ཀྲུང་གོ་བོད་ཀྱི་དྲ་བ།

བྱང་གྲོལ་གྱི་སྙན་ངག་བདམས་བཀོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བྱང་གྲོལ།   སྤེལ་དུས། : 2018-05-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1526977784588798.jpg

བྱང་གྲོལ།  དངོས་མིང་ལ་ཏིང་འཛིན་རབ་བརྟན་ཟེར། ལོ་རབས་བརྒྱད་ཅུ་བའི་སྨད་དུ་རེབ་གོང་བྱང་ཆུབ་སྡེ་བར་སྐྱེས་ཤིང་།  2010ལོར་མཚོ་སྔོན་མི་རིགས་སློབ་ཆེན་བོད་སྐད་ཡིག་སློབ་གླིང་ནས་དངོས་གཞི་སློབ་མཐར་ཕྱིན་པ་དང་། 2016ལོར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་རྒྱ་བོད་ཡིག་སྒྱུར་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མཐར་ཕྱིན།  བརྩམས་ཆོས་ལ་སྙན་ངག་དང་སྒྲུང་ཐུང་། སྒྱུར་རྩོམ་སོགས་མང་དུ་མཆིས་ཤིང་འགའ་ཞིག་ཚགས་དེབ་སྟེང་དུའང་བཀོད་མྱོང་། འཛམ་གླིང་བསྟན་བཅོས་གྲགས་ཆེན《དམིགས་ཡུལ་གྱི་སྟོབས་ཤུགས》ཞེས་པ་བོད་ཡིག་ཏུ་བསྒྱུར་ནས་པར་དུ་བསྐྲུན།  ད་ལྟ་རྨ་ལྷོ་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་ཨ་མདོ་བརྙན་འཕྲིན་དུ་ལེ་ཚན་མདོ་འཛིན་པའི་ལས་ཀ་གཉེར་ཀྱིན་ཡོད།


གཏམ་གྱི་རྣ་ལོང་།

                              རང་ཉིད་ལ་སྨྲས་པ།

ཁ་སང་བྱུང་ཟིན་པ་དག་མ་གླེང་རོགས

དེ་ནི་ལོ་རྒྱུས་སུ་གྱུར་ཚར་བས

ཁྱོད་གླེང་མཁན་ཡོད་ངེས་ལ་བརྗེད་ཟིན་པ་ཁ་ཤས་ཀྱང་ཡོད

དེ་ནི་ཁྱོད་ཀྱི་ལག་རྗེས་ཀྱི་ཆེ་ཆུང་ཙམ་མིན་པར

འཇིག་རྟེན་གྱི་ལགས་སོ་ཞུ་སྟངས་ཤིག་རེད


མ་འོངས་པར་འཕྲད་སྲིད་པ་ཁ་ཤས་ལ་མ་གཡོལ་ཞིག

མདུན་དུ་བསྐྱོད་རྒྱུ་ནི་འགན་འཁྲི་ཡིན་ན

མདུན་དུ་ཅིས་ཀྱང་བལྟ་དགོས

མདུན་ཕྱོགས་སུ་འོད་སྣང་ཡོད་ལ་མུན་ནག་ཀྱང་ཡོད་ངེས་པས

རང་གི་གདམ་སྟངས་ལ་རག་ཡོད

འོན་ཀྱང    འོད་ཡིན་པ་ཡོད་ཚད་ཀྱང་བདེན་པར་མ་འཛིན་རོགས

དེའི་ཤག་ཏུ་ཅི་ཞིག་སྦས་ཡོད་མེད་ལ་ཅིས་ཀྱང་བསམ་གཞིགས་གཏོང་དགོས


འོལ་ཚོད་ཀྱིས་ཀྱང་མ་རྒྱུགས་རོགས

རྐང་བས་ཟིན་པའི་ལམ་ཐག་ག་ཚོད་ཅིག་ཡོད་ཨང

ཉམ་ཡང་མི་ཆུང་བར་བགྱི་རོགས

མིག་ཟུང་ཆ་གཅིག་ཡོད་བཞིན་དུ

རང་ཉིད་ཀྱིས་བདེན་པ་བརྡར་ཆོག་ཆོག་ཡིན

སྨྲ་ལྕེ་མ་འགག་པའི་ནང་ཚུན་དུ

ཁྱོད་ཀྱི་ཞེ་ན་ཡོད་པ་དེ་དུར་དུ་སྦ་མི་རུང

ད་དུང    མགོ་བོ་ཡང་དགྱེ་མི་རུང

ས་མཐའི་གླུ་བ་དེའི་འབྲུ་ལ་ཅིས་ཀྱང་ཉན་དགོས

གདངས་སྙན་རྒྱུ་མེད་ཀྱང་འབྲུ་ལ་དོན་ཞིག་ཡོད


ཟློས་གར་ལ་མཁས་པར་གྱིས

ཁྱོད་ཀྱི་འཁྲབ་རྩལ་ལེགས་པས་མིན་ཡང

འཇིག་རྟེན་དུ་ལྟད་མོ་བ་ཧ་ཅང་མང

དེ་དག་ལ་འདོད་པ་ཡང་སྣ་ཚོགས་པ་ཞིག་ཡོད

གླུ་རེ་ཡང་ལེན་གི་སྡོད

འབྲུ་ལ་ཅི་ཞིག་འཇོག་ཀྱང་བདེན་གླུ་མ་ལེན་རོགས

ཁ་སང་དེ་རིང་བྲིན་ཆེ་བ་ནི་བསྟོད་གླུ་ཡིན་པ་འདྲ

ད་དུང་ཡང་གདམ་བསེས་ཡག་པོ་བགྱི་རོགས

འཇིག་རྟེན་ན་ཀུ་ཡངས་གཏོང་མཁན་ཤིན་ཏུ་ཉུང


མིག་ཟུང་གཙང་མར་འབྱིད་རོགས

ཡོལ་བའི་ཤག་གི་ཟློར་གར་དག་ནི་དོན་ཟབ

འཁྲབ་སྟོན་པའི་གདོང་ལ་ཚོན་བྱུགས་པས

ཅིས་ཀྱང་དམར་ཤ་ཆགས་པའི་ངོ་གདོང་དེ་འཚོལ་རོགས

གལ་ཏེ    ཅིས་ཀྱང་མི་མཐོང་ན་སེམས་ལ་མིག་སྤྲད་པར་བྱ

མིག་ཟུང་ག་ཚོད་ཡོད་ཀྱང་འཇིག་རྟེན་ལ་བལྟས་མི་ཚར

ད་དུང    རྒྱུན་དུ་ཁྲུས་གསོལ་གནང་བར་བྱ

གྲོང་ཁྱེར་གྱི་རུལ་དྲི་འགོ་སླ་ཡང་འདག་དཀའ

དེ་དུས་ཕ་མེས་དྲན་ཡང་མི་ཕན

བླ་མ་བོས་ཀྱང་མི་ཐོས་པས

རང་ཉིད་ཀྱིས་བསམ་ཤེས་བྱེད་དགོས


སེམས་བདེ་བག་ཕེབས་ཀྱིས་ངལ་རེ་གསོ་རོགས

གང་མང་ཞིག་གི་ཆེད་དུ་ཁྱོད་ཀྱིས་འོ་བརྒྱལ་མྱངས་ཡོད

རང་ཉིད་ལ་བཀའ་དྲིན་ཞུ་མཁན་ཉུང་ཡང

ཁྱོད་ནི་ཉུང་ངུའི་ཁྲོད་ཀྱི་ཉུང་ངུ་དེ་བཅོས་ཆོག

ཉན་ཤེས་ན་དེའི་ཕུགས་ན་གོ་རྒྱུ་ཞིག་ཡོད

ལྟ་ཤེས་ན་དེའི་གསེབ་ན་རིག་རྒྱུ་ཞིག་ཡོད


ངག་ནས་ཤོད་དགོས    ལག་ནས་འབྲི་དགོས

དགོས་པ་སྐོར་ཞིག་ཡོད་པ་ལ་རྒྱུ་མཚན་ཅི་ཡང་མི་མཁོ

གནས་ལུགས་དེ་ཁྱོད་ཀྱིས་སྔ་མོ་ནས་རྟོགས་ཡོད་ན

དེ་ནི་ནོམ་དུ་བརྩི་རོགས    རྒྱན་དུ་འདོགས་རོགས


འཇིག་རྟེན་དུ་རུང་བ་དང་མི་རུང་བ་ཧ་ཅང་མང

དེ་དག་ལ་ཚད་ཐིག་ཀྱང་དྲང་ཤ་ལེར་ཡོད

གང་ལྟར    ཁྱོད་ཀྱིས་སྙན་ངག་འབྲི་རྒྱུ་མ་བརྗེད

བསམ་བློ་གཏོང་རྒྱུ་མ་བརྗེད

གང་ལྟར    ཁྱོད་རང་མདུན་དུ་བསྐྱོད་རྒྱུ་མ་བརྗེད

སྔོན་ལ་སླེབས་རྒྱུ་མ་བརྗེད


གྲོང་ཁྱེར་གྱི་ང་།


གྲོང་ཁྱེར་ན་རླངས་འཁོར་དང་ཁང་བརྩེགས་མང

མི་ཡང་ཧ་ཅང་མང

གྲོང་ཁྱེར་ན་ཚོང་ཁང་དང་སྨན་ཁང་མང

ནད་པ་ཡང་ཧ་ཅང་མང

གྲོང་ཁྱེར་ན་ཟ་ཁང་དང་སྨད་འཚོང་ཁང་མང

སྨད་འཚོང་མ་ཡང་ཧ་ཅང་མང

གློག་གཟིམས་རྗེས་ཀྱི་ཁོར་ཡུག་ན

འུག་པ་ཡང་ཧ་ཅང་མང


ང་ཡང་གྲོང་ཁྱེར་གྱི་གྲུབ་ཆ་ཞིག་ཡིན

ངས་ཀྱང་གྲོང་ཁྱེར་གྱི་དཔལ་ཡོན་ལ་ལག་རྗེས་ཕབ་མྱོང

ངས་ཀྱང་གྲོང་ཁྱེར་གྱི་གད་སྙིགས་ལ་ཁ་སྣོན་བྱས་མྱོང

གྲོང་ཁྱེར་གྱི་པང་ན་ང་རང་ཧ་ཅང་ཆུང

ང་ལྟ་བུའི་མི་ཆུང་ཡང་ཧ་ཅང་མང


མིག་ཚེར་མ་ཅན་དག་གིས་བལྟས་བལྟས་ནས

ང་ཇེ་ཆུང་དུ་ཕྱིན

ཁ་ཉིས་བརྩེགས་ཅན་དག་གིས་བཤད་བཤད་དེ

ང་ཇེ་འཇམ་དུ་ཕྱིན་ཚར

སྐད་མ་བོར་བ་ཙམ་དང་སྲོལ་མ་ཉམས་པ་ཙམ

ངས་བྲོ་རུ་བཟུང    མཚོན་དུ་བསྣམས


ང་ཞོགས་པ་རེ་རེར་མལ་ལས་ལངས་རྗེས

ཁ་བཏོན་སྟབས་བདེ་རེ་འདོན་ཁོམ་ཡང་མ་བྱུང་ལ

ང་དགོང་མ་རེ་རེར་གཉིད་ལ་ཞུགས་རྗེས

སྤྱི་བསྡོམས་ཤིག་བྱ་དུས་དེ་རིང་ཡང་ངས་ཅི་ཡང་འགྲུབ་མི་འདུག

ཟས་ཐུན་གསུམ་མ་བརྗེད་པ་ལས་ཅི་ཡང་འཁྱོངས་མི་འདུག

ཤར་གྱི་དཔེ་ཁང་དང་ནུབ་ཀྱི་ལྷ་ཁང

བྱང་གི་མཆོད་རྟེན་དང་ལྷོ་ཡི་དུར་ཁྲོད

དབུས་ཀྱི་སྲང་ལམ་ཡོད་ཚད་ན

ང་འཛུལ་ཆོག་ཆོག་གི་སྒོ་ཆུང་ཞིག་ཀྱང་མེད་པར

ང་ང་རྒྱལ་གྱིས་ཙོག་ཆོག་སའི་རྐུབ་སྟེགས་ཤིག་ཀྱང་མི་འདུག


མུན་ནག་གི་ཁ་དོག་ཁོ་ན་ལ་སེམས་པ་གླན་ནས

རྒྱང་རིང་ཞིག་ལ་ཉན་ནས་ཅེར་དུས

རྒྱང་རིང་གི་ས་དེའང་གྲོང་ཁྱེར་དུ་གྱུར་ཅིང

དེ་ག་ནའང་ང་ལྟ་བུ་ཧ་ཅང་མང་སྐད


ང་ཨ་ཐང་ཆད་འདུག

གྲོང་ཁྱེར་གྱི་ང་འཚོ་བའི་ཆེད་དུ་ཨ་ཐང་ཆད་འདུག

ང་ཞེ་སེམས་སྡུག་སོང

གྲོང་ཁྱེར་གྱི་ང་ཁྱེད་ཚོའི་ཆེད་དུ་ཞེ་སེམས་སྡུག་སོང


ང་མཚམས་ལན་རེར་འུག་པ་ལ་དགའ།


འུག་པ་ནི་མཚན་ལྗོངས་ཀྱི་སོ་སྲུང་བ་ཡིན

མུན་ནག་གི་ཟབ་ས་ན་སྐུང་བ་དག་ཀྱང

འུག་པའི་མིག་ལམ་ན་ཧ་ཅང་གསལ

ཡིན་ཡང    འདི་ནི་ང་འུག་པ་ལ་དགའ་བའི་རྒྱུ་མཚན་མིན


འུག་པ་ལ་མངོན་ལྐོག་མེད

ཧ་ཅང་ཚུལ་འཆོས་ཀྱི་ང་ཚོ་བཞིན

ཉིན་དཀར་རྫུན་མདོག་གིས་ཉལ་ཞིང

མཚན་མོར་འདྲེ་རྟགས་སྟོན་མཁན་དག་མིན

འུག་པ   ནམ་ཡང་མཚན་མོར་གྲགས་ཤིང

མཚན་མོར་རྒྱུ་བས

ཁོའི་གཞུང་དྲང་གི་གཤིས་ཀ་ལ་ང་ཚོས་སློབ་སྦྱོང་བྱ་འོས

འུག་པའི་སྙིང་སྟོབས་ཀྱང་གླེང་རིན་ཡོད་པ་ཞིག་ཡིན


འུག་པ་ལ་དབྱེ་འབྱེད་ཀྱི་མིག་ཟུང་རྣོན་པོ་ཞིག་ཡོད

དེ་ནི་སྲང་འགྲམ་གྱི་ལྐོག་མིག་མིན་ལ

ལས་ཤག་གི་ཕྲག་དོག་དང་ང་རྒྱལ

གཡོ་ཧམ་དང་བསླུ་བྲིད་ཀྱིས་འཚེར་བའི་མིག་ཟུང་དེའང་མིན

དེ་ནི་ཏག་ཏག་གླེང་བཞིན་པའི་དྲང་བདེན་གྱི་མིག་ཟུང

འདྲ་མཉམ་གྱི་མིག་ཟུང    རྒྱུ་འབྲས་ཀྱི་མིག་ཟུང


དཀར་ཟས་ལ་རོལ་བ།


སྲོག་གཅོད་པ་ལ་འཛེམ

ཤ་ཁྲག་བཞེས་པ་ལ་འཛེམ

ངག་ནས་ཅི་ཡང་སྨྲ་བས་སྡིག་པ་དེ་ཡང་ལོས་ལྕི་ཨང

ཁོག་ནས་ཅི་ཡང་དྲན་པས་ཉེས་པ་དེ་ཡང་ལོས་ཡོད་ཨང


ཤ་ཁྲག་བཅད་ནས་འོ་མ་བཞེས

བེའུ་དེ་ཡང་སྙིང་རེ་རྗེ

གལ་ཏེ་དེས་ཀྱང་སྐད་ཆ་བཤད་ཤེས་ཚེ

ཁྱོད་ཚོར་དཀར་ཟས་ཆོད་ཅིག་ཅེས་ཞུ་ན་ཐང


སེམས་ནི་བདེ་ལ་བབས

ལུས་ནི་ལྷོད་ལ་བབས

ངག་ནི་བཅད་གྱུར་ན

དཀར་ཟས་ལ་མ་རོལ་ཡང་དགེ་བ་ནི་ཡོད་འགྱུར་རོ


ཚུལ་འཆོས།


ཙི་གུ་རྔ་རིང་མ་དེས

རྒང་ཡིན་ཁུལ་གྱིས་སྤྲུག་སྤྲུག་ཇི་འདྲ་བྱས་ཀྱང

བྱི་ལས་སོ་གཙིགས་དུས་སུ

སྔར་བཞིན་རྔ་མ་ལག་ཏུ་བཟུང་ནས་འབྲོ་དགོས་ལ་ཐུག་ཡོད


བྱི་ལ་ཁ་སྤུ་ཅན་དེས

སྟག་ཡིན་འདང་གིས་རྫིག་རྫིག་ཇི་འདྲ་བྱས་ཀྱང

ཙི་གུ་ཉམ་ཆུང་དེ་མཐོང་དུས་སུ

སྔར་བཞིན་ངོ་ཚ་རྒྱབ་ཏུ་གཡུགས་ནས་བདའ་དགོས་ལ་ཐུག་ཡོད


དེ་བཞིན་བོང་རྒན་སྐྱ་རྡང་ལ་གསེར་སྒ་བསྟད་ཀྱང

ཅང་ཤེས་རྟ་རུ་མི་འགྱུར

གདོང་ལ་ཚོན་ཇི་ལྟར་བྱུགས་ཀྱང

ཁྱོད་ཀྱང་སྔར་བཞིན་ཁྱོད་ཡིན


ཡིད་ཆེས།

                འབྲོག་མོ་ཞིག་གི་རྗེས་སུ་བལྟས་པ།

ཁྱོས་གང་ལ་བལྟ་གི་ཡོད་དམ

རྒྱང་རིང་ན་ཅི་ཞིག་ཡོད

ཡུལ་ལྗོངས་ལས་ལྷག་པ་ཅི་ཞིག་ཡོད

ངས་ཅི་ཡང་མ་མཐོང་མོད

ཁྱོད་ཅེར་ས་ན་ཅིས་ཀྱང་ཅི་ཞིག་ཡོད་སྲིད་པས

ང་ཡང་ཅེར་ཅེར་ལ་ཡོད

དེ་ནི་ཡིད་ཆེས་ཡིན

དེ་ནི་དུངས་ཤ་ཡིན


ཁྱོས་གང་ལ་བལྟ་གིན་ཡོད་དམ

ཕ་གི་ན་ཅི་ཞིག་འདུག་གམ

ཁྱོད་ལས་ལྷག་པ་ཅི་ཞིག་འདུག

ངས་ཁྱོད་ལས་ཅི་ཡང་མ་མཐོང

ང་རྒྱང་ལ་ཅེར་ཡང་ཁྱོད་ཁོ་ན་མཐོང་བས

ང་ཁྱོད་ལ་ཅེར་ཅེར་ལ་ཡོད

དེ་ནི་བརྩེ་བ་ཡིན

དེ་ནི་དུངས་ཞེན་ཡིན


ཁྱོས་གང་ལ་བལྟས་ཀྱང    ཅི་ཡང་མེད་ཀྱང

ངས་ཁྱོད་ལ་བལྟས་ཡོད

ཡང་ན་ཁྱོད་རང་ཅེར་སར་ཅེར་ཡོད

དེ་ནི་ཡིད་ཆེས་ཡིན


རེབ་གོང་ན་གཏམ་རྒྱུད་ལུས་འཕྲོ་ཞིག་ཡོད།


སྨད་ཀྱི་ལོ་རྒྱུས་སྟོད་ལ་འབྲི་འགོ་ཚུགས་པ་ནས

མི་མང་པོ་ཞིག་ལམ་ནས་ལུས

སྐད་མང་པོ་ཞིག་རི་ནས་ལུས

དོན་མང་པོ་ཞིག་ཁོག་ནས་ལུས

གཏམ་རྒྱུད་ལུས་འཕྲོ་ཞིག་ཀྱང་ཡོད


རེབ་གོང་གི་གཏམ་རྒྱུད་དེ

གླུ་རུ་ལེན་མ་ཕོད

ལྷ་རུ་བཞེངས་མ་ཐུབ

བྲོ་རུ་འཁྲབ་མ་ཐུབ

རེབ་གོང་སྒྱུ་རྩལ་གྱི་ཞིང་ཁམས་ཡིན་དུ་ཆུགས་ཀྱང


རེབ་གོང་གི་གཏམ་རྒྱུད་དེ

ཞབས་དཀར་པའི་སྐད་ཀྱིས་ལོངས་ཀྱང་མགུར་དུ་བཞེངས་མ་ཚར་བ་དེ

དགེ་ཆོས་ཀྱི་རྣམ་དཔྱོད་ཀྱིས་ཕྲིས་ཀྱང་དབང་གིས་མ་ལོངས་པ་དེ

སྒེའུ་སྟེང་ཚང་གི་རིག་པས་ཆོད་ཀྱང་བཀའ་ཡིས་མ་ཟིན་པ་དེ

མི་དམངས་ཀྱི་སེམས་ན་ཡོད་ཀྱང་ངག་ནས་མ་ཤོད་པ་དེ

རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་ཡིན་དུ་ཆུགས་ཀྱང

 

ད་ལྟ་ཡང    གྲུབ་གནས་བརྒྱད་ན་རྟ་སྐད་འཚེར་རྒྱུ་ཡོད་ཀྱང

སྒྲོལ་མའི་ཞལ་ནས་བདུད་རྩི་བབས་མྱོང་ཡང

རེབ་གོང་གི་ལྷིང་འཇགས་དཀྲོགས་མཁན་ནི་གཅེས་ལོ་ཁོ་ན་རེད

དེ་རིང་ཡང་སྨྱོ་རྟགས་འདྲེས་མའི་ངང་ན་འུར་རྒྱག་གིན་འདུག

རྩོམ་སྒྲིག་པ། : ཀླུ་མོ་མཚོ།