ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཚོགས་མཁས་བཙུན་གྱི་གསར་བྲིས་སྙན་ངག——གནས་མཆོག་ཆུ་དཀར་རི་ཁྲོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2018-01-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20180110164735.jpg

ཨ་ཚོགས་བློ་བཟང་མཁས་བཙུན།


ཤར་ཙོང་ཆུ་སྔོན་མོའི་ལྷོ་རྒྱུད་ན།།

ཆུ་རྨ་ཀླུང་རིང་མོའི་བྱང་ཕྱོགས་སུ།།

དབུས་ཙོང་ཁ་མཐོན་པོའི་འདབས་རོལ་ཏུ།།

རྗེ་ཙོང་ཁ་འཇམ་དབྱངས་ཡབ་སྲས་དྲན།།


ཕ་འཇམ་དབྱངས་འཇིགས་མཛད་མི་བུའི་ཚུལ།།

བུ་འཇམ་དབྱངས་གཞོན་ནུ་གླེགས་རལ་འཛིན།།

གླིང་ཉི་ཟླ་ཟུང་གི་ཁྱབ་རྒྱ་ཅན།།

ཕ་དོན་གྲུབ་རིན་ཆེན་ཡབ་སྲས་དྲན།།


དགོངས་ཁྱུང་འདྲ་སྐྱེ་བའི་མངོན་པ་དྲན།།

ཁྱུང་ཚང་སྒོ་སྲུང་འདྲའི་རྣམ་ཐར་དྲན།།

དུས་ཉེན་སྲུང་བྱ་ར་གཡེལ་མེད་དྲན།།

ནོར་རིན་ཆེན་བཅལ་པའི་ཐུགས་བསྐྱེད་དྲན།།


འགང་ཕ་ཚབ་བྱེད་སྒོ་བསླབ་པ་དྲན།།

བྱམས་མ་ཚབ་ནུ་ཞོ་བླུད་སྙམ་དྲན།།

གཏམ་ཚེ་གཅིག་གཞུང་བསྲིངས་ཞལ་གདམས་དྲན།།

ཁྱུང་གླིང་བཞི་བསྐོར་པ་ལྷག་པར་དྲན།།


སྤྱིར་ཕ་བཟང་བོད་ལ་དྲིན་པོ་ཆེ།།

སྒོས་ཕྱི་རབས་བོད་ལ་དྲིན་རེ་ཆེ།།

བུ་འཛམ་གླིང་གཡས་བཞག་རྒྱན་དུ་ཆེ།།

ཆེ་ཁྱུང་ཆེན་རྒོད་པོ་ཨ་རེ་དྲན།།

微信图片_20180110164745.jpg

སྐུ་མཐོང་གྲོལ་ཆེན་མོ་མཇལ་དུས་དྲན།།

གཞུང་པོད་ཆེན་བཅོ་བརྒྱད་རྩིག་དུས་དྲན།།

འགྲན་དོ་ཡ་མེད་སྙམ་ལྷག་ཏུ་དྲན།།

དྲིན་བསམ་ཞིང་བསམ་ཞིང་ངུ་རེ་བྲོ།།


དབུ་ཐོས་བསམ་འདི་ནས་བརྙེས་པ་དྲན།།

གནས་འདི་ནས་རྒྱང་ལ་བྱོན་ཚུལ་དྲན།།

བྱོན་བསྟན་དོན་ཕྱོགས་མེད་རྣམ་ཐར་དྲན།།

དྲིན་བསམ་ཞིང་བསམ་ཞིང་ངུ་རེ་བྲོ།།


ཡུལ་ཕུ་ནུ་ཕ་ས་མ་མཐོང་དྲན།།

དྲིན་ཕ་མའི་ཞལ་མཇལ་མ་ཡོང་དྲན།།

གནས་འབྲོག་རི་དགའ་ལྡན་དབུ་རྩེ་སྟེ།།

ཡུལ་མདོ་སྨད་ཡང་ཡང་གཟིགས་པ་དྲན།།


བྱ་ཁུ་བྱུག་མི་གྲག་གྲོས་བཏབ་དྲན།།

བྱེའུ་འཇོལ་མོ་མི་ཡོང་ཁ་ཆད་དྲན།།

སྐུ་ཉིད་ཀྱི་མྱོང་བ་ཅན་ཡང་དྲན།།

ཡུལ་ཙོང་ཁའི་སྐྱིད་སྡུག་སུ་ལ་བཤད།།


ད་དེ་ནས་སེམས་ཁ་ལྷོད་ཙམ་ཡིན།།

ལྷོད་དྲན་པའི་མཆི་མ་མིད་དགོས་ཡོད།།

གདོང་མཆི་མས་བརླན་པ་འབྱིད་ཀིན་ལ།།

གནས་སྟོད་སྨད་ཡུལ་ལ་གཡེང་ཙམ་བགྱིད།།


ས་པད་མ་འདབ་བརྒྱད་བཅུད་ལ་བཟེད།།

གནམ་འཁོར་ལོ་རྩུབས་བརྒྱད་གཡང་ལ་འཁོར།།

ཕྱོགས་བཀྲ་ཤིས་རྟགས་བརྒྱད་དངོས་གྲུབ་གཏོད།།

ཡུལ་འདི་འདྲའི་ངོ་སོ་ཡར་ལ་བསྟོད།།


གནས་ཞྭ་སེར་བསྟན་པའི་ཆུ་འགོ་ཡིན།།

འབྲོག་སྒྲུབ་བརྒྱུད་བསྟན་པའི་མ་དགོན་ཡིན།།

བྲིས་རྩོམ་པ་ལེགས་བཤད་འབྱུང་གནས་ཡིན།།

མ་འགྲོ་ཀུན་བདེ་འགྲོའི་གཞི་མ་ཡིན།།

timg.jpg

དབྱར་ཟླ་བ་གསུམ་དེ་གཡུ་ཡི་རི།།

གཡུ་སྒྲོལ་མ་སྔོན་མོའི་མཛེས་པ་ངོམ།

སྟོན་ཟླ་བ་གསུམ་དེ་གསེར་གྱི་གཞོང་།།

གཞོང་ནོར་བུའི་སྤུངས་པ་བསྟན་འགྲོའི་དགེ།


དེ་དགུན་ཟླ་གསུམ་དེ་ཤེལ་གྱི་ཡུལ།།

ཤེལ་དཀར་པོ་གངས་ཀྱི་མཆོད་རྟེན་ཡོད།།

ཐང་ཆེན་པོ་དངུལ་གྱི་གཞོང་བ་ཡོད།།

རི་དེའུ་འབུར་དུང་གི་བུམ་པ་ཡོད།།


གངས་ཁ་བ་རྫ་རྒྱུད་རི་རྒྱུད་རེད།།

ས་སྨུག་ཀླུང་ལ་ལུང་ཐང་མ་ཡིན།།

བྱེའུ་ཅོ་ག་འབྲལ་མེད་གྲོགས་གཅིག་ལ།།

གནས་དབེན་པའི་སྐྱོ་སྣང་གསལ་གསལ་ཡིན།།


དགོང་ཉི་ཟེར་ས་མཐའི་རི་ལ་འགོས།།

རི་གྲིབ་སོའི་སོ་ཁ་ཉེ་སར་གཏད།།

བྱ་ཕོ་རོག་ནག་ཆུང་ནགས་ལ་གཟས།།

གནས་དབེན་པའི་ཨ་ཇོ་སྐྱོ་དུང་ངེ།།


ས་ཡར་བལྟས་རྒྱབ་རི་སྨུག་པོ་དེ།།

རྫ་མཐོན་པོ་མ་ཅིག་ལྷ་མོ་རི།།

དགོང་ཟླ་བ་དུང་གིས་ཞལ་རེ་དཀར།།

ནངས་ཉི་ཟེར་གཞོན་ནུས་སྐུ་རེ་བརྒྱན།།


སྐུ་གཡུ་བཟང་སྒྲོལ་མ་སྔོན་མོ་ལ།།

ཕྱག་མདའ་དར་ནོར་གཞོང་འདོད་རྒུའི་བདག།།

སྨན་མཛེས་མ་སྟོང་གི་རྣམ་འགྱུར་རྫོགས།།

མ་མཛངས་མ་མང་བོའི་དངོས་གྲུབ་སྙིལ།།


མ་བཟང་མོ་ཤིང་བཟའ་ཨ་ཆོས་གཅིག།

སྨན་མཛངས་མ་བསོད་ནམས་མཚོ་མོ་གཉིས།།

དཔོན་ལྷ་ལྕམ་བསོད་ནམས་སྒྲོལ་མ་གསུམ།།

མ་མོ་སྨན་སྟོང་གི་དྭངས་རྩེ་ཡིན།།


ལྷོ་རི་རྒྱུད་སྨུག་པོ་འབྲུག་འདྲ་ཡོད།།

འབྲུག་གཡུ་ལོའི་དབུ་འཕང་དགུང་ལ་གཏད།།

གནས་གཞི་བདག་ཨ་མེས་སྙིང་རི་དེ།།

འགྲོ་མགོན་སྐྱབས་གཡེལ་བ་མེད་པ་ཡོད།།


ཕོ་སྨུག་པོ་འཁོར་གསུམ་སྲུང་བ་ཅན།།

བཅིབས་གཡག་རྒོད་མཐིང་བ་ངུར་ཞགས་མ།།

ཕྱག་རལ་གྲི་ཤུབས་མེད་སྔོ་ཤལ་ལེ།།

བུ་རྒོད་པོ་སྟོང་གི་སྐྱེ་རྒྱུད་ཡོད།།

timg (2).jpg

བླ་ཆེན་པོ་དགོངས་པ་རབ་གསལ་གཅིག།

རྗེ་རྒྱལ་བ་ཙོང་ཁ་ཡབ་སྲས་གཉིས།།

ཕ་བླ་མ་སྤྱན་རས་གཟིགས་དངོས་གསུམ།།

བུ་སྟག་འདྲ་གཟིག་འདྲའི་དཔུང་ཆེན་བསྒྲིགས།།


བྱང་བྲག་དཀར་རྫ་རྒྱུད་ཤེལ་འདྲ་ཡོད།།

ཤེལ་དཀར་པོའི་གདན་ས་ཨ་རེ་སྐྱིད།།

ཕ་བླ་མའི་གཟི་བྱིན་འཁྱིལ་བ་ཡོད།།།

ལྷ་ཡི་དམ་སྲུང་མའི་སྲུང་བ་ཡོད།།


མདུན་རྫ་ཆུ་སྔོན་མོ་སི་ལི་ལི།།

བྱ་སྐྱ་ཀའི་འགྲོན་བརྡ་ཆ་ལ་ལ།།

ནགས་གཡུ་ལོ་འཚང་ཁ་ཤིག་སེ་ཤིག།

གནས་དབེན་པའི་སྐྱོ་བ་རང་སངས་ཡིན།།


ནངས་ཉི་འཆར་སྔ་བ་པང་ན་ཡོད།།

པང་འོད་གསལ་མ་བུ་སྔ་འཆར་དགེ།།

དགོང་འཕྱི་བ་ཉི་ཟེར་རུམ་ན་ཡོད།།

གཉིད་རྣལ་འབྱོར་བདེ་བའི་དགའ་སྟོན་ཡིན།།


དེ་དགུན་ཉིན་འོད་ཆེན་ལྷོ་ནས་འཆར།།

ལྷོ་འོད་ཆེན་དྲོད་ཁོལ་ཉིན་གང་ཡིན།།

འདི་དཔྱིད་ཉིན་རིང་མོ་ཤར་ནས་འབུད།།

ཤར་བསིལ་གྲིབ་ལ་དང་ལུང་ལ་བཀོན།


ཞོགས་ལངས་བརྡ་ཅན་གྱི་ཕོ་རོག་ཡོད།།

དགོང་ཉལ་བརྡ་གཏོང་གི་འུག་ཆུང་ཡོད།།

ཉིན་སྐྱོ་བ་སངས་བའི་འཇོལ་མོ་ཡོད།།

ནོར་སྦྱིན་བདག་འཁྲིད་པའི་སྐྱ་ཀ་ཡོད།།


བྱ་བྱེའུ་རིགས་མི་གཅིག་སྣ་ཚོགས་པ།།

སྐད་གདངས་སྙན་མི་འདྲ་སོ་སོའི་ཁྱད།།

ལི་དྲིལ་ཏིང་མི་དགོས་རང་བྱུང་བ།།

སྒྲ་སིལ་སྙན་རོལ་མོ་ཨོཾ་ཨཱ་ཧཱུཾ།།


ཤིང་ལྗོན་པ་གཡུ་ཡི་ལོ་མ་ཅན།།

སྐུ་དྲི་བཟང་མཆོད་པའི་དྲི་ཆབ་མ།།

སྤང་མེ་ཏོག་གསེར་གྱི་སེ་བ་ཅན།།

རྐང་ཟིལ་བ་སྦྱིན་པའི་ཞབས་བསིལ་མ།།


དུང་ལོ་མ་ཅན་གྱི་བ་ལི་དང་།།

ཤིང་གསེར་ལོ་འབར་བའི་མཁན་པའི་རིགས།།

ལྗང་གཡུ་ལོ་ཅན་གྱི་ཤུག་པ་བཅས།།

མཆོད་ལྷ་མོ་བརྒྱད་ཀྱི་བརྩེ་བ་ཡོད།།


སྒང་ཤེའུ་ཆུང་མ་བུ་བསྒྲིགས་ནས་གཤར།།

གཞུང་ངང་ཆུང་ཁྱོ་ཤུག་འགྲོས་སྟབས་མཉམ།།

སྤང་ན་ལུང་རིང་མོ་སྦྲང་གི་ཡུལ།།

སྣང་སྲིད་པའི་ལྟད་མོ་ཆེ་བར་ཡོད།།


འགང་སྲིད་དཔལ་རིག་གསུམ་ལས་སྒོ་ཆེ།།

སྟོབས་གཞན་སྡེ་དབང་བསྒྱུར་རྡོ་རིང་ཡོད།།

བསྟན་འགྲོ་དོན་བྱས་པ་བསམ་མི་ཁྱབ།།

གླིང་ཆེ་རྒུ་མང་བོའི་འཁྲུངས་གཞིས་ཡིན།།


སྟོད་ཆུ་དཀར་བསང་ལྕམ་མ་སྲུའི་གཡང་།

བར་འབྲོག་རུ་སྤུན་གསུམ་ཕུ་ནུའི་གཡང་།།།

སྨད་མཛེས་མའི་ཐང་ལ་དཔའ་བོའི་ཡུལ།།

ཡུལ་བཟང་སྤྱོད་ལྷ་གནས་ཙོང་ཁ་བ།།

   ཞེས་ཆོས་རྗེ་བླ་མ༧དོན་གྲུབ་རིན་ཆེན་པའི་སྒྲུབ་གནས་བཞུགས་ཡུལ་གྱི་ཡུལ་ལུང་གཙོས་པའི་ཙོང་ཁའི་ཡུལ་ལ་ཅུང་ཟད་བསྔགས་པ། གནས་མཆོག་ཆུ་དཀར་རི་ཁྲོད་ཅེས་པ་འདི་ནི། སྒྲུབ་གནས་ཤིན་ཏུ་བྱིན་ཆགས་ཤིང་ལོ་རྒྱུས་ཀྱི་དཔྱད་དང་རྣམ་ཐར་གྱི་འགང་དང་ལྡན་པ་གང་ལ། ལོ་གཅིག་འདི་ལ་གནས་ཀྱི་གསེར་མཇལ་ཐེངས་བདུན་ལེན་པའི་གནས་མཇལ་བ་ཨུ་ཚུགས་ཅན་དང་། མངོན་ཞེན་ཅན། སྙན་ངག་སྨྲ་བའི་གྲགས་པ་ཅན་ཨ་ཚོགས་བློ་བཟང་མཁས་བཙུན་དུ་འབོད་པས་བྲིས་པའི་ཡི་གེ་བ་ནི། རང་དབོན་འཚོ་བྱེད་འཛིན་པ་བཀྲ་ཤིས་ཟླ་བའོ།

                                   སྤྱི་ལོ༢༠༡༧ ཧོར་ཟླ ༡༡ ཚེས ༥ ཉིན།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།