རྒྱ་འདུ་སངས་རྒྱས་ཀྱི་གསར་བྲིས་སྙན་ངག་ཆེད་བཀོད།

微信图片_20180118155530.jpg

རྒྱ་འདུ་སངས་རྒྱས།   དངོས་མིང་ལ་སངས་རྒྱས་ཞེས་འབོད།  ལོ་རབས་བརྒྱད་ཅུའི་མཇུག་ཏུ་ཕ་ཡུལ་ཨ་མཆོག་ས་ཆ་ནས་ལང་ཚོའི་ལྟེ་ཁྲག་འཕོས། སྔ་ཕྱིར་ཨ་མཆོག་དགོན་པ་དང་བླ་བྲང་དགོན་པ། ས་གནས་སློབ་ཆུང་དང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་།  ནུབ་བྱང་མི་རིགས་སློབ་ཆེན་སོགས་སུ་འགྲིམས་ཏེ་སློབ་སྦྱོང་བྱས།  རྩོམ་ཡིག་བརྒྱ་ལ་ཉེ་བ་ཙམ་སྦྲང་ཆར་གཙོས་ཞིང་ཆེན་ཕྱི་ནང་གི་གཞུང་སྒེར་དུས་དེབ་སྟེང་དུ་བཀོད།  ད་ལྟ་རང་གི་དགའ་ཕྱོགས་མ་དོར་ཙམ་དུ་བྱས་ཏེ་ལས་གནས་འཇུ་བཞིན་ཡོད། 



༡. གཏམ་རྒྱུད་ཚར་གཅིག 


བཞིན་གྱི་མདངས་ལ་ཉི་འོད་རབ་ཏུ་ཕོག ། 

དགའ་བའི་སེམས་སུ་མེ་ཏོག་ཅི་དགར་བཞད། །

རང་གི་གམ་དུ་དྲི་ཞིམ་རྣམ་པར་ལྡང་། །

ལས་འཕྲོ་ཆོས་ཀྱང་དེ་ལྟར་སིང་སིང་གྲགས། །


སྐད་འཕྲིན་འདི་ཡང་མཛུབ་མོས་དབང་དུ་བསྒྱུར། །

གང་ཞིག་དགའ་སྡུག་ཅི་ཡོད་མཛུབ་རྩེར་སྐྱུགས། །

དུས་ཚོད་ཐག་སྒྲར་ཉན་པའི་ལྷམ་ཆུང་ཡང་། །

མདུན་གྱི་ལམ་ཕྲན་འདི་ནས་ཡང་ཡང་ཟད། ། 


ཉིན་ཕྱེད་སུན་པ་བད་ཀྱི་དུས་ཡུན་ཙམ། །

ཉི་མ་དྲོ་ཚེ་གར་སོང་ཆ་མེད་དོ། །

བག་ཕེབས་གཞིས་ཀར་ཅུང་ཙམ་བསིལ་ན་ཡང་། །

སེམས་པ་བསྲོ་སའི་མེ་སྟག་ཚ་ཚ་འཕྲོ། །


སྒུར་ཏེ་ལྷམ་སྒྲོག་བསྐྱར་དུ་བསྡམས་པ་ནས། །

རྒྱུག་ས་འཁོར་བ་འདི་ལ་ཀུ་རེ་ཙམ། །

ཡང་ཡང་སློང་མཁན་ཚེ་ཡི་ཚེས་རིས་ལ། །

སྙན་ཞིང་འཇེབས་པའི་རྩོམ་ཞིག་གྱེར་བར་ཉན། །


སྤྲོ་བ་ལན་གཅིག་བྱིན་པ་དེ་གས་ཆོག །

ཡང་བའི་ལུས་འདི་སྒང་གཤོང་ངེས་མེད་འཕུར། །

རླུང་ལ་མ་བསྟེན་འཕུར་རྒྱུ་བྱུང་བ་ན། །

སྐད་ཅིག་ཐོགས་མེད་སྲིད་པའི་རྩེ་རུ་འཕུར། །


ནུབ་ཁའི་ཉི་འོད་ཁྱམས་ར་འདི་དང་གྱེས། །

སྒེའུ་ཁུང་ཕྱེ་སྟེ་ཟླ་འོད་ནང་དུ་བསུ། །

ཕན་ཚུན་འགྲོ་འོང་རྒྱང་དུ་ཆད་པ་ཡིས། །

ཉིན་གཅིག་འཚོ་བའི་གཏམ་རྒྱུད་ཚར་གཅིག་ཀློག །


༢. ཤ་དང་ཁྲག་གིས་བླངས་པའི་མགུར། 


མཁའ་ཆོས་ཀུན་ཁྱབ་མཛད་ཉི་མའི་འོད། ། 

རྒྱུད་རྟོག་པ་མཚན་མོའི་ཟླ་བཞིན་ཚེས། ། 

འགྲོ་རིས་མེད་ཉི་ཟླའི་འོད་མདངས་ཕོག །

ཕ་བླ་མ་སྐྱབས་གཅིག་པཎ་ཆེན་མཆོག །

མགོན་འོད་དཔག་མེད་དང་གཉིས་སུ་མེད། །

སྙིང་ཐག་པས་ཁྱེད་རང་གསོལ་བ་འདེབས། ། 

སྐྱབས་བླ་མས་ཡང་ཡང་ཐུགས་རྗེར་དགོངས། ། 


སྲིད་མཐའ་དབུས་མ་རིག་མུན་འཁྱམས་པའི། །

འགྲོ་རྐང་གཉིས་རྐང་བཞི་ཡོད་དོ་ཅོག །

དུས་ངེས་མེད་སྡུག་བསྔལ་གྱིས་གཟིར་བས། །

ནང་མུ་གེ་མཚོན་གྱིས་བཏབ་པ་འམ། །

སེམས་ཞེ་སྡང་འཁྲུག་པས་དབྱེན་པ་སོགས། །

ཚེ་ཁོམ་ལོང་མེད་པའི་སྲོག་ལྡན་སྤྱི། །

དུས་སྐད་ཅིག་འབྲེལ་མེད་མགོན་སྐྱབས་ཞུ། །


ཆོས་གྲུབ་མཐའ་རིས་མེད་སྐྱབས་གཅིག་པུ། །

གནས་འཛམ་གླིང་གསེར་གྱི་རྒྱལ་མཚན་ཁོང་། །

གདུགས་སེར་བོ་དབུ་ན་གྱི་ལི་ལི། །

འབངས་དད་ལྡན་སྐར་ཚོགས་ཁྲ་ལམ་མ། །

དུས་ད་ལྟ་སེམས་སུ་བླ་མ་ཁོང་། །

སྐུའི་མཚན་དཔེ་གཟི་བྱིན་འོད་ལམ་མེ། །

སྐྱབས་ཀུན་གཟིགས་པཎ་ཆེན་སྣང་བ་འདུད། ། 


སྤྱིར་གོ་ལ་འདྲེན་པའི་ཤིང་རྟ་ཁོང་། །

ནང་སྒོས་སུ་ཁ་བ་གངས་ཅན་ལྗོངས། ། 

ཆོས་དབུ་འཕང་ད་ལྟར་སུ་ཡིས་འདེགས། །

སྲིད་བྱ་བཞག་རླབས་ཆེན་སུ་ཡིས་སྤེལ། །

སྒོས་ཁྱད་པར་ཟླ་བའི་དཔུང་རོགས་སུ ། །

གླིང་མུན་པ་ཅིག་ཅར་སུ་ཡིས་སེལ། །

ཀྱེ་ཕ་རྒོད་བླ་མ་དྲིན་ཆེན་ལགས། ། 


༣. ཁྱོད་ནི་བོད་ཅིག་ཡིན་པ་མ་བརྗེད་ཨང་། 


ཉོན་མོངས་ལས་ཀྱིས་འཁོར་བའི་གཅོང་རོང་བརྒལ། །

དམྱལ་བའི་གཏིང་རྡོར་འགྲོ་མིན་ཁྱོད་ལ་རག །

བདེ་ལྡན་སྐྱེས་སམ་བསམ་པ་ཡོད་གྱུར་ན། །

རང་རྒྱུད་འཁྲུལ་བ་རྫོགས་པར་བྱིན་གྱིས་རློབས། །


མི་ཡི་ལུས་རྟེན་དལ་བ་དོན་ཡོད་དང་། །

འབྱོར་བཅུ་ཚང་བའི་ཡོན་ཏན་ཡོད་མེད་ནི། །

རང་གིས་རང་ལ་དྲིས་དང་ཤེས་པ་སྟེ། །

མགོ་འཕང་སྙེ་བཞིན་མ་གཡོ་ཨ་མའི་བུ། །


དང་བོ་སྐྱོན་ནི་མེད་པ་སྲིད་མཐའ་ཙམ། །

བར་དུ་བཅོས་པའི་ཉམས་ལེན་དབེན་པ་ན། །

རང་ངོ་རང་གིས་མི་ཤེས་འདུ་བྱེད་རྫོགས། །

འགྲོ་སྟངས་ནོར་བ་ཡིན་ནོ་ཡིད་ལ་ཆོངས། །


ཕན་སེམས་ཏིལ་ཙམ་མེད་པའི་གཡོ་མ་དྲན། །

རྫུན་གྱི་རྐྱལ་བ་ཐོགས་བཞིན་གྲོང་མ་འདུར། །

གང་ཤེས་ལབ་ཀྱིས་བསྐོར་ནས་ཉིན་མ་གཏོང་། །

འགྲོ་བདེ་ད་ནས་ཚུགས་པར་གྱིས་ཤིག་ཨང་། ། 


གཞན་གྱིས་འཕྱ་ཡང་རང་སོར་འཇོག་པར་བརྩོན། །

མི་དགའ་སུན་འབྱིན་རྒོལ་བ་གཏོང་ཡང་སྲིད། །

རང་གིས་བརྣག་དང་གནོད་པ་མ་སྒྲུབ་ན། །

ལས་མཐའ་ལོག་མིན་རང་རང་སེམས་སུ་གསལ། །


གང་བཤད་འུར་རྗེས་མ་འབྲངས་རིག་བཟང་བུ། །

སྐབས་རེ་སྒོ་གསུམ་སྲུང་བའི་ཟྭ་ཡོད་དགོས། །

དྲན་ཤེས་ལྡེ་མིག་ལག་ཏུ་མ་འབྲལ་དགོས། །

ཉེས་བཤད་ལོག་བཤད་ཡུན་གྱིས་བྲུ་བ་འོ། །


སྐྱེས་འབྲས་འཚར་ལུགས་མེད་ཅེས་དགོད་ཀྱང་སྲིད། །

རྒྱུ་འབྱོར་ནོར་གྱིས་ཕོངས་ཞེས་དམན་ཡང་བལྟ། །

རང་སེམས་མཛེས་པའི་རྒྱན་དེ་མི་འདོར་བར། །

ལུས་སེམས་བྱི་དོར་ལས་ལ་མཛོད་ཅིག་བུ། །


ང་འོ་སྙམ་པ་སྟོན་གྱི་ཤིང་ལོ་འདྲ། །

ཕྱི་ཡི་ཤག་སྒྲ་ཙམ་ལས་སྙིང་བོ་ཅི། །

ནམ་ཡང་ང་རྒྱལ་གཅོག་པའི་གླུ་ཆུང་རེ། །

སེམས་ཀྱིས་ལེན་པར་ཤེས་ན་ཕན་པའོ། །


རང་གི་རྡོག་སྣེ་གཞན་གྱིས་མཐོང་མིན་ནི། །

མི་གཙོ་རང་གིས་མཐོང་བ་གཙོ་བོ་སྟེ། །

ནམ་ཡིན་བྱབ་ཆུང་ལས་ཀྱིས་མ་འཛད་པར། །

ཀུན་ལ་ཁ་སེམས་གཙང་བའི་ལས་ལ་རེམས། །


གང་ཞིག་མེད་ནི་མི་ཆོག་དྲང་བོའི་གཤིས། །

ཀུན་གྱིས་ཤེས་ན་མི་སྐྱོན་ཁ་ཁོག་སེམས། །

རྒྱུ་འབྲས་ཆོས་ལ་རན་པའི་དོན་ཞིག་ནི། །

སྒྲུབ་པའི་སྐལ་བཟང་འདི་ཡང་བསོད་ནམས་སོ། ། 


ནམ་ཞར་གཞན་གྱིས་ཅི་ཟེར་རྣ་མ་གཏོད། །

རང་གིས་མུ་མཐུད་མི་ཡི་ཚད་ཅིག་འབུངས། །

འཇིག་རྟེན་འདི་ནི་མི་ཁའི་ཁོར་ཡུག་ཉིད།  

མི་ཁ་མ་འཛེམ་གོམ་པ་མདུན་དུ་སྤོ། །


སུ་ཡིས་ཁྱོད་ནི་དམན་སར་བདའ་ཡང་ཆོག །

གང་གིས་ཁྱོད་ནི་བཀུར་ཏེ་མཐོ་ཡང་འཇོག །

དེ་ནི་གཞན་བློར་ཤར་བའི་ཁྱོད་ཉིད་ལས། །

ནམ་ཡང་རང་གི་མེ་ལོང་མ་འབོར་ཨང་། །


ཁ་འཇམ་ཚིག་དང་རྩུབ་པོའི་སེམས་མ་འཆང་། །

ཅང་མེད་སྤྲང་བཞིན་མུག་ནས་སྡོད་མི་རུང་། །

རྐང་ལག་སེམས་གསུམ་འགུལ་དང་རེ་བ་ཡོད། །

ཤེས་དཔལ་མེད་ན་མུག་ནས་འཆི་ཡང་སྲིད། །


ཁྱོད་ལ་སྐད་ཡིག་ཡོད་པས་ཅི་ཞིག་དཀའ། །

ཁྱོད་ལ་མི་རིགས་ཡོད་པས་ཅི་ཞིག་སྐྲག །

ཁྱོད་ལ་ནང་ཉེ་ཡོད་པས་ཅི་ལ་ཕམ། །

ཁྱོད་ནི་བོད་མི་ཡིན་པ་མ་བརྗེད་ཨང་། །


དཀོན་མཆོག་གསུམ་པོར་སྙིང་ནས་རྒྱུན་དུ་སྒོམས། །

སུ་ཞིག་དྲིན་ཆེ་ཚོར་བའི་འདུ་ཤེས་བསྟེན། །

ནམ་ཡང་མི་བསླུ་བསམ་པའི་རྟག་གུས་ཀྱིས། །

ཡང་ཡང་དགའ་བཞིན་སྙིང་ཕུར་བརྡབས་ལ་རེམས། ། 


ཚིག་ཙམ་སྤུངས་ནས་དགའ་བ་ཆེར་མ་སྔ། །

དོན་སྟེང་གཅིག་ཙམ་འགྲུབ་ན་མཆོག་ཡིན་པས། །

རང་ལ་དྲན་སྐུལ་བྱེད་པའི་སྲབ་སྐྱོགས་འདིས། །

སེམས་ཀྱི་རྟ་རྒོད་འདུལ་བར་བྱིན་གྱིས་རློབས། ། 


ཞེས་པ་འདི་ཡང་སྙན་ངག་མཛའ་མོའི་རུམ། །

སྐྱིད་ཉལ་རྒྱག་པའི་རྒྱ་འདུ་སངས་རྒྱས་ཀྱིས། །

ཡུལ་ཤུལ་སྡོད་པའི་ཉིན་གྱི་མཐའ་མ་ལ། །

མལ་ལས་ལངས་ཞོར་འཇོག་སྒོམ་ཚུལ་གྱིས་བྲིས། །


༤. མི་ཡི་ཡུལ་དུ་འདྲེ་ཡི་གྲིབ་མ་མང་། 


སྐྱིད་སྡུག་ཕན་ཚུན་འཐག་པའི་ཚོན་ཁྲ་ཡི་འཇིག་རྟེན། །

མི་རིང་མི་ཐུང་མི་ཚེའི་ཟློས་གར་འདི་འཁྲབ་ས། །

ལོ་ཟླ་ཞག་དུས་རང་དང་ཕར་ཕར་ལ་གྱེས་ཁར། །

སྣང་བ་འདྲ་མིན་སེམས་ཀྱི་གློག་བརྙན་དུ་འཆར་འོང་། །


ད་ནི་ཨ་གསར་མཆུ་ཏོའི་མཆུ་སྒྲོས་ལ་མི་སྨོན། །

ཐར་ཐབས་དཀའ་བ་མཛེས་མའི་མཁུར་ཚོས་ལ་མི་ཆགས། །

རང་མགོ་འདི་ཡང་གཞན་གྱི་དྲན་འཕྲུལ་དུ་མི་གཡོ། །

ལྷོད་ལ་བབས་ཏེ་དཔེ་ཀློག་སྐྱིད་པོ་ལ་རེམས་དགོས། །


དྭངས་གཙང་མཁའ་དབུགས་རྔུབ་ས་བོད་ཡུལ་ལས་མི་འདུག །

རི་མཐོ་ས་གཙང་རྫ་ཆུ་ལྷུང་ལྷུང་གི་ཕ་ས། །

མཐོང་བའི་མོད་ལ་སེམས་པའི་རྟ་རྒོད་ཀྱི་བང་རྩལ། །

ཡངས་པའི་ཐང་ཆེན་འདི་ནས་ངོམས་དོན་རང་ཅི་ཁག །


ཉོན་དང་གང་ས་གང་དུ་བླ་བཙག་གི་ཞབས་ཏོག །

གློ་བུར་ཆུ་ལས་ཆུ་བུར་བརྡོལ་བ་རང་བསམ་ན། །

མ་ཤི་སྔས་མགོ་འདི་ནས་ད་དུང་ཡང་འཕག་དགོས། །

ལྟིག་ལྟིག་སྙིང་གི་འཕར་སྒྲ་འཇགས་ཐབས་ཤིག་ཨེ་ཡོད། །


ཐོག་བཞིན་འབེབ་པའི་རྒྱལ་བོའི་བཀའ་ཆད་ཅིག་ཡིན་ཡང་། །

ལུས་ཀྱི་བ་སྤུ་ཉག་ཅིག་གཡོ་འགུལ་རང་མེད་པར། །

སྲ་བའི་རྡོ་བཞིན་གཤིས་རྒྱུད་གྱོང་བོ་ཡི་ཀོ་བ། །

ལོ་བརྒྱར་ཆུ་ལ་སྦངས་ཀྱང་འབྲས་མེད་རང་ཡིན་སྙམ། །


རྫས་ངན་དུ་བ་བསྣོག་ས་མི་གཙང་གི་སྤྱོད་ཁང་། །

འདི་ལ་རོ་མི་ཞིམ་པ་རོ་མཆོག་གི་སྣང་བ། །

སྐྱག་སྦྲང་དེ་དག་འཚོ་ས་ཁང་བ་དེ་ཡིན་ཤས། །

ཚེ་མཇུག་དུར་ཁང་དེ་ཡང་དེ་འདྲ་རང་མིན་ནམ། །


རྟ་ལ་སྒ་ཆ་བསྟད་དེ་འགྲོ་སྲོལ་འདི་བྱུང་བ། །

གཉའ་ཤིང་མཉམ་དུ་ཁུར་བའི་དུས་རབས་དེ་རྫོགས་ཀྱང་། །

གང་ལ་ཞིམ་མངར་མཆུ་དང་འཕོངས་མགོ་འདི་གཡོ་དོན། །

ལས་ནི་ཅི་ལན་རང་ཚུགས་མིག་རྫོད་ཀྱི་བྱས་རྗེས། །


ཡིན་ཨང་སེམས་འདི་མི་བདེ་ཕ་ཡུལ་གྱི་ཕྱོགས་སུ། །

ངེས་མེད་སྲེད་པའི་འཇབ་རྒོལ་ཕྱོགས་མཚམས་ནས་གཤར་ཚེ། །

ནག་ཡོར་ཉིན་མཚན་རྒྱུ་བ་འདྲེ་སྲིན་གྱི་གྲིབ་མ། །

སྒོ་གསུམ་སྒོམ་ཆེན་དཀྲོགས་མཁན་སུ་ཡིན་རང་ཤེས་དཀའ། །


གདོད་ནས་གཉེར་གཏད་དཀར་ཕྱོགས་ཆོས་སྐྱོང་གི་སྲུང་མར། །

རྔ་སྦུབས་སྒྲ་དང་བསང་བསུར་དྲི་ངད་ནི་མ་ཡལ། །

མཐུ་གཏོང་ཟས་སྦྱིན་མཛད་པའི་འཕྲིན་ལས་ཤིག་མེད་ཚེ། །

འབྱུང་སྲིན་ཐེའུ་རང་དམུ་རྒོད་ཇེ་མང་ནས་ཇེ་མང་། །


རང་དོན་བྱ་སྤུ་ཙམ་ཞིག་འབོར་ཉེན་ཡང་ཚེགས་ཆེ། །

གཞན་དོན་རི་ཞིག་ཉིལ་ཡང་སེམས་ཁྲལ་རང་མེད་པ། །

དུས་ངན་སྙིགས་མའི་རླུང་འཚུབ་འདི་ལྟར་ནི་ལྡིང་བས། །

འབྱུང་བཞིའི་གོད་ཆག་ཅེས་པ་ཡོང་བ་རང་ཅི་ཁག །


རྟག་པར་བློ་ཁོག་ནང་དུ་ཕྱོགས་རེས་ཀྱི་ཞགས་པ། །

ཆོལ་གསུམ་གང་སར་འཕངས་པའི་སྣ་ནག་མ་གོ་ཚེ། །

ཅང་མེད་བུ་ངའི་ཡིད་ལ་སྐྱོ་བ་ཡི་སྨུག་སྤྲིན། །

འཐིབ་འདི་བསམ་ན་ནམ་མཁའ་ཇེ་སྡུག་ནས་ཇེ་སྡུག །


ད་དུང་ཅོལ་ཆུང་རེ་འགའ་ཁ་ཕྱོགས་རང་མེད་པར། །

འུར་འདྲོགས་གཏམ་གྱི་རྫ་རྔ་ཁྲོག་ཁྲོག་ཏུ་རྡུང་ཡང་། །

རང་ཚུགས་ཀ་བཞིན་འགྲེང་བར་ཅི་ཡང་རང་མི་གནོད། ། 

རང་གཤིས་རྗེན་པར་བུད་པའི་འཁྲབ་སྟོན་ལས་ཅི་ཡིན། །



༥. ད་ནི་དབུགས་ཤིག་ལེན། 


འཇིག་རྟེན་སྡུག་སྡུག་ཅིག་མགོ་རུ་ཐོན་ཐལ། །

སྣང་བ་དྭངས་དྭངས་ཤིག་གློ་བུར་ཡལ་ཐལ། །

འཇའ་རིས་ཁྲ་ཁྲ་ཞིག་ཤར་ཚུལ་བསམ་ན། །

མི་ཚེ་ཐུང་ཐུང་ལ་སྙིང་བོ་ཅི་ཞིག །


ཚེ་ཡི་ལ་མོ་རུ་སུ་ལ་འཕྲད་པ། །

བསམ་བློ་བཅོས་མ་ཞིག་བསྟན་ནས་སོང་ན། །

ཕྱི་ཐག་ཐུང་ངུ་ཞིག་དྲན་པར་བསམ་ན། །

སྙིང་ཆུང་འདི་ཉིད་ཡང་ལུ་གུ་ལྡིང་ལྡིང་། །


དུས་ཚོད་མགྱོགས་མགྱོགས་ཤིག་རླུང་ལས་ཡན་རེད། །

ལུས་འདི་བྲེལ་བྲེལ་ཞིག་དུས་ཚོད་མགྱོགས་རེད། །

ཕར་འགྲོ་ཚུར་འོང་བར་ཞི་ཞིང་འཁྲུག་པ། །

ད་དུང་ཡོད་པ་འདི་ལས་ཀྱི་བཀོད་སྒྲིག །


བསམ་བློ་བཅོས་མིན་ཞིག་ཡོད་ན་ཆོག་གི །

འཛུམ་ཚུང་ལྷད་མེད་ཅིག་ཐེངས་གཅིག་ཆོག་གི །

རྣམ་དག་སེམས་པ་ཡི་རྒྱུ་ཕྱོགས་ཤིག་ལ། །

རང་དབང་ཡིད་ཆེས་གཉིས་ཡོད་ན་བསམ་གི །


ནམ་ཡང་འཛོམས་པ་ཞིག་ཁྱོན་ནས་དཀའ་གི། །

སེམས་པ་མ་འབྲལ་བ་དེས་ཆོག་ག །

ནམ་ཞར་མཐོང་རྒྱུ་ཡང་དཀོན་པའི་རྒྱུ་རེད། །

པར་ཆུང་བལྟ་ས་ཞིག་དེས་ཆོག་ག །


ཉི་མ་སེར་བོ་ལ་ཕྱོགས་རིས་ཅི་ཡོད། །

བྲག་ཁུང་བྱང་བསྟན་གྱི་དཔེ་རུ་ཟླ་འོ། །

རྣམ་དག་རྩིག་ངོས་སུ་ཉི་མ་བསུ་ན། །

རང་སྐྱོན་རང་ཉིད་ཀྱིས་ངོས་ལེན་ཡོད་ཆོག །


འདས་སོང་ལོ་ཟླ་ལ་ཕྱིར་མིག་མི་བལྟ། །

ཀྱག་ཀྱོག་ལམ་ཕྲན་དེར་འཇིགས་ཤིང་སྐྲག་གི །

མདུན་སྐྱོད་ལམ་ཆུང་འདི་རྡོག་པས་མནན་ནས། །

ལག་པ་མཉམ་འཇུ་ངང་འཚོ་བ་སྐྱེལ་ཆོག །


གནམ་འོག་འདི་ན་ཡང་བདེ་སྐྱིད་ཡོད་ན། །

ང་ཡང་བདེ་སྐྱིད་ཅིག་འཐོབ་ན་ཆོག་ག །

ས་འདིར་ཁོག་རྒྱ་ཞིག་ཡངས་ས་ཡོད་ན། །

ཁྱོད་རང་དེ་བཞིན་དུ་ཤོང་ན་ཆོག་ག །


རྫུན་གཏམ་ཨ་བྲ་ཡི་རྔ་མ་ཐུང་ཐུང་། །

གཡོ་སྒྱུ་ཝ་མོ་ཡི་བློ་སྣ་འཁྱོག་འཁྱོག །

ཁྱོད་དང་ངེད་གཉིས་ལ་མེད་ན་འདོད་ཡོད། །

དྲང་མོའི་ལམ་ཐིག་ཅིག་མཉམ་དུ་འབྲི་ཆོག །


ཕྲག་པ་དོག་དོག་ཅིག་མེད་ན་ལོས་སྐྱིད། །

ཁོག་ཡངས་མིག་རྒྱང་ངང་མཉམ་དུ་གནས་ཆོག །

སུན་པོ་མང་མང་ཞིག་མི་བཟོ་བསམ་ན། །

ཤེས་རྒྱ་མཐོང་རྒྱ་ནས་མཉམ་དུ་བསྐྱོད་ཆོག །


གསར་བུ་མི་ཡག་ཅེས་འཕྱ་ཡང་ལོས་ཆོག །

ནང་སེམས་མཛེས་པ་དེ་གསེར་ལས་ལྷག་ཡིན། །

གསར་མོ་མོ་སྒོ་ཞིག་མེད་ཅེས་བཤད་ཆོག །

གཤིས་ཀ་འཇམ་པོ་དེ་ཡག་ལས་ཡན་ཡིན། ། 


ལ་གཞས་ད་མ་དིག་ལེན་སའི་ཡུལ་ན། །

རི་ཁའི་རྫི་བོ་ཡང་དགའ་ས་མཐུན་ས། །

སློབ་ར་རྡོ་ཁང་གི་གཡས་དང་གཡོན་དུ། །

འགྲོ་ཞོར་འདུག་ཞོར་དུ་མཐུན་པོར་མང་ག །


ན་ཚོད་ཆུང་ནི་ཞེས་ཁ་ནི་མ་གཡར། །

ཚེ་ཡི་ཚད་འདི་ཡང་སུས་ཀྱང་དཔོག་དཀའ། །

ད་དུང་ད་དུང་ཞེས་ཕྱི་བཤོལ་མ་གནང་། །

སྐྱེ་རྒ་ན་འཆི་འདི་ནམ་ཐོན་མི་ཤེས། །


སྒོ་རུ་མཉམ་འགྲོ་ངང་ན་འཆམ་ན་ཆོག་གི །

ནང་ནས་མཉམ་འདུག་ངང་བསྡད་ན་ཆོག་གི །

སྙིང་གཏམ་མ་གློད་ངང་ཅུང་ཙམ་འགོར་ན། །

དུས་ཚོད་ཉེར་བཞི་འདི་བསྐལ་བའི་རིང་རེད། ། 


ཁ་རྩོད་ཚིག་རྩོད་རེ་མི་འབྱུང་ངེས་མེད། །

ཕན་ཚུན་ཕོག་ཐུག་རེ་ནམ་ཡོང་ཅི་ཆ། །

བསམ་བློ་གཏོང་ཤེས་ཀྱིས་འགྲོགས་འདི་གལ་ཆེ། །

སྡུག་བསྔལ་ལྷག་མ་ཞིག་སུ་ལ་མཁོ་རེ། །


དྲན་མང་སྣ་མང་འདི་ཤིང་ལོ་རླུང་ཁུར། །

མགོ་བོ་གཡུག་ཕྱོགས་ཀྱིས་རྗེས་སུ་ཅི་ཆོད ། །

མི་གཡོ་གཏན་ཚིགས་ཤིག་ཡོད་དགོས་བསམ་ན། །

ད་ལྟའི་སྣང་བ་ལ་འོད་སྣང་བསུ་ཆོག །


ཨུ་ཚུགས་སྲ་མོ་འདིས་བརྩེ་དུང་རྙེད་དཀའ། །

མ་འགྲིག་རང་རང་སར་གྱེས་ན་ལོས་ཆོག །

སྙིང་ཕུར་འདི་འདྲ་ཞིག་བརྡབས་ནས་བཟུང་སྟེ། །

འབལ་རྒྱུ་ཟེར་བ་འདི་ཅུང་ཙམ་དཀའ་གི ། 


ལས་ཀྱི་ལ་མོ་འདིའི་ཕར་ནང་ཚུར་ནང་། །

གོམ་པ་གཅིག་གཉིས་ཀྱིས་བརྒལ་རྒྱུ་དཀའ་གི །

འཁོར་བའི་ཕྱི་ནང་འདིའི་ཉིན་སྲིབ་གསེང་ནས། །

འགྲོ་ཞོར་འདུག་ཞོར་གྱིས་ཚོར་བ་འཚོལ་དཀའ། །


ཨམ་གཙིགས་སྤར་མོ་ཡིས་སྡུག་འདི་འཁྱོག་དཀའ། །

མ་ཁ་སོ་རྩེ་ཡིས་ནོན་རྒྱུར་དཀའ་གི། །

དེ་ན་ཕན་ཚུན་ངང་སྙིང་ཉེ་སྒོ་ནས། །

འཇིག་རྟེན་འདི་ཉིད་ལ་བསྐོར་བ་བརྒྱབ་ཆོག །


ཁ་ཡག་ཁོག་ངན་དེ་མིན་པ་ཤེས་ཡོད། །

དགའ་དགའ་དུང་དུང་གི་རེ་བ་བཟུང་ཡོད། །

མིག་ཀོང་མཆི་མ་ཞིག་འཁྱིལ་བ་བདེན་གི །

བརྩེ་དུང་སེམས་ཁམས་སུ་བསྐྱིལ་ན་འདོད་ཀི ། 


སྙིང་སྡུག་དགའ་ལོ་ཞེས་མ་གླེང་ལོས་ཆོག །

དེ་འདྲ་འཚིག་པ་ཞིག་ཟ་རྒྱུར་ཆེ་ཡོད། །

མཆུ་ཡིས་འགྲམ་པ་ལ་མ་གླན་ལོས་ཆོག །

དེ་ལྟ་འཁང་ར་ཞིག་གང་ནས་ཆེ་བརྩི། །


སེམས་འདི་མི་འབོར་བའི་སྙིང་གཏམ་ཡོད་ན། །

ལུས་འདི་རྐྱེན་ངན་གྱིས་འཇིག་ན་འཇིག་ཆོག །

གང་ནས་མི་བརྗེད་པའི་སེམས་ཤིག་ཡོད་ན། ། 

ནམ་ཡང་དགའ་བདེ་ཡི་དཔལ་ལ་རོལ་ཆོག །


ཕན་ཚུན་མནའ་ཚིག་གིས་བསྒགས་དགོས་མི་བསམ། །

གཙོ་བོ་རང་ས་ནས་དམ་བཅའ་ཡོད་དགོས། །

མོ་ལུང་རྩིས་གསུམ་ཡང་མ་བཏབ་ལོས་ཆོག །

གཙོ་བོ་ཕན་ཚུན་ལ་ཡིད་ཆེས་ཡོད་དགོས། །


གཟུགས་ཕུང་འདི་ཉིད་ལ་བར་ཆད་མེད་ན། །

ཁྱི་རྒན་ཟུག་ཟུག་བཞིན་ཁྱོད་རང་ཅི་བསྡིགས། ། 

ཡིད་ཆེས་བརྟན་པོ་ཞིག་ཕན་ཚུན་ཡོད་ན། །

འབྲུག་སྒྲ་གྲགས་གྲགས་ཤིག་ཡོང་དོན་ཅི་ཡོད། །


ཅི་ཡོད་དེ་ཡོད་དེ་མཉམ་ཟ་མཉམ་འཐུང་། །

མེད་ན་ཨུ་ཚུགས་ཀྱིས་དཀའ་ལས་མི་མྱོང་། །

འཚོ་བ་ཟེར་བ་ཡང་དར་རེ་རྒུད་རེ། །

ས་གཞི་དོག་མོ་འདི་སྐྱ་རེ་འཐིབ་རེ། ། 


རྨི་ལམ་སྐྱིད་པོ་ཞིག་རྨིས་པའི་རྟགས་ལ། །

རེ་བ་བཟང་བོ་ཞིག་མངོན་དུ་ཤར་སོང་། །

ད་ནི་གོ་སྐབས་འདི་དམ་འཛིན་བྱས་མིན། །

རང་རང་སོ་སོ་ཡི་སྤྱོད་པར་དབང་ངོ་། །


མཐུན་པོ་མཐུན་པོ་ཞིག་མགོ་ནས་ཡོང་སླ། །

འགལ་བ་འགལ་བ་ཞིག་བར་ནས་ཡོང་སླ། །

མཐུན་པོ་འགལ་བ་ཡི་སོ་མཚམས་བར་ནས། །

རང་ངོ་རང་ཉིད་ཀྱིས་ཤེས་དུས་ཅི་སྐྱོན། །


༦. བར་སྣང་འཕྲིན་གྱི་ཕོ་ཉ། 


མཁའ་ཡི་ལྷ་མོ་གང་དུ་བཞུད་དམ་བདག་གི་འཕྲིན་འདི་འཁྱེར་རོགས་ཞུ། །                                                     

འདི་ནས་ལྷོ་ཕྱོགས་བགྲོད་པ་ཡིན་ན་འགྲོ་ཁར་ང་ལ་སྐད་ཅིག་ཐོངས། །                                                    

ཚེ་འདིར་གནང་བའི་སྙིང་གི་མི་དེས་བདག་ཉིད་ནམ་ཡང་དྲན་ཚུལ་བཤད། །                                                 

སུས་ཀྱང་མ་ཤེས་གཅིག་པུར་བསྡད་དེ་ཕྲན་གྱིས་ཡིག་ཆུང་འདི་ཉིད་བྲིས། །     

                                                            

ཚེ་འདིར་བརྩེ་བའི་མདུད་པ་རྒྱག་རོགས་ཁྱོད་ནི་ནམ་ཡང་ཡིན་ཤེས་ཤོད། །                                                        

སྐྱིད་སྡུག་ཅི་བྱུང་མཉམ་ཁུར་ཡིན་ཞེས་ང་ལ་བཤད་པ་བརྗེད་མེད་ཤོད། །                                                           

རེ་ཞིག་ལུས་འདི་སོ་སོར་གནས་ཀྱང་མི་འགྱང་འཕྲད་པར་ཡིན་ཞེས་ཤོད། །                                                           

དྲན་གི་ཟེར་བ་ལན་གཅིག་མིན་པ་ཁ་ཁོག་མཚུངས་པ་རེད་ཅེས་ཤོད། །    

          

མཆུ་ཡི་འདབ་མ་དལ་གྱིས་གཡོ་བ་ནམ་ཡང་མི་བརྗེད་ཡིན་ཞེས་སོ། །                                                                          

གཅེས་པའི་ལུས་དེ་སེར་སྣ་མེད་པར་གཏོང་བར་ནུས་པ་བདེན་ནུས་སོ། །                                                              

ཀ་ར་ལྟ་བུའི་ལྕེ་ཡི་མངར་དེ་དྲན་ན་དགའ་ཐག་ཆོད་ཅེས་སོ། །                                                                            

མིག་ཟུང་སྒོར་སྒོར་མཛེས་པའི་སོ་ཕྲེང་རེ་རེ་བཤད་ན་མི་རྫོགས་སོ། ། 


དྲན་ན་དྲན་གི་བཤད་དེ་སྤོབས་པ་ཚེ་འདིར་གཏན་ཚིགས་ཡོད་པའི་རྟགས། །                                                         

མཐོང་ན་མཐོང་བར་འདོད་དེ་བལྟས་པ་རང་བཞིན་དྲང་བོར་ཡོད་པའི་རྟགས། །                                                                      

སེམས་གཏམ་སེམས་སུ་ཟུག་ནས་བཤད་པ་བག་ཆགས་ཟབ་མོར་ཡོད་པའི་རྟགས། །                                                  

རྟགས་དང་གཏན་ཚིགས་རེ་རེ་བཤད་ན་ཁ་པར་གློག་ཀྱང་ཚར་བའི་རྟགས། །


དོ་ནུབ་རེ་ཞིག་དཀར་གསལ་ཟླ་བར་དངོས་འདི་སྐུར་ན་ཡང་མོ་ཞིག །                                                               

སྙིང་ཉེ་མི་དེས་ཀློག་རྒྱུར་བྱུང་དུས་ཚིག་སྦྱོར་བབ་ཆགས་ཉུང་བསྡུས་ཤིག །                                                             

དོན་དེ་རེ་རེ་སེམས་ཀྱིས་མྱངས་ན་ཟླ་བ་ཁྱོད་རང་མགུ་ནི་ཞིག །                                                                        

མ་གསང་དྲང་མོ་ཟླ་བར་བཤད་ན་ཅུང་ཙམ་ཕྲག་དོག་ཡོད་ནི་ཞིག །


ལམ་འགྲོ་ཡིན་ན་ལག་ཏུ་མ་འཇོག་སྙིང་གི་མི་ལ་མི་འཕྲོད་དོ། །                               

ང་ཡིན་ཞེ་ན་བརྟག་པར་གྱིས་དང་དེང་སང་ཁྲམ་པ་གཡོ་ཅན་མང་། །                              

གལ་ཏེ་ཐུབ་ན་ཨང་གྲངས་མནན་ནས་སྙིང་ཉེར་བརྡ་ཞིག་གཏོང་བར་གལ། །                    

སྐབས་དེར་ཁ་པར་མི་འཕྲོད་བྱུང་ན་གཞན་གྱི་ལག་ཏུ་མ་འཇོག་རོགས། །


དྲིན་ནི་ཆེ་འོ་བདག་གི་འཕྲིན་འདི་འཁྱེར་བའི་ཕོ་ཉ་ཟླ་བ་ལགས། །                                                                      

ངས་ཀྱང་དྲན་ནོ་བདག་གི་འཕྲིན་འདི་ལྟ་མཁན་དགའ་མ་བརྗོད་བྱ་ལགས། །                                                       

གནས་སྐབས་བདེ་འོ་རང་རང་གཉིད་ཀྱི་ཞིང་ཁམས་དེ་ནས་འཕྲད་འདོད་ལགས། །                                                            

སང་ཉིན་མཇལ་ལོ་མཇུག་རྒྱུགས་བླངས་རྗེས་ཉིན་གུང་དུས་དེར་བརྡ་ཡོད་ལགས། ། 



༧.གནས་ཀྱི་བླ་མ་དྷརྨ་མཚན་ཅན་དྲན་པ། 


སྐྱབས་སྟོན་པ་སངས་རྒྱས་མི་བསླུ་བ། །

སྐྱབས་དངོས་ཡིན་དམ་པའི་ཆོས་ཀྱི་རོ། །

སྐྱབས་ཟླ་གྲོགས་དགེ་འདུན་དཀོན་མཆོག་བཅས། །

སྐྱབས་གསུམ་པོར་དད་པའི་རྟེན་དུ་བཞུགས། །


གནས་མདོ་སྨད་རྟ་ཡི་ཆོལ་ཁ་ན། །

བྱང་བླ་བྲང་གཡས་སུ་འཁྱིལ་བའི་སྡེའི། །

ཕྱོགས་ལྷོ་རྒྱུད་དགའ་ལྡན་ཆོས་གླིང་དུ། །

གནས་བླ་མ་དགེ་སློང་དམ་ཆོས་ཁོང་། །


ཡིད་མཚོ་མོའི་ངོས་ཀྱི་ངང་བ་ཞིག །

ངའི་མཐོང་ལམ་དེ་ནས་དག་ཞིང་འཕུར། །

བྱ་ངང་བ་སེར་བོ་མ་མཐོང་བར། །

དུས་ད་ལོར་བརྩིས་ན་བཅུ་གཉིས་འཁོར། །


ང་བསམ་མེད་སྣང་སྐྱིད་ཡིན་དུས་སུ། །

ཁོང་ངང་བའི་དགེ་སློང་གམ་དུ་བཅར། །

དོན་ཟབ་མོའི་ཚིག་འབྲུ་སྐྱོར་དུས་ཡོད། །

ལག་མཐེབ་ཕྱིས་བཟུང་ནས་མཆོད་འབུལ་ཡོད། །


གཉེན་བླ་མ་ང་ཡི་ཉི་མ་གན། །

ཡུལ་ནང་མིའི་སྐྱབས་ཀྱི་མགོན་པོ་ཡིན། །

སྡུག་ཞུ་ས་དྷརྨ་ཞེས་བྱ་ཉིད། །

སྐྱིད་ཆོས་འདོན་དགེ་སློང་ཁོང་རང་ལགས། །


ཡུལ་ཆོས་སྡེ་དེ་ཡི་འགྲོ་སྲོལ་ལ། །

བཙུན་ངང་ཆུང་སེར་བོས་དབྱར་དུས་སུ། །

རྐང་ལྷམ་བྲལ་བྲམ་ཟེ་རྐང་རྗེན་བཞིན། །

འགྲོ་དགོས་པའི་སྣང་བརྙན་ཝ་ལེར་དྲན། །


རྒྱུད་ཟབ་མོའི་དགོངས་དོན་མི་བརྡོལ་ཡང་། །

ཕྱག་རྒྱུད་པའི་ཉམས་ལེན་ཁོང་ལ་མངའ། །

དུས་རྒྱུན་པར་གསུང་བའི་མཁའ་སྤྱོད་མ། །

ཁོང་ཞི་བར་གཤེགས་སྐབས་ཕྱག་རྟེན་ཉིད། །


འདོན་རྟ་དབྱངས་ཆུ་ཆེན་རྡོར་འཕངས་པ། །

སྒྲིག་བཅའ་ཡིག་དཔྲལ་བའི་མིག་ལྟར་བརྩིས། །

ཕྱག་བསྐོར་བ་ལུས་དང་གྲིབ་མ་ལྟར། །

རྒྱུན་ཆོས་སྤྱོད་ཆོ་ག་ཤ་ར་ར། །


ཤ་ཚ་བའི་ཚིག་ལ་སྙན་མོ་མེད། །

སྲིད་རྒད་པོའི་ཁ་ལ་མར་དྲི་བྲོ། །

གཏམ་དེ་འདྲ་དྲན་ན་ཨ་ཁུ་ལ། །

ཐུགས་དགོངས་དག་ཞུ་ས་གང་མང་ཡོད། །


དད་སྟོབས་ཆེན་སྦྱིན་བདག་དྲིན་ཆེན་ཚོས། །

དགོན་གྲྭ་ཚང་ཕུལ་བའི་མང་འགྱེད་དེ། །

གཅིག་མ་ལུས་མ་ལྷག་འཐོབ་འཐོབ་པོ། །

ཁོང་ཨ་ཁུས་བླངས་པར་དོན་རེ་ཆེ། །


དངུལ་སྒོར་རྡོག་འགའ་རེ་གནང་བཏང་ན། །

སེམས་དགའ་བ་ཨ་སྔོན་དབྱིངས་སུ་ཁྱབ། །

འདུ་ཁང་ཆེན་གྲྭ་ཤག་བར་ལམ་ནས། །

དངུལ་འབོར་དུས་གཞན་ནས་གཞའ་བ་དེ། །


སྐུ་ཚེ་གང་ཚུལ་ཁྲིམས་ལྗོན་པ་ལ། །

འདམ་ཁ་ཆུའི་དྲི་མས་མ་སྦགས་པར། ། 

སྐུ་གཟན་ཤམ་ཆོས་གོས་སྣམས་སྦྱར་བཅས། །

སྐྱབས་དགེ་འདུན་ལི་ཁྲིའི་མཚོ་མོར་ཞུགས། །


སྟབས་དུ་གང་དུ་བདེ་ན་མི་ཕེབས་ཏེ། །

ཆོས་དགེ་བ་ཞར་དང་ཞོར་ཞེས་སྐད། །

ཚོགས་གྲོལ་དུས་གླིང་གི་གཡས་དཀྲིས་ངང་། །

སྐྱིད་དབེན་པའི་ཤག་ཏུ་ཕེབས་པར་བྱེད། །


དུས་འགྱུར་བག་རླུང་འཚུབ་རྒོད་པའི་དུས། །

ཕྱག་ཁ་བཏོན་བདུད་ཀྱིས་འཕྲོག་པའི་དུས། །

སྐུ་གཞའ་ས་གཞའ་ཡུལ་ཕ་ཡུལ་ནས། །

ཆོས་ཉམས་ལེན་བྱེད་ས་“ཨ་ཁུའི་ནང་”། །


དབུ་ཁ་བའི་རང་མདངས་མངོན་པ་དང་། །

སྐུ་ཚེགས་ཆེ་ཐོད་དཀར་ལྗོན་པ་བཞིན། །

གང་མི་ལྕོགས་མི་ནུས་ཡིན་དུས་སུ། །

ཆོས་ཆགས་མེད་དགེ་སློང་དཔའ་རྟུལ་ཅན། །


སྐུ་མི་འདོད་ནད་ཀྱིས་ཐེབས་པ་ན། །

སྐུ་འདའ་ཁར་ད་དུང་ཁ་བཏོན་གསུངས། །

སྐུ་ཡ་མཚན་ཅན་ཞིག་ཆེ་བརྗོད་མིན། །

སྐུའི་མཛད་འཕྲིན་གླེང་ན་དེ་ག་ཙམ། །


བྱམས་བརྩེ་བའི་སྤྱན་གྱིས་མཐའ་མ་ལ། །

ངར་ལྷོད་ཀྱིས་གཟིགས་པའི་ཉམས་སྣང་དེ། །

ངས་ལག་ཟུང་ཡང་མོས་ཞལ་སྒོ་ལ། །

ཟས་འོ་ཐུག་དྲངས་པའི་སྐལ་བཟང་དེ། །


གཏམ་བརྗོད་པའི་དོན་ལ་བརྗིད་ཆགས་ཤིང་། །

ཚིག་རྗོད་བྱེད་རི་མོར་ཡང་མོ་ཞིག །

ཁོང་དྲན་པའི་མོད་ལ་ཐལ་བ་དེ། །

སྐུའི་གདུང་མཆོད་ཉི་མར་བྲིས་པ་དགེ། ། 


༨. རི་ཁྲོད་གཞན་ཞིག་འཚོལ་བ། 


རྣམ་དག་ཡིད་ཀྱི་རྩིག་ངོས་བརྐོས་པའི་གཟུགས། ། 

འཁོར་འདས་རང་བཞིན་ལྷ་མོར་སྒྱུ་འཕྲུལ་བཀོད། ། 

ཐར་བའི་ལམ་ལ་འཛུལ་མཛད་དྲང་སྲོང་ཆེ། །

འདིར་སྣང་བཞག་པའི་གཏམ་རྒྱུད་ད་རེ་དྲན། ། 


འཕྲུལ་གྱི་རྟ་ཕོ་སྣུམ་གྱིས་མ་གསོས་ན། །

མགྱོགས་འགྲོའི་བང་ཁས་རི་ལུང་ག་ཙམ་ཆོད། །

རི་ལ་འཕུར་བའི་དྲང་སྲོང་རི་དྭགས་ཡང་། །

སྣ་མང་བློས་བཏང་མེད་ན་ཅི་ཙམ་ཁྱད། །


ཐོས་པ་སོ་ཡིས་འཆའ་བའི་རྡོ་བ་ཡང་། །

རྣམ་དཔྱོད་རྩལ་གྱི་བརྡར་ལ་འཇོག་པར་གལ། །

ཕྲ་ཞིང་ཞིབ་པའི་ཤེས་རིག་མཛའ་མོའི་ཟས། །

བསམ་སྒོམ་ཟུང་གིས་མིད་ན་ཕོ་བ་རྒྱག །


བྲང་ཁོག་དབྱུ་གུས་རྡུང་ན་རྔ་མི་གྲག །

སྐྲ་ཡི་ནགས་ཚལ་གདོང་ལ་ལྕེབས་པ་ན། །

ཀླད་པའི་ཟོ་ཞབས་རྐྱེན་གྱིས་ལྡིར་བ་ན། ། 

རྔ་ཆུང་ནམ་རེ་གྲག་ན་དུས་དེར་སད། །


དལ་བ་དེ་མིན་བྲེལ་བ་དེ་ཡང་མིན། །

རྒྱུག་པ་དེ་མིན་མཆོངས་པ་དེ་ཡང་མིན། །

མགོ་བོར་དགྱེ་མིན་སྒུར་བ་དེ་ཡང་མིན། །

རན་དང་འཕྲད་ན་སྐྱིད་ཀྱི་མཆོག་ཡིན་ནོ། །


ནགས་བྱེའུའི་གླུ་དེས་ཨ་ཁུའི་སྙན་དབང་གསོ། །

མཛུབ་རྩེར་བཀོད་པའི་ལྷ་མོས་ཇ་ཞིག་གསོལ། ། 

ཕ་གིར་བག་ཡངས་རྒྱུ་བའི་རི་དྭགས་ཚོས། །

རང་བྱུང་སྙན་པའི་ཚིག་དེ་ཀློག་པར་སྤྲོ། །


འཇག་མའི་རྩད་པར་བསམ་གཏན་ཟས་ཤིག་ལུས། །

གུས་པར་འོས་པའི་ཏིང་འཛིན་རྡོ་རུས་གཏུག །

རླབས་ཆེན་འབད་པའི་སྟོང་ཉིད་རུས་ལ་ཞེན། །

དབྱིངས་ཀྱི་ལྷ་མོས་མཇལ་ཁ་ཡང་ཡང་ཞུས། །


སྨུག་པའི་སྐ་རགས་དཀྲིས་པའི་དབེན་པའི་གནས། །

ཡིད་མཐུན་རྒྱང་བཞུད་བྱམས་པ་སྙིང་ནས་དྲན། །

གདུང་བ་མནོན་པའི་བྲག་སྐྱིབས་ཁང་བཟང་དུ། །

སྙན་ཚིག་མཆོད་པའི་རྦ་རླབས་དྲག་ཏུ་འཁྲུགས། །


མི་རིང་འབྱོན་པའི་དཔྱིད་ཀྱི་ཕོ་ཉ་ཞིག །

སྒོམ་ཆེན་དེ་ཡི་སྒོ་མོ་རྡུང་བ་ན། །

ཉི་ཟེར་སྒེའུ་ངོགས་འཕྲོ་བའི་དུས་དང་བསྟུན། །

གང་དེར་མཐོང་ཐོས་ཅི་དགར་བཤམ་ངེས་སོ། །


༩.  ཇ་མངར་མོ། 


ཞོགས་པའི་ཉི་འོད་རྔུབ་པའི་དབུགས་ཀྱི་རྒྱུན། །

དལ་བུར་རླུང་གི་དར་ལྕེར་འཁྱུད་པ་ལྟའི། །

སྒེའུ་ཁུང་གསེང་ལ་བཞུར་བའི་ཇ་མངར་མོ། །

ཤ་དང་རུས་པར་ཁྱབ་པའི་ལས་འདི་སྐྱིད། །


རང་སེམས་རྩིག་ངོས་ཟླ་བཞིན་འཆར་བའི་གཟུགས།།

སེམས་སོང་གཏན་གྱི་འདུན་མའི་ཕུག་ལ་གཏད། །

འཚོ་བའི་རྐྱེན་དུ་བསྐྲུན་པའི་ཇ་མངར་མོ། །

ཐོ་ཡོར་ལུས་ཁམས་གསོས་སུ་དྲངས་འདི་མཚར། །


ངག་རིག་བསུང་ཞིམ་བསྐྱིལ་བའི་ཇ་མངར་མོ། །

བརྩེ་བའི་ལྗོན་ཤིང་ཚལ་དུ་འཁུར་བའི་རླངས། །

དགུན་གྱི་ནམ་ཟླ་ཙག་གིས་མ་ཐུལ་བ། །

དྲི་ངད་ཞེ་ལ་འབྱར་བའི་ལོ་ཟླ་སྐྱིད། ། 


༡༠.  ང་ཡིས་ཟླ་བ་འདི་ལྟར་བསུ། 


ཡོན་བདག་འཁོར་གྱིས་བསྐོར་བའི་སྐུ་ལོ་དེ་མིན་ཞིང་། ། 

ཏན་ཏིག་གནས་སོགས་བཅས་པའི་བྱ་བཏང་བ་མིན་མོད།། 

རྒྱ་ཆེ་གཞུང་ལ་འཇུག་པའི་དགེ་སློང་ཞིག་ཡིན་པས། ། 

མཚོ་ལ་ངང་བ་འཇུག་བཞིན་རིག་གནས་པ་ཞིག་ཡིན་ནོ། །


 ཁྱོད་ཀྱི་མགོ་ལུས་གཞན་གྱི་ཁ་ལག་ལ་དབང་དུས། ། 

དམ་པ་ཁོང་ཉིད་དམ་པས་རྗེས་འཛིན་གྱི་བུ་ཡིན། ། 

གསར་བུ་ཡིན་སྣང་ཤར་བའི་གཞོན་པ་ཡི་ཚེ་སྐབས། ། 

རང་མལ་འདུ་ཤེས་གནས་ཏེ་མི་རིགས་ཀྱི་འགན་ཡོད། ། 


ཐམས་ཅད་ཐུན་མོང་དཀར་བོ་དཀར་རྐྱང་ཞིག་མིན་ཡང་།། 

རང་ཉིད་གཅེས་འཛིན་རྒུད་པའི་གཏིང་རྡོ་རུ་གཟིགས་ཏེ།། 

གཞན་ཕན་ཐུགས་སྐྱེད་འཕྲིན་ལས་གདུགས་དཀར་གྱི་ཡུ་བ། །

ཅི་ནུས་ཕྱག་གིས་བསྡམས་པའི་སྦྱངས་སྟོབས་ཀྱི་སྤྲོ་བ། ། 


སྔོན་བསགས་འབྲས་བཟང་མེད་ན་གྲྭ་བ་རང་བྱེད་དཀའ། ། 

འདུལ་བའི་བཅས་མཚམས་མི་འདའ་དམ་ཚིག་དེ་སྲུང་དཀའ། ། 

དེ་བས་དམ་ཚིག་མ་ཉམས་རྒྱུན་སྐྱོང་དེ་བྱེད་དཀའ། ། 

དཀའ་གསུམ་རྒྱན་དུ་འཛིན་པའི་དགེ་རྒན་ལ་མཆོད་དོ། ། 


ཐབས་ཀྱིས་མ་དངུལ་བསྡུ་བའི་ཆོས་པ་དེ་ཁོང་མིན། ། 

གྲགས་པས་སློབ་མ་སྐྱོང་བའི་དགེ་རྒན་དེ་ཁོང་མིན། ། 

རང་མགོ་ཚོས་ཏེ་དཔོན་ཉམས་འཛིན་མཁན་དེ་ཁོང་མིན། ། 

རང་ཉིད་ཐ་མལ་འདུ་ཤེས་དགེ་སློང་ལ་སྨོན་ནོ། ། 


ཡོན་ཏན་མ་ལུས་བརྩོན་འགྲུས་གོ་བགོས་ཀྱི་དཔའ་བོ། ། 

ལེགས་བཤད་ཉི་མའི་གུར་དུ་རྟུལ་ཞུགས་ཀྱིས་བཞུགས་ཏེ། ། 

ཤེས་རྨོངས་དུག་སྡོང་གཅོད་པའི་ཐབས་ལམ་ལ་སྙེག་བཞིན། །

ཁེངས་རློམ་རལ་བ་འབྲེག་པའི་མཛད་བཟང་ལ་བསྟོད་དོ། ། 


གཡུ་ཡི་ཞུན་མར་འཁྱིལ་བའི་ཤེས་བྱ་ཡི་འཇིངས་སུ། ། 

ངང་བས་ངང་ཕྲུག་འཁྲིད་པའི་བྱམས་བརྩེ་རང་བསམ་ཚེ། ། 

རྒྱུ་སྐར་བུ་སློབ་བྱེ་བ་སྐྱོང་མཛད་ཀྱི་བླ་མའི། ། 

བཀའ་དྲིན་རི་བོའི་གཏོས་ལས་མཐོ་ཚད་ཅིག་ཡོད་ན། ། 


ནམ་ཡང་སྤྲེལ་ལད་དགའ་བའི་འཁྲབ་སྟོན་དེ་མེད་ཅིང་། ། 

རང་རིགས་ལ་རྒྱ་དོན་མེད་མཚོན་ཁ་རུ་མི་འཕེན། ། 

རང་ཉིད་གང་དུ་ཡོད་ན་བོད་སྐད་ཀྱི་གདངས་ཀྱིས། ། 

གོ་བ་བརྡ་རུ་སྤྲད་པའི་ཕོ་ཉ་དེ་ཁོང་ཡིན། ། 


རིན་ཆེན་ཟོང་དུ་སྡེབས་པའི་བྱ་བྱེད་འདི་མཐོང་ཚེ། ། 

འདིར་འབད་མིང་ཐོབ་ཁྲི་ལས་གོ་བ་དེ་བྲིན་ཡང་། ། 

ཅང་མེད་ནང་སེམས་བཀྲ་བའི་དགེ་རྒན་འདིའི་ཆེད་ལས། ། 

གསེར་མདོག་རང་མདངས་རྩི་ལས་ཇེ་ཆེ་ནས་ཇེ་ཆེ། ། 


ཉོག་གི་ཕུང་བོར་གྲུབ་པའི་སྤྱི་ཚོགས་ཀྱི་ཁྲོད་དུ། ། 

མེ་ལོང་གཞན་ལ་བསྐོར་བའི་མཁས་པ་དེ་མང་སྐད། ། 

ནམ་ཡང་གཞན་ནི་ཅིག་ཅིག་ཟེར་མཁན་གྱི་སྡེ་དེས། ། 

ཇ་ནི་གཅིན་པའི་བྲོ་བ་འཛིན་མཁན་ནི་ལོས་ཡོད། ། 


རང་ནི་མི་ཤེས་མུན་པའི་འདབ་རྫབ་ཏུ་ཡོད་ཚེ། ། 

རིན་མེད་བདུད་རྩིས་བཀྲུ་མཁན་ཁོང་རང་ནི་ཡིན་པས། ། 

ནམ་ཡང་སྤྱི་བོར་སྒོམ་པའི་དྲིན་ཆེན་གྱི་བླ་མར། ། 

དད་པ་མ་འགྱུར་མ་བཤིག་སེམས་ཁོང་གི་རྡོ་རིང་། ། 


རྒྱལ་བུ་དོན་ཀུན་གྲུབ་པ་སྐུ་བལྟམས་ཀྱི་མཛད་པ། ། 

སངས་རྒྱས་དང་བཅས་དམ་པ་ཇི་སྙེད་ལ་དེ་ཀུན། །

རྟག་བརྟན་གསེར་གྱི་སྡོང་བོ་ཁྱོད་སྐུ་ལ་ཕྱོགས་ཏེ། ། 

སྐུ་ཡི་འཁྲུངས་སྐར་བསུ་བའི་དུས་སྟོན་ལ་རོལ་ཏོ། ། 


བསྟན་དང་བསྟན་འཛིན་མི་ནུབ་སྲིད་མཐའ་རུ་བརྟན་ནས། ། 

དེ་དང་དེ་འཛིན་སྐྱེས་བུ་བརྟན་པར་རང་བཞུགས་ཏེ། ། 

ཐུབ་པའི་བསྟན་པ་ཕྱོགས་བཅུར་སྤེལ་མཛད་ཀྱི་དཔའ་བོ། ། 

གཞོམ་གཞིག་ཡོངས་བྲལ་རྡོ་རྗེ་རྟག་བརྟན་རང་ཤོག་ཅིག །  

ཅེས་རང་ལ་བཀའ་དྲིན་རབ་ཏུ་ཆེ་བའི་སློབ་དཔོན་ལྡོང་ཡོན་ཏན་རྒྱ་མཚོའི་སྐུའི་འཁྲུངས་སྐར་གྱི་ཉི་མ་ཐོག་མར་བསུ་བའི་དགའ་སྟོན་དུ་ཁོང་གི་རྗེས་འཛིན་སློབ་མ་ཀུན་གྱི་གྲལ་མཐའ་བ་རྒྱ་འདུ་སངས་རྒྱས་ཀྱིས་བྲེལ་སྟབས་ཀྱིས་སྦྱར་བར་དགེ་ལེགས་སུ་གྱུར་ཅིག

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།