ཀྲུང་གོ་བོད་ཀྱི་དྲ་བ།

གལ་ཏེ་ང་རང་ཁེར་རྐྱང་གིས་ཤི་སོང་ཚེ།(ཞར་བཀོད་གཉིས)

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཁེར་བུ།   སྤེལ་དུས། : 2018-07-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གལ་ཏེ་ང་རང་ཁེར་རྐྱང་གིས་ཤི་སོང་ཚེ

ཨ་ཅེ་ལགས ཡིད་སེམས་མི་སྐྱོ་རོགས

ང་ནི་བྱིས་དུས་སུ་ལོག་ཚར་བ་ཡིན

ངེད་གཉིས་ཀྱིས་བྱིས་དུས་ཤིག་ཏུ་ཕན་ཚུན་ངོ་ཤེས

བྱིས་དུས་ནི་ངའི་གདོད་མའི་ཕ་ཡུལ་དེ་ཡིན་འདུག

བྱིས་དུས་ནི་ངའི་མི་ཚེ་ལས་ཀྱང་རིང་འདུག

གལ་ཏེ་ང་རང་ཁེར་རྐྱང་གིས་ཤི་སོང་ཚེ

ཨ་ཅེ་ལགས མཆི་མ་མི་གདོན་རོགས

ང་རང་ལམ་བར་དུ་ཤི་བ་ཡིན

ང་ནི་མ་གཞི་ནས་འཇིག་རྟེན་འདིའི་ལམ་པ་ཞིག་སྟེ

ལམ་གྱི་མཐའ་རུ་རེ་ཆད་དང་སྐྱོ་དུབ་ལུས་པས་ཡིན

ལམ་གྱི་ཁྲོད་དུ་ཁེར་རྐྱང་དང་སྡང་སྡིགས་མོད་པས་ཡིན

གལ་ཏེ་ང་རང་ཁེར་རྐྱང་གིས་ཤི་སོང་ཚེ

ཨ་ཅེ་ལགས ང་ཡི་བརྩེ་འཕྲིན་དག་མེ་ལ་བསྲེག་རོགས

ང་ཡི་སྙན་ངག་དང་ཁེར་བུ་ཞེས་པའི་མིང་བྱང་དེ་ཡང་མེ་ལ་བསྲེག་རོགས

ངས་སྔ་མོ་ནས་འཇིག་རྟེན་འདིའི་ཁེར་རྐྱང་གི་ཕྱི་གོས་གྱོན་ཚར

ངས་སྔ་མོ་ནས་སྐད་འགྲགས་ཀྱི་གླུ་གཞས་ལ་ཚེ་སྲོག་གི་རམ་བུ་བཏེགས་ཚར

ངས་སྔ་མོ་ནས་འཆི་བ་ཞེས་པའི་རྨི་ལམ་སྲབ་བུ་དེར་སྟ་གོན་བྱས་ཚར

གལ་ཏེ་ང་རང་ཁེར་རྐྱང་གིས་ཤི་སོང་ཚེ

ཨ་ཅེ་ལགས ང་ཡི་རུལ་ཐལ་བར་སྣང་དུ་གཏོར་རོགས

ཞིང་གྲོང་འདིའི་བར་སྣང་དུ་གཏོར་རོགས

རྨོ་མོ་ལགས་སྐྱེས་ཤིང་ཤི་བའི་ཞིང་གྲོང་འདི་རུ

ངག་མི་སྨྲ་བའི་གླུ་བ་ཞིག་གི་བསྔོ་ཡིག་ཡོད

ཕུགས་བསམ་རིང་ལུགས་པ་ཞིག་གི་ཤི་རྐྱེན་ཡོད

གལ་ཏེ་ང་རང་ཁེར་རྐྱང་གིས་ཤི་སོང་ཚེ

ཨ་ཅེ་ལགས ང་རང་བརྗེད་པར་གྱིས་རོགས

སྐྱོ་དུབ་ཀྱི་འགྲུལ་བཞུད་ཐུང་ངུ་འདིའི་ནང་དུ

ངས་གསོན་པའི་དཀའ་སྡུག་སུ་ལའང་བཤད་མེད

བརྗེད་ངས་ནི་དྲན་པ་ལས་རིང་བ་བཞིན་དུ

ཁྱོད་ཡོད་པས་ང་རང་ཁེར་རྐྱང་གིས་ཤི་ཆོག་ཨང


ཟླ་དགུ་པ།


མེ་ལྕེ་ཐམས་ཅད

འབར་ཞུན་གྱི་རྩེ་མོ་ནས་ཟླུམ་པོར་གྱུར

སྟོན་ཁའི་ཁ་གཏད་དུ

ལོ་ན་བཅོ་ལྔའི་མིག་ཟུང

བུ་མོ་ཞིག་གི་བརྩེ་འདང་དང

རྨོ་མོའི་ལག་ཟུང་གིས་བཀབ་རུང

ཨ་ཕ་འགྲོ་བའི་རྒྱབ་གཟུགས་ཡང་ཡང་ཐོས་ཐུབ

ངོ་གདོང་གི་ཚོགས

སྟོན་ལོ་རེ་རེ་བཞིན

ཡལ་ག་ནས་སྨིན་ཞིང་ཡལ་ག་དང་གྱེས

རྨོ་མོ་ཞེས་པའི་སྟོན་ལོ་དེ་ཡང

ཨ་ཕ་ལགས

ཕྱིར་ལོག་དུས

ཨ་ཕ་བཞིན་སྔར་བཞིན་ང་ཚོའི་དཀྱིལ་དུ་ལོག་རོགས

དཔེ་ཅོག་སྟེང་གི་ཁོ་ཧྥེ་དང་ཐ་མག

ད་དུང་སྨྱུ་གུ་ནག་པོ

སྟོན་ལོ་ཕྱགས་མཁན

ཚག་སྒྲ་ཞིག་དང་ལྷན་དུ

སྟོན་གྱི་གོམ་སྒྲ་ཉེ་བའི་གོ་རིམ་ནང

ཨ་ཕ་ཕྱིར་ལོག་བྱུང

རྨོ་མོ་ཤི་སོང


གཏེར་ལེན་ཁའི་མཚན་མོ།

——སྙན་ངག་པ་ཧེ་ཙི་ལ།

གཏེར་ལེན་ཁར་འབྱོར་དུས

མཚན་ཆར་ཤག་ཤག་ཏུ་འབྱོ་བཞིན་འདུག

ཁྱེད་ནི་སྔ་མོ་ནས་རྒྱང་རིང་ལ་ལོག་ཚར

ང་ནི་ཞིང་གྲོང་ནས་ཐོན་པའི་སྙན་ངག་པ

དེ་སྔ་ངས་ཀྱང་སོག་རིགས་བུ་མོ་ཞིག་ལ

ཨ་ཅེ་ཞེས་བརྩེ་འཕྲིན་ཡང་ཡང་བྲིས་མྱོང

ད་ནི་ང་རང་འགྲོ་རན་ཞེས

སྙིང་ཉེ་བའི་ཕ་ཡུལ་དང་བུ་མོ་དག་ལ

ངས་ཀྱང་སྔ་མོ་ནས་བདེ་མོ་བཞག་ཚར

པཱ་ཡན་གཙང་པོའི་ངོགས་སུ་འབྱོར་དུས་

སྤྱིར་ཡིན་ན་རང་གི་གདུང་བ་དང་ཁེར་རྐྱང་མ་ལུས

གྱོན་གོས་བཞིན་ཕུད་དགོས་པ་ཡིན་མོད

འོན་ཀྱང

རང་ལ་དབང་ཆོག་ཆོག་གི

རང་ལ་ཐོབ་རུང་རུང་གི

བདེ་སྐྱིད་དང་ཉི་འོད་མཐའ་དག

གཏེར་ལེན་ཁའི་མཚན་མོ་དང་འདྲེས་པར་རྩོམ་དུས

གྲང་འདར་དང་ལྷན་དུ་ཨ་རག་ཧམ་འཐུང་བྱེད་བཞིན

རང་གི་མིག་ཆུ་སྤྱད་ནས་ནང་སེམས་ལ་མེ་ཕུང་འབྲི་མཁན་དེ་སུ

འབྲུ་རིགས་དང་བརྩེ་དུངས་ཁོ་ན་དྲན་མཁན་དེ་ཡང་སུ

ང་ཡི་རྒྱང་རིང་གི ཁེར་རྐྱང་གི སྐྱོ་དུབ་ཀྱི་སྙན་ངག་པ་ལགས

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།