟེན་གྱི་དར་སྲོལ་འགྱུར་ལྡོག་གང་འདྲ་བྱུང་ཡང་།

དྲང་བདེན་དང་སྙིང་སྟོབས། རང་ཚུགས་སོགས་མིའི་གཤིས་རྒྱུད་བཟང་པོ་ནི་གཏན་དུ་གནས་པ་ཞིག་ཡིན་པས།

ཁྱེད་ཉིད་ཕུལ་དུ་བྱུང་བའི་མི་ཞིག་འགྱུར་བར་སྨོན།

2017ལོའི་ཟླ་བ12པའི་ཚེས15ཉིན་བསྒྱུར། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།