ཀྲུང་གོ་བོད་ཀྱི་དྲ་བ།

​དགུན་གཞུང་གི་སྐད་ཆ། (ཞར་བཀོད་བཞི།)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : སྦྲང་བུ།དཀར་མཛེས།   སྤེལ་དུས། : 2018-09-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20180927145526.jpg

སྦྲང་བུ། དངོས་མིང་ལ་ཏྲེ་སྲས་བློ་བཟང་བསོད་ནམས་འབོད། དཀར་མཛེས་སུ་རོང་ཁྱིམ་ཞིག་ཏུ་སྐྱེས། ༢༠༡༦ལོ་ནས་འགོ་བཟུང་ནས་རྩོམ་རིག་གི་ལམ་དུ་ཞུགས་ནས་སྔ་གཞུག་ཏུ་སྙན་ངག་ཁག་བོད་ཁུལ་གྱི་དུས་དེབ་༼  གངས་དཀར་རི་བོ་༽  སོགས་དང་འཕྲིན་སྟེགས་གང་མང་ཞིག་ནང་ཁོ་བོའི་སྙན་ངག་མཇལ་རྒྱུ་ཡོད། ད་ལྟ་དཀར་མཛེས་རྫོང་གི་མེ་ལོང་དུས་དེབ་ཀྱི་གཙོ་འགན་བཞེས་ཡོད།


དགུན་གཞུང་གི་སྐད་ཆ།

 བགྲང་བྱ་བཞི་ལ་ལྕགས་ཀྱིས་མེ་ཏོག་ལ་ཚོན་བསྐུས་ཤིང

རྨི་ལམ་དང་རྨི་ལམ་གྱི་བར་ལ་དུས་ཚོད་ཀྱི་ཡོལ་བ་བཙུགས

སྐབས་དེར་ཆེས་བཤད་ན་འདོད་པ་ནི་དགུན་གཞུང་གི་སྐད་ཆ་ཡིན


གྲོང་ཁྱེར་དུ་གློག་འོད་ཀྱིས་འཇའ་ཚོན་ཕུབ་ཞིང

གྲང་ངར་གྱིས་བཟུང་བའི་ལྕགས་ཟམ་མཁར་དུ

གཉིད་སད་རྒྱག་པའི་རྨི་ལམ་ལྷག་མ་ཞིག་ལ

ངས་ནམ་རྒྱུན་དགུན་གཞུང་གི་སྐད་ཆ་འདྲི་བཞིན་ཡོད


དགུན་གཞུང་དུ་ལུས་པའི་སྐད་ཆ་དག་ལ

ཆབ་རོམ་ཆགས་ནས་ངོ་ཡང་མི་ཤེས་པར་གྱུར་འདུག

དེར་དུས་ང་ལ་དུས་བཞིའི་ངོ་བོ་གཏན་ནས་མེད་པར་འདྲ་ལ

གྲང་ངར་གྱིས་བཟུང་བའི་ལྕགས་ཟམ་མཁར་དུ་ཅི་ཡང་བཞེངས་ཐུབ་མ་སོང


ཟླ་བརྒྱད་བའི་ལྕི་བའི་རང་བཞིན།

ཟླ་བརྒྱད་བའི་ཕ་རོལ་དུ

བཟོད་པའི་ཕ་རོལ་དུ་ཕྱིན་པའི་མེ་ཏོག་འཁྲུངས


ཟླ་བརྒྱད་བའི་ངོ་གདོང་དུ

ན་ཟུག་གི་མཚན་མོར་འབབ་ཀྱིན་འབབ་ཀྱིན་འདུག


ཟླ་བརྒྱད་བའི་རྩྭ་ཐང་དུ

སུས་ཀྱང་བཏེགས་མི་ཐུབ་པའི་བུད་མེད་བོར


ཟླ་བརྒྱད་བ

མི་ཚོགས་སུ་ནག་པོ་ཡི་ནམ་མཁའ་བོར་དུས

ནག་ནོག་གི་འཚེར་སྐད་ལས་ཁྱེད་བཙལ་སྲིད


ཉིན་དེར།

མེ་ཏོག་སྣ་གཅིག་གིས་ལམ་སྣེ་དྲངས་ཏེ

བཀྲ་ཤིས་ཚིག་གསུམ་གྱིས་སེམས་མཚོན་གཏོར་ཏེ

ཐ་སྙད་དཀར་ནག་གི་མེ་ཏོག་སྤུངས་ནས

ཡིག་འབྲུ་དེའི་ནང་ལ་ཞག་གཅིག་སྡོད་ཆོག


རྒྱང་རིང་དང་མུན་པའི་ཀློང་ནས

ནམ་མཁའ་ཡི་མེ་ཏོག་ཁྱྱེར་ཞིང

རྒྱང་རིང་ལ་གཏོང་བའི་ཆོ་འཕྲུལ་གསལ་ཚེ

སྒེའུ་ཁུང་ལས་ཁྱེད་འོང་བ་ལོས་ཆོག


ཟླ་བརྒྱད་བའི་མུན་དོང་གི་བས་མཐའ་རུ

ནམ་མཁའི་མེ་ཏོག་འོན་པ་མ་གྱུར་ཚེ

ངས་སྙན་ངག་གི་རྐང་གསོས་ནས

ཁྱེད་ཀྱི་རྒྱང་རིང་ལ་ངས་བསམ་གཞིག་གཏོང་ཆོག


ཟླ་བརྒྱད་བ།

རྒྱང་རིང་མཐོང་བའི་ཕོ་བྲང་དཀར་དམར་ཉེ་བ་རུ།།

ཟླ་བརྒྱད་འཐུལ་བའི་མཚན་མོ་དེ་ཡི་ཞོགས་པ་དེ།།

མིག་ཆུས་བྲིས་པའི་སྨྲེང་བ་མཐའ་དག་ཞིག་ཏུ་འགྱུར།།

རྒྱ་མཚོ་བཞིན་དུ་ལྷུང་ལྷུང་འབབ་པའི་ས་སྲོད་ཞིག།

ནམ་ཡང་ཟེར་བའི་མཚན་མོ་ཞིག་གི་ཟླ་བརྒྱད་བ།།

གཟུགས་མེད་དེ་རུ་ཁྱེད་རང་ཟེར་ཞིང་ཆུ་བོར་བཞུར།།

ཆགས་སེམས་ཕྲ་མོའི་ཁྱེད་རང་ཞིག་ལ་འདི་ལྟར་ལབ།།

ཟླ་བརྒྱད་ནང་གི་ནད་པའི་ལྷ་མོ་གསོལ་བ་འདེབས།།

ངང་བསྒུག་རིང་མོའི་དབྱངས་རྟ་དེ་ཡི་གཞས་པ་ཞིག།

ཟླ་བརྒྱད་ནང་གི་མེ་ཏོག་ལྷ་མོའི་བཞིན་རས་ཀྱང་།།

ཨེན་ཙམ་ངང་དུ་ཞོགས་པ་བསུ་བའི་སྐྱ་རེངས་ཡིན།།


ནམ་ཞིག་གཏོང་བའི་གླུ་སྐད་གསོན་པོའི་གཞས་པ་དེ།།

གཞས་ཚིག་སྣེ་རུ་ཆུང་འདྲིས་བཀོལ་བའི་གཞས་མཐའ་རུ།།

ཡང་དུ་བླངས་ཤིང་ཡང་དུ་བཏོན་པའི་ཁྱེད་རང་བྲིས།།

ནམ་མཁའི་སྟེང་དུ་མེ་ཏོག་བྲིས་ཤིང་གཞས་ཚིག་བླངས།།

ཁྱེད་རང་ཟེར་ཞིང་གཞས་ཚིག་འགོ་ནས་མུན་པ་ཆགས།།

སྒྲུང་གཏམ་ཞིག་གམ་གཏམ་རྒྱུད་ཞིག་གི་ངང་དུ་འདས།།

སྟོན་འགོ་ཞིག་ལ་གཞས་ཚིག་སྐྱ་བོའི་གཟུགས་འདས་སུ།།

གཏམ་གྱི་སྟེང་ན་ཁྱེད་རང་གླེང་བའི་གཏམ་རྒྱུད་གསོན།།

གཞས་ཀྱི་གདངས་སུ་སྒྱུ་རྩལ་ཤི་བོའི་རྣམ་ཤེས་ཐོགས།།

བགྲང་བྱ་མཐའ་དག་གཏན་ཚུགས་བོར་བའི་ཟླ་བརྒྱད་བ།།

ཁྱེད་རང་བོར་བའི་སེམས་གཞས་འཁྱག་པ་སྙིང་དུ་སྡུག།


ཟླ་བརྒྱད་བའི་རྟ་ཕོ།

མུ་འབྲེལ་དུ་བྱུང་བའི་རྟ་ཕོ་དེ

ས་སྲོས་སྐབས་བྱུང་བའི་སྒེའུ་ཁུང་འོག་ཏུ

ངས་སྙན་ངག་གི་དབྱངས་རྟ་བཀྲོལ་ཏེ

ཟླ་བརྒྱད་བའི་བྱེའུ་ཆུང་ལ་སྙན་ངག་གྱེར


མཚན་གུང་གི་ཕྱོགས་སུ་རྨི་ལམ་རྨིས

སླར་ཡང་ཞོགས་པ་ཞིག་ལ་འདི་ལྟར་རྨིས

ནད་པའི་ལྷ་མོའི་བཞིན་རས་རྨིས

ཡིག་འབྲུ་སྐྱ་བོའི་རྨི་ལམ་དེའི་ལམ་འགྲོ་བར་གྱུར

རྩོམ་སྒྲིག་པ། : ཀླུ་མོ་མཚོ།