དེ་རིང་སྒྲོན་མེ་ཞིག་གཟིམས་སོང་།

དེ་རིང་སྒྲོན་མེ་ཞིག་གཟིམས་སོང་། 
----གཡང་འབུམ་ཚེ་རིང་།

0315_1.jpg

དུས་རབས་ཀྱི་ཅོང་སྒྲ་བར་མེད་སྒྲོག་དུས། 
ཚན་རིག་གི་འཁོར་ལོས་འཛམ་གླིང་བསྐོར་དུས།
འཇིག་རྟེན་གྱི་མར་མེ་ཚེ་འབར་ཞིག་གཟིམས་སོང་།
ཁྱེད་ལ་གདུང་བ་ཡོད་ཀྱང་། 
ཁོ་ལ་ན་ཟུག་ཡོད་ཀྱང་། 
ང་ཚོ་ད་དུང་རྩྭ་ཐང་ནས་བཟི་དོན་ཅི། 


ཡུལ་ཁམས་ཞིག་ང་རྒྱལ་གྱིས་བཅོམས་དུས།
མི་རིགས་ཤིག་ཕྲག་དོག་གིས་བསོད་དུས། 
དབྱིན་ཇི་ནས་ཅོང་སྒྲ་ཆེན་པོ་ཞིག་གྲགས་འོང་། 
ཁྱེད་ཅག་གིས་རིན་ཐང་རྟོགས་ཀྱང་། 
ཁོ་རང་ཚོས་གནད་དོན་རྙེད་ཀྱང་།
ང་རང་ཚོ་ད་དུང་མི་སད་དོན་ཅི། 


ལས་དོན་ཞིག་གཡོན་ཕྱོགས་ནས་བསྐྱུར་དུས།
མི་རིགས་ཤིག་མུན་ཁྲོད་ནས་སྙོབས་དུས།
མར་མེ་ཞིག་འཛམ་གླིང་ནས་གཟིམས་སོང་།
ཁྱེད་ཀྱིས་ཁྱིམ་རྒྱུད་དག་མཐོང་ཡང་།
ཁོ་བོས་གོ་ལ་དག་རྙེད་ཀྱང་།
ང་རང་ཚོས་ད་དུང་གཟུགས་བརྙན་འཛིན་དོན་ཅི།

འཛམ་གླིང་ནས་ཁམས་གཞན་ཞིག་འཚོལ་དུས།
ཕྱི་རྒྱལ་ནས་གླིང་གཞན་ཞིག་རྙེད་དུས།
ངའི་སེམས་ཁོང་གི་གོ་ལ་ཞིག་འཇིག་སོང་།
ཁྱེད་རང་ཚོས་འཇིག་ཉེན་དེར་དཔྱད་དུས།
ཁོ་རང་ཚོས་ཐབས་བཀོད་ཅིག་འཐེན་དུས།
ང་རང་ཚོ་ད་དུང་ལྷིང་འཇགས་སུ་གནས་དོན་ཅི།
མདོར་ན།
ང་ཚོ་ལ་གྲགས་འགུལ་མེད།
འདང་རྒྱག་མེད།
འདུ་ཤེས་མེད།
བསམ་བློའང་མེད་པར།
གཅིག་གིས་ཀྱང་དོ་སྣང་མི་བྱེད་ལ།
སུ་ལའང་མིག་ཆུ་མེད་པར།
བོད་ཡུལ་ནས་ཁོང་ལ་སྐྱེལ་མ་ཙམ་ཡང་མི་བྱེད་དོན་ཅི།
2018-3-14ལ། 

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།