ཀྲུང་གོ་བོད་ཀྱི་དྲ་བ།

ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡུམ་ཆེན་ཡབ་གཞིས་བསོད་ནམས་སྒྲོལ་མ་མཆོག་སྐུ་གཤེགས་ནས་བགྲང་བྱ་དྲུག་འཁོར་པའི་རྗེས་དྲན་དུ་ཕུལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གཅོད་པ་དོན་གྲུབ།   སྤེལ་དུས། : 2018-08-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信截图_20180825213931.png

སྐྱེ་པ་དུ་མར་བསགས་པའི་བསོད་ནམས་ལས།།

འཛམ་གླིང་གཙུག་གི་ཆོས་ཀྱི་རྒྱལ་པོ་ཞིག།

མ་ཡུམ་ཆེན་པོའི་སྲས་སྐལ་གནང་བ་འདི།།

གངས་རིའི་བོད་པའི་ལེགས་བྱས་གྲུབ་པར་མངོན།།

རིན་ཆེན་ནོར་བུ་འབུམ་གྱིས་བླུ་ཐབས་མེད།།

གླང་ཆེན་སྟོབས་དང་འདྲ་བས་འཕྲོག་མི་ནུས།།

གོང་མ་ལྷ་ཡིས་རྒྱལ་སྲས་ཁྱེད་ལ་གནང་།།

སྒྲོལ་མ་དཀར་མོའི་རྣམ་སྤྲུལ་ཁྱེད་ལ་འདུད།།

གཟའ་སྐར་འཕྲོད་སྦྱོར་ལེགས་པའི་ལོ་ཟླ་སྟེ།།

རབ་བྱུང་བཅོ་ལྔའི་མེ་འབྲུག་ཟླ་བཞིའི་ནང་།།

མདོ་སྨད་བིས་མདོའི་བྲེ་ཚང་རིགས་རྒྱུད་ལ།།

རྟགས་མཚན་སྟོང་གིས་བརྒྱན་ནས་སྐུ་གཟུགས་བལྟམས།།

རིགས་རུས་མཆོག་གྱུར་ཅན་གྱི་སྐྱེ་བ་བཞེས།།

སྐུ་ན་ཆུང་བའི་དུས་ནས་བློ་རིག་གསལ།།

གཞན་ཕན་ལྷག་བསམ་སྒྲུབ་པར་རིང་ནས་གོམས།།

རྒན་བཀུར་ཆུང་གཅེས་སྲོལ་བཟང་རྒྱུད་ན་ངེས།།

ཁོ་མོ་གཞོན་ནུ་ལང་ཚོའི་མེ་ཏོག་རྒྱས།།

སྟོང་དཔོན་གུར་མགོན་ཚེ་བརྟན་གཞོན་དཔལ་དར།།

ལས་འབྲས་གསེར་གྱི་མདུད་པ་དམ་པོར་བཅིངས།།

གཉེན་སྟོན་ལྷ་དར་ནམ་མཁའི་དབྱིངས་ནས་འཐེན།།

རབ་བྱུང་བཅུ་དྲུག་ས་ཕོ་སྟག་གི་ལོར།།

སངས་རྒྱས་འོད་དཔོག་མེད་ཀྱི་རྣམ་སྤྲུལ་ཏེ།།

ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག།

ལྟས་བཟང་དུ་མས་བརྒྱན་ཞིང་མངོན་པར་འཁྲུངས།།

དེ་ནས་ལྷ་དང་བླ་མས་ལུང་བསྟན་གནང་།།

སྤྲུལ་སྐུ་འཚོལ་ཞིབ་འགྲོ་ལུགས་ཀུན་བསྒྲུབས་ནས།།

པཎ་ཆེན་སྐུ་ཕྲེང་བཅུ་བ་ངོས་འཛིན་མཛད།།

གསེར་ཁྲི་ཆེན་པོར་གསོལ་ནས་རྟེན་འབྲེལ་འགྲིག།

དུས་དེར་བཟུང་སྟེ་བཀུར་བསྟི་འཛད་མེད་ཀྱིས།།

ནང་མི་ཀུན་གྱིས་ཨ་མ་ཚང་ཞེས་འབོད།།

བྱམས་དང་སྙིང་རྗེ་སྔར་ལས་ལྷག་པར་གྱུར།།

ཐུགས་ཁྲེལ་བརྩོན་འགྲུས་སྔར་བཞིན་ལྷོད་མེད་མཆིས།།

གཅིག་སྟོང་ང་གཉིས་ལོ་ལ་རིན་པོ་ཆེ།།

བོད་ལྗོངས་ཕེབས་སྐབས་ཁོ་མོ་དང་ལྷན་དུ།།

མ་བུ་མཉམ་བྱོན་འཚོ་བཞེས་སྐལ་བ་ཐོབ།།

རིམ་པ་གསུམ་པའི་དཔོན་གནས་ཐོབ་ཐང་གནང་།།

གཅིག་སྟོང་ང་དྲུག་ལོ་ནས་མགོ་བཟུང་སྟེ།།

ཡབ་གཞིས་བསོད་སྒྲོལ་མཆོག་ལ་བོད་ལྗོངས་ཀྱི།།

སྲིད་གྲོས་ཀྲུའུ་ཞི་གཞོན་པའི་གོ་གནས་སྤྲད།།

རྒྱལ་ཁབ་ཆེན་པོའི་དོན་ལ་སྲི་ཞུ་བསྒྲུབས།།

ལྷག་པར་རྒྱལ་ཁབ་གོང་བུ་གཅིག་གྱུར་དང་།།

མི་རིགས་མཐུན་སྒྲིལ་བྱ་གཞག་བཅས་ཀྱི་ཐད།།

ནུས་ཤུགས་ཡོད་ཚད་བཏོན་ནས་མཐུན་རྐྱེན་བསྒྲུབས།།

གང་ཆེའི་མགོ་དཔོན་རྣམས་ཀྱིས་བསྔགས་པ་བརྗོད།།

ད་དུང་བོད་ཁུལ་བྱིངས་ཀྱི་བུད་མེད་རྣམས།།

སྣེ་ཁྲིད་མཛད་དེ་རིག་པའི་གསོ་སྦྱོང་དང་།།

མ་བུ་བདེ་ཐང་སོགས་སུ་ཐུགས་ཁུར་མཛད།།

ཕྱག་རྗེས་བླ་མེད་ཀུན་གྱིས་མཐོང་བ་བསྐྲུན།།

རྒྱུ་དང་འབྱོར་བ་ཕུན་སུམ་ཚོགས་ན་ཡང་།།

གཡུ་དང་བྱུ་རུའི་རྒྱན་གྱིས་མི་སྤྲས་ཤིང་།།

འདོད་ཆུང་ཆོག་ཤེས་རྒྱུད་ནས་དོར་མ་མྱོང་།།

ཆུད་ཟོས་རྒྱས་སྤྲོས་ཏིལ་ཙམ་ཡོད་རེ་སྐན།།

སྤྱིར་ན་པཎ་ཆེན་མཆོག་གི་ཡུམ་ཆེན་དང་།།

གོ་གནས་མཐོན་པོའི་དཔོན་ས་འབྱོར་ན་ཡང་།།

ནམ་རྒྱུན་བུད་མེད་དཀྱུས་མའི་བརྟུལ་ཞུགས་འཛིན།།

ཞིང་ཕྱུགས་ཀུན་ལ་འཚོ་སྐྱོང་གང་ལེགས་མཛད།།

བཀྲེས་སྐོམ་སྟོང་གིས་མནར་བའི་ཉམ་ཆུང་རྣམས།།

གཟིགས་བའི་མོད་ལ་ཐུགས་ཀྱིས་མ་བཟོད་པར།།

སྤྱན་ནས་མཆི་མ་དབང་མེད་འཐོར་བ་དང་།།

གཏོང་ཕོད་ཆེན་པོས་སྦྱིན་པ་གནང་བ་མཚར།།

རིག་གསར་དྲག་རླུང་འཛིན་མར་གཡོ་བའི་དུས།།

རིན་པོ་ཆེ་ལ་མནར་སྡུག་ཡ་ང་བ།།

གཏོང་སྐབས་མ་ཡུམ་མཆོག་ལ་ཉེས་འགལ་གྱིས།།

དོན་མེད་གནོད་འཚེ་བཟོས་པ་སུས་མི་མཁྱེན།།

ཡིན་ཀྱང་སྲིད་ཇུས་གསར་བའི་ཉིན་བྱེད་སྟོང་།།

ལྷན་གཅིག་འཕྲོ་བའི་སྐལ་བཟང་རྫོགས་ལྡན་དུས།།

སླེབས་དང་མཉམ་དུ་བཅོས་བསྒྱུར་སྒོ་འབྱེད་དཔལ།།

བགྲོད་ལམ་ཡངས་པར་འབད་པས་མདུན་དུ་བསྐྱོད།།

ཆོལ་གསུམ་གངས་ཅན་ཡུལ་ལ་ཤེས་བྱའི་དཔལ།།

ཁྱོན་ཀུན་ཤར་བའི་བོད་མི་སྐྱིད་པའི་ལམ།།

འཚོ་བཞེས་ལེགས་པོ་རོལ་ནས་མ་འགྱངས་པར།།

མི་འདོད་རྐྱེན་ངན་སྣ་ཚོགས་མདུན་དུ་མངོན།།

དཀར་གསལ་བཅོ་ལྔའི་དུང་ཟླ་འཛིན་མའི་སྟེང་།།

མ་བསམ་གློ་བུར་ལྷུང་བཞིན་རིན་པོ་ཆེའི།།

ཆོས་སྐུའི་བཀོད་པ་རྫོགས་པའི་ཚུལ་བསྟན་ཅིང་།།

འཛམ་གླིང་ཟླུམ་པོར་རེ་ཞིག་མུན་པས་གཡོགས།།

མ་ཡུམ་མགོ་ལ་སྡུག་བསྔལ་རི་རབ་ཞིག།

ལྟུང་བ་ཇི་བཞིན་ཐེག་པར་དཀའ་མོད་ཀྱང་།།

བཟོད་བསྲན་སྟོབས་ཀྱིས་མ་ཁུར་ཐབས་དབེན་པས།།

གཞུང་དོན་ཆེན་པའི་ལས་ལ་འབད་འབུངས་མཛད།།

དེ་ནས་མ་འགྱངས་གཏན་གྲོགས་དག་ཞིང་ལ།།

བདེ་བར་གཤེགས་པའི་ངོ་མཚར་ཚུལ་མངོན་ཏེ།།

ཁོ་མོ་གཅིག་པུ་ཕྱིས་སུ་བསྐྱུར་ན་ཡང་།།

བཟོད་དཀའི་མནར་སྡུག་བསྲན་ནས་དོན་ཆེན་བསྒྲུབས།།

མ་ཡུམ་མཆོག་གིས་རང་ནུས་གང་ལྕོགས་ཀྱིས།།

རྒྱལ་སྲས་ལགས་ཀྱི་ཤུལ་བཞག་མཛད་འཕྲིན་རྣམས།།

མུ་མཐུད་སྐྱོང་སླད་མདོ་དབུས་ཁམས་གསུམ་གྱི།།

དགོན་སྡེ་འཛུགས་སྐྲུན་བྱ་གཞག་བརྩོན་པས་བསྐྱངས།།

སྔ་ཕྱིར་ཀྲུང་དབྱང་དང་ནི་ཞིང་ཆེན་གྱི།།

མགོ་ཁྲིད་གཙོ་བོ་རྣམས་དང་གང་མང་དུ།།

མཇལ་འཕྲད་མཛད་དེ་རྒྱལ་གཅེས་ཆོས་གཅེས་ཀྱི།།

རྒྱུན་འཛིན་ལེགས་པོ་དགོས་པའི་སྙན་ཞུ་ཕུལ།།

ཁོང་ཉིད་བགྲེས་ནས་དགུང་ལོ་བརྒྱད་ཅུར་སོན།།

ཡིན་ཀྱང་རང་གི་མི་རིགས་སློབ་གསོ་ལ།།

དུངས་པའི་སྤོབས་སེམས་ཅུང་ཙམ་མ་ཉམས་པར།།

ཞིན་ཧྭ་བོད་ཡིག་སློབ་འབྲིང་ཐུགས་ཀྱིས་བསྐྱངས།།

ཆོས་ཀྱི་རྒྱལ་མཚན་མཆོག་གིས་སློབ་འབྲིང་འདི།།

གསར་བཞེངས་མཛད་པའི་ཚུན་ལ་བོད་པའི་ཡིག།

སྦྱང་མགོ་བརྩམས་ནས་གྲུབ་འབྲས་གཡུར་དུ་ཟ།།

རང་རིགས་སློབ་བུ་འབུམ་ཕྲག་གསོ་སྐྱོང་མཛད།།

ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ།།

ཡང་སྲིད་མྱུར་འབྱོན་གསོལ་འདེབས་རེ་འདུན་དག།

ཀྲུང་དབྱང་འབྲེལ་ཡོད་མགོ་བར་གསལ་བོར་ཞུས།།

རྒྱལ་ཁབ་མགོ་བའི་གདམས་པ་དང་དུ་བླངས།།

གཉིས་སྟོང་བཅུ་གཉིས་ཟླ་དྲུག་ཚེས་ཉེར་དགུར།།

མི་རྟག་ནམ་མཁའི་དབྱིངས་ནས་དྲག་ཆར་བསྙིལ།།

ས་གཞི་ཆེན་པོར་མུན་པའི་སྤྲིན་ནག་འཐིབས།།

ཡུམ་ཆེན་དགོངས་པ་རྫོགས་པའི་ཚུལ་བསྟན་བྱུང་།།

མདོ་དབུས་ཁམས་གསུམ་གངས་ཅན་པ་རྣམས་ལ།།

མྱ་ངན་འབུམ་གྱིས་མནར་ནས་སྐྱོ་གདུང་གི།།

མིག་ཆུ་དབང་མེད་དྲག་ཆར་ཇི་བཞིན་བཞུར།།

མ་ཎི་ཡིག་དྲུག་དབྱངས་ཀྱིས་གནམ་ས་ཁེངས།།

ཏང་གི་གཙོ་འཛིན་དང་པོའི་སྐུ་དངོས་དང་།།

དབུ་ཁྲིད་གཞན་པས་མྱ་ངན་ཞུ་འཕྲིན་ཕུལ་།།

གཉེན་ཉེ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱིས།།

འཚམས་འདྲི་སེམས་གསོ་ཡང་ཡང་མཛད་པ་རྨད།།

སྤྱི་ཟླ་བདུན་པའི་ཚེས་བཞིའི་ཉིན་མོ་ལ།།

གནའ་བོའི་བོད་པའི་སྲོལ་རྒྱུན་འགྲོ་ལུགས་ལྟར།།

ཕ་ཡུལ་གཞིས་ཁྱིམ་དྲོད་མོར་གདུང་བཞུས་པའི།།

ཆོ་ག་གཟབ་རྒྱས་སྤེལ་ནས་ལྟས་བཟང་མངོན།།

ཡུམ་ཆེན་སྐུ་ཉིད་མི་ཚེ་གང་བོ་ལ།།

ཏང་དང་རྒྱལ་ཁབ་མཉམ་བཞུགས་མཉམ་འགྲོ་དང་།།

སྤྱི་ཚོགས་འཕེལ་རྒྱས་འབངས་མིའི་བདེ་སྐྱིད་སླད།།

མཛད་རྗེས་བླ་ལྷག་བསྐྲུན་པར་ཀུན་གྱིས་བསྔགས།།

ཁོ་མོ་ཏང་གི་མཛའ་མཐུན་གྲོགས་པོ་དང་།།

རྒྱལ་གཅེས་ཆོས་གཅེས་ཅན་གྱི་མཚན་སྙན་ཐོབ།།

འབངས་དང་སྐྱིད་སྡུག་མཉམ་མྱོང་བྱམས་བརྩེ་ཅན།།

བློ་བརྟན་འགྱུར་མེད་རྡོ་རྗེ་བྲག་དང་མཚུངས།།

སྐུ་ཉིད་དག་པའི་ཞིང་དུ་ཕེབས་པ་སྟེ།།

རྒྱལ་ཁབ་ཡོངས་སུ་གྱོང་གུད་བཟོས་པ་དང་།།

སྒོས་སུ་གངས་ཅན་ཡོངས་ལ་གྱོང་ཆེན་རེག།

ངེད་ཚོས་དུས་གཏན་ཡིད་དུ་བརྗེད་མི་སྲིད།།

   ཅེས་གཅོད་པ་དོན་གྲུབ་ཀྱིས་སྤྱི་ལོ2018ལོའི་ཟླ8པའི་ཚེས7ལ་གནའ་མཁར་ཟི་ལིང་དུ་གུས་པས་སྦྱར་བ་དགེའོ།།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།