ཀྲུང་གོ་བོད་ཀྱི་དྲ་བ།

ངོ་གནོང་བ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : དཔོན་ཚང་རྡོ་རྗེ་ཚེ་བརྟན།   སྤེལ་དུས། : 2018-08-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

འཚོ་བས་ང་ཚོ་སྐྱིད་ལ་བསྐུར

ཡུལ་མི་ཚོས་ཚ་གདུག་ཆེན་པོའི་ཐུ་འོག་ནས་སོ་ནམ་བྱེད

ཡུལ་མི་ཚོས་ཆར་རླུང་དྲག་པོའི་སོ་ཁ་ནས་ཕྱུགས་རྗེས་འདེད

འོན་ཏེ ང་ཚོས་ཉི་འོད་འཇམ་ས་ཞིག་ནས་ཁོ་ཧྥེ་འཐུང་ཞོར

ཡུལ་མི་ཚོའི་དཀའ་སྡུག་དང་རྔུལ་ཆུ་མཐའ་དག་བརྗེད་པར་བྱས

ང་ཚོ་མདང་གི་ཤ་ཁྲག་ལྟ་བུའི་རྨི་ལམ་ར་རོ་དང

ལྟ་འཕྲོར་ལུས་པའི་གློག་བརྙན་ལ་ཆགས་ནས

ཉིན་གཅིག་གི་བྱ་བའི་གོ་རིམ་འཆོལ་བར་བྱས

ཚེ་གཅིག་གི་འཆར་གཞིའི་རི་མོ་ནོག་པར་བྱས

དེ་ལྟ་ནའང ང་ཚོས་སྔར་བཞིན

རང་སེམས་རང་གིས་གསོ་བཞིན་བསོར་འདུག་ཨང

པ་ལགས་ཀྱིས་ཕ་ཡུལ་ནས་ཁ་པར་ཡོང་གིན་པའི་དུས་སུ

ང་ཚོས་མི་ཁོམ་པའི་ཚུལ་གྱིས

རྒྱུ་མཚན་མང་པོ་ཞིག་མདེའུ་བཞིན་འཕངས

གློག་འོད་ཟ་ཟི་ཁྲོད་ཀྱི་ཆང་ཁང་སྔོན་པོ

ང་ཚོ་མཆུ་རྩི་དམར་པོ་བྱུགས་པའི་སྒེག་མ་ཚོར་ཧད་ཅིང

ཆང་ཕོར་དག་ཕན་ཚུན་ལ་ཡང་ཡང་གླན་དུས

རྨི་ལམ་གྱི་རི་མོ་ནི

ལག་མཐིལ་གྱི་ཁ་བ་ལྟར་འཇིག་འགྲོ་བཞིན་པ་མ་ཚོར

དུས་དང་དུས་མིན་དུ

ང་ཚོ་ཟས་ཅོག་གོར་མོ་རེའི་མཐའ་རུ་འཛོམས་དུས

ཅི་བྱ་གཏོལ་མེད་ཀྱི་སེམས་པ་དག་ཁོང་དུ་སྦེད་ཅིང

ཡོད་ཚད་རང་གི་ལག་མཐིལ་དུ་ཡོད་སྙམ་པའི

ཧམ་ཤེད་ཀྱི་གད་མོ་ཐག་ཐག་འབྱིན་པར་བྱེད

ང་ཚོས་རྟོག་བཟོའི་སྒྱུ་འཕྲུལ་ལ་བརྟེན་ནས

རང་ཉིད་ལ་ཡིད་དུ་འོང་བའི་མ་འོངས་པ་རེ་བཞེངས་ཤིང

དེ་ཉིད་བདེན་པར་འཁྲུལ་ནས

སྟོང་སེམས་ཀྱི་གཟེབ་དྲ་ལས་ཕྱིར་འབུད་མ་ནུས

མདུན་ཕྱོགས་སུ་ཅི་ཙམ་ཅེར་ཡང

ཡོད་ཚད་རབ་རིབ་མག་མོག་ཅིག

ཡོད་ཚད་གོ་མེད་ཚོར་མེད་ཀྱི་ངང་དུ

དངོས་ཡོད་ཀྱི་འགྲམ་ལྕག་ཚ་བེར་བ་ཞིག་གིས

ང་ཚོར་ཕ་ཡུལ་ཞེས་པ་ཞིག་ཝ་ལེར་དྲན་པར་བྱས

འཚོ་བས་ང་ཚོ་སྡུག་ལ་སྦྱར

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།