ཉི་ཚེའི་སྙན་ངག་ཚན་པ་གསུམ།

1522739288358081.jpg

ཉི་ཚེ། དངོས་མིང་ལ་ཉི་མ་ཚེ་རིང་ཟེར། ༡༩༩༨ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་མགོ་རྫོང་ལི་ཁོག་མ་སྡེ་བ་རུ་འབོད་པའི་འབྲོག་ཁྱིམ་དཀྱིལ་མ་ཞིག་ཏུ་སྐྱེས། ཆུང་དུས་ནས་ཕུ་བོ་དང་མཉམ་དུ་རྩྭ་ཐང་གི་བྲང་གཞུང་ནས་ནོར་ནག་གི་རྨིག་རྗེས་ནས་དབྱངས་གསལ་སོ་བཞིའི་རང་མདངས་ཚོར་མྱོང་ལ། རིམ་བཞིན་སློབ་གྲྭ་འགྲིམ་པའི་སྐལ་བ་ལྡན། ད་ལྟ་རྩོམ་རིག་རྒྱུ་རྩལ་གྱི་ལམ་ཁ་ནས་གླུ་དབྱངས་ལེན་པར་བརྩོན་བཞིན་ཡོད་ལ། སྔ་གཞུག་དུ་སྙན་རྩོམ་མང་དག་ཞིག་«མཚོ་སྔོན་ཁྲིམས་ལུགས་ཚགས་པར་»དང«ཁམས་པའི་ཚགས་པར་»«རྨ་ཀླུང་རིག་གནས་དྲ་བ»སོགས་ཚགས་པར་དང་འཕྲིན་སྟེགས་དུ་མར་བཀོད་ཡོད།  


ཤ་ཚིལ་ལྟ་བུའི་དགའ་མ།

ཞེ་འདང་ལོ་ཟླ་ལ་བསླས་པའི་དཔྱིད་དཔལ་གྱི་མེ་ཏོག།

ཡིད་ཀྱི་མཚོ་ངོགས་ན་འགུལ་བའི་ཕྱིར་དྲན་གྱི་ལོ་མ།།

དུས་ཀྱི་གྲིབ་སོ་ལ་ཁེན་པའི་འདས་སོང་གི་གཏམ་རྒྱུད།།

ལས་ཀྱི་ལང་ཚོ་ལ་བཏགས་པའི་གཡུ་བྱུར་གྱི་མགུལ་རྒྱན།།


སྨྱུ་གུའི་མགྲིན་ངོས་ལས་ལུད་པའི་ཤོག་ངོས་ཀྱི་བློ་སེམས།།

བྱིས་བློའི་བྲང་གཞུང་ལ་ཆགས་པའི་དྭངས་གཙང་གི་རི་མོ།།

འཚོ་བའི་ཁ་དོག་ལས་བཟི་བའི་ཁ་སང་གི་རྨི་ལམ།།

འུ་གཉིས་ཕན་ཚུན་ལ་བསྲི ངས་བའི་ལྷད་མེད་ཀྱི་མཛའ་བ།།


སྣང་བའི་མཚན་ལྗོངས་ལ་དུད་པའི་སྟོན་དུས་ཀྱི་ལོ་འབྲས།།

རང་སེམས་ཕ་མཐའ་ནས་རྒུམ་པའི་ཐོ་རངས་ཀྱི་སྐྱ་མདའ།།

ལ་ཁའི་སྤྲིན་པ་ལ་འདྲེས་པའི་ཚིག་ཚོགས་ཀྱི་ལུག་ཁྱུ།།

ཇག་མལ་རིང་མོ་ལ་ཞུགས་པའི་བྱབས་ཁྲུས་ཀྱི་ཚིལ་ལུ།།


བསྐལ་བ་ཚེ་རབས་ལ་བསགས་པའི་ལས་འབྲས་ཀྱི་འུ་གཉིས།།

དུང་ཤགས་འཁོར་བ་ལ་བསྙལ་བའི་ནས་ཆང་གི་རོ་བཅུད།།

ཉི་ཟླའི་འཆར་ནུབ་ལ་བཏབས་པའི་འཇིག་རྟེན་གྱི་སྣང་བ།།

གཅིག་སེམས་གཅིག་ལག་ན་གཅེས་པ་དམ་ཚིག་གི་མདུད་དོ།།


དུར་ཁྲོད།

རི་འདིའི་ཕར་ནང

ངུ་ངག་གི་གནམ་ས་འགེང་བའི་དུར་ཁྲོད་ཅིག

ངས་ཅིག་མ་ཤོད་པར་འདི་རུ་ཐོན་དུས

ད་གཟོད་ངུ་མ་མྱོང་བའི་ངུ་ངག་ཅིག་གྱེར་ན་འདོད

བཤད་མི་ཕོད་པའི་རུལ་སོང་གི་ཁ་ཚིག་ཅིག་བཙོ་སྦྱང་བྱེད་ན་འདོད


འབྲོག་མོ།

སྨན་དྲིའི་དྲི་བསུང་འཐུལ་བའི་འབྲོག་སྡེ་ན།།

རྫི་གཞས་རི་ལ་འགུག་པའི་ན་ཆུང་མ།།

ངང་སྒུག་རེ་བའི་ཀློང་ན་འཛུམ་གྱི་ལེ།།

བྱང་ལྭ་དངུལ་དཀར་བར་ནས་ཟུར་མིག་གློད།།

ཡ་ཆུང་འོད་ཀྱི་འཇའ་རིས་ཁྱོད་ལེ་སུ།།


གཡང་དཀར་ཐང་ལ་བཀྲ་པའི་སྨུག་ལུང་ན།།

མེ་ཏོག་ཐང་མར་བརྡལ་བའི་སྤང་གཞུང་ན།།

རེས་ལྕག་ཞྭ་མོ་བསླ་བའི་སོ་དཀར་མ།།

གཡུ་ཡི་རྣ་ཏོག་སིལ་སིལ་ཞེ་ལ་ལྷུང་།།

གཏམ་རྒྱུད་གཏན་ཚིག་འཐུ་བའི་རྗེ་མོ་མ།།


འབྲི་མོའི་འོ་ཤག་གང་བའི་རྩྭ་ཐང་ན།།

ལག་ཟུང་འོ་ཟེའི་ཁ་ན་ལྡེམ་ལྡེམ་འཁྱུག།

མིག་ཟུང་ཀེམ་ཀེམ་བར་ནས་སྐད་ཆ་འོང་།།

ཇ་དཀར་འོ་ཇའི་དྲི་བསང་ཞིམ་ཞིམ་ལུད།།

འབྲོག་རའི་བུ་མོ་ཤ་དང་རུས་གསེང་ཉུལ།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།