ཀྲུང་གོ་བོད་ཀྱི་དྲ་བ།

གདུང་དབྱངས་མར་མེ་ཚེ་འབར།

  རྩོམ་པ་པོ། : བསོད་ནམས་རྡོ་རྗེ།   སྤེལ་དུས། : 2019-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

5.jpg

སྔ་འགྱུར་གཞུང་བརྒྱ་སྨྲ་བའི་མཁས་དབང་རྟ་མགྲིན་རྒྱལ་མཆོག་སྐུ་མྱ་ངན་ལས་འདས་པར།
མི་སྡུག་དུས་ཀྱི་རླུང་འཚུབ་དྲག་ཏུ་ལྡིང་བའི་སྐབས་ཤིག་ལ།
ཡབ་མེས་ཀྱི་རིག་གཞུང་ཐན་དུ་བལྟ་བའི་དུས་ཤིག་ལ།
སུ་ཞིག་གིས་བཙན་གྱིས་མངགས་པ་བཞིན།
གང་ཞིག་གིས་དུངས་པས་བསྐུལ་བ་ལྟར།
ཁྱེད་རང་ས་ཆེན་པོ་འདིའི་ཕང་བ་རུ་སྟོབས་ཀྱིས་འགྱིངས་པ་ནས་བཟུང་།
མུན་ནག་གི་ལྐོག་གཡོ་སྦྲུམ་པའི་ཡུལ་གྲུ་འདིར།
སུ་ཞིག་གིས་ལྔ་རིག་གི་བུ་ཆུང་ལ་མགོན་མེད་ཀྱི་དྭ་ཕྲུག་ཅེས་བོས་མ་མྱོང་ལ།
གང་ཞིག་གིས་གསོ་རིག་གི་ལྗོན་བཟང་ལ་རྩ་མེད་ཀྱི་ཤིང་རུལ་ཞེས་སྨྲ་མ་སྤོབས།
ཀྱི་ཧུད། སྔ་འགྱུར་གཞུང་བརྒྱ་སྨྲ་བའི་བྱེད་པོ་ཡ། ཁྱེད་རང་གང་དུ་གཤེགས་སམ།

དུས་ཤིག་ལ་རྨོངས་དད་དང་སྐུར་འདེབས་ཀྱི་མཚན་གཞུང་ཇི་ལྟར་རིང་ནའང་།
ཁྱེས་ཀྱིས་དཀར་མེའི་ཟེར་དང་སྤོས་ཀྱི་འོད་ཉིད་གྲོགས་སུ་སྦྲན་ཏེ།
བློ་དཀར་དང་བདེན་འཚོལ་གྱི་སྤོབས་པ་བོར་མ་མྱོང་ལ།
རྣམ་བྱང་དང་རྟེན་འབྱུང་གི་སྙིང་པོ་ནི་དེ་བས་ཀྱང་ངོ་།།
དེ་ཉིད་འཚོལ་བའི་ལམ་ལ་རིག་པ་རྣོ་དྲགས་པས།
ཚུར་མཐོང་སྐྱེ་བོའི་ངོ་ལ་རྙིང་ཞེན་དང་རྗེས་ལུས་སུ་སྣང་མོད།
བདེན་པའི་བུ་ཆུང་ལ་ཤེས་རབ་ཀྱི་རྩལ་རྫོགས་པ་རྣམས་ལ་ནི།
ཁྱེད་ཉིད་ཀུན་གྱི་གཙུག་ན་མཛེས་ཤིང་ཀུན་པོའི་སེམས་སུ་འཚེར་བ་མིན་ནམ།
ཀྱི་ཧུད། རིགས་པའི་དཔའ་བོ་ཡ། ཁྱེད་ཉིད་གང་དུ་བཞུད་དམ།

སྐབས་ཤིག་ཏུ་མདོ་སྨད་ས་ཡི་ཐིག་ལེའི་ཕང་བ་རུ།
གསོ་རིག་རྒྱུད་བཞིའི་བསྟན་པ་མེ་སྟག་བཞིན་ཕྱོགས་སུ་འཐོར་ཡང་།
ལོག་རྟོག་གི་བློ་ངན་ཆར་བཞིན་བར་མེད་བསྙིལ་བས།
རེ་ཞིག་ལྟ་ངན་གྱི་སྦུབས་སུ་ཚུད་དེ་གྲག་མེད་དུ་ལུས་པ་ལ།
ཁྱེད་བློ་ཉི་མ་གཞོན་ནུའི་ཟེར་གྱིས་གྲོལ་བའི་རྒྱུད་བཞིའི་རྣམ་བཤད་གང་ཉིད།
ལོག་རྟོག་རྙོག་མའི་རྫིང་བུ་སྲུབ་པའི་ཀེ་ཏ་ཀ་དེ་ཅི་ལ་མིན།
དུས་དེ་ནས་བཟུང་སྟེ་རྒྱུད་བཞིའི་མེ་ལོང་ལ་འཁྲུལ་བའི་རྡུལ་བྲལ་ཅིང་།
མདོ་སྨད་གསོ་རིག་གི་ལྗོན་ཤིང་ལ་རྩ་བ་ཚུགས།
ཀྱི་ཧུད། གསོ་རིག་གི་དེད་དཔོན་ཡ། ཁྱེད་ཉིད་གང་དུ་གཤེགས་སམ།

ཞིབ་ཏུ་བསམ་ན། མཚོ་སྔོན་གསོ་དཔྱད་བསྟན་པའི་དྲན་དབང་སྟོང་གི་འཛིན་མའི་ཕང་བ་རུ།
བྱམས་མིང་པའི་བློ་ཡི་མཁའ་དབྱིངས་ལས་འཁྲུངས་པའི།
རྩ་རྒྱུད་དྲི་བའི་སེར་བ་ཐོག་ལྟར་རྒོད་པ་ལ།
རེ་ཞིག་སྨྲ་བའི་ལྗགས་ཉིད་རི་མོར་བྱས་ཏེ།
ལྐུགས་པའི་བརྟུལ་ཞུགས་བཙན་གྱིས་བླངས་པའི་དུས་ལ།
ཁྱེད་ཉིད་སྨྲ་བའི་སེང་གེའི་དཔྱད་ལན་ཡིད་ཀྱི་མུན་སེལ་གང་ཉིད།
བསྐལ་བའི་མེ་དཔུང་བཞིན་རབ་ཏུ་དྲག་ཏུ་འབར་བས།
དྲི་བའི་ཚང་ཚིང་སྐད་ཅིག་ལ་ཐལ་བའི་ཕུང་པོར་གྱུར་པ་མིན་ནམ།
ཀྱི་ཧུད། སྨྲ་བའི་སེང་གེ་ཡ། ཁྱེད་ཉིད་གང་དུ་བཞུད།

ལྕགས་ལ་རྣོ་མེད་ན་ལྕགས་རབ་ཏུ་མི་འགྱུར་བ་བཞིན།
ཕྲ་བ་སེམས་ཀྱི་ཟབ་མོའི་གནད་ལ་དཔྱད་པར།
གསོ་དཔྱད་ཀྱི་གཞུང་རྣམས་དབུལ་བོའི་སྐྱེ་བོས་ཚོང་ཟོང་འགྲེམས་པ་བཞིན་འགྱུར་བ་ལ།
ཁྱེད་ཀྱི་ཐུགས་མཚོ་ལས་འཁྲུངས་པའི་ཕུང་ཁམས་སྐྱེ་མཆེད་ཀྱི་རྣམ་གཞག
དཔེ་མང་གི་སྙིང་པོའི་བཅུད་ཕྱུངས་ཤིང་།
གདམས་ངག་གི་དྲོད་མ་ཡས་བས།
གསོ་དཔྱད་ཀྱི་ལྕགས་བཟང་ལ་རྣོ་འདོན་བྱེད་ཁོ་ནར་གྲུབ།
དེ་བས་ཁྱེད་དང་འབྲེལ་ཐོག་ཀུན་གྱིས།
སེམས་ཀྱི་ཨ་མའི་ངོ་ཅུང་ཟད་ཙམ་ཟིན་ཡོད་ན།
སྤྱི་རྒྱུ་མ་རིག་པའི་བདུད་ལ་རྒོལ་བའི་ཐབས་ཤིག་རྙེད་ཡོད་ན།
དེའང་མགོན་ཁྱེད་ཀྱི་སྐུ་དྲིན་མིན་པར་སུ་ཞིག་གིས་སྨྲ་སྤོབས།
ཀྱི་ཧུད། སེམས་ཀྱི་མར་མེ་ཡ། ཁྱེད་ཉིད་གང་དུ་བཞུད་དམ།

ཡབ་མེས་ཀྱིས་གནང་བའི་གཅེས་ནོར།
གསོ་དཔྱད་མ་ལུས་ཀྱི་གཏེར་སྒོ་འབྱེད་པའི་ལྡེ་མིག
ཉེས་གསུམ་གྱི་རིགས་ལམ་གང་།
རེ་ཞིག་ཟབ་མོའི་རྒྱ་ལས་མ་གྲོལ་ཅིང་སླ་མོའི་གནས་ལས་མ་འགོངས་པར།
ཁྱེད་ཉིད་ཐུགས་ཟབ་ཅིང་ཐབས་ལ་མཁས་པས།
ཐུན་མོང་དང་ཐུན་མིན་གྱི་གཞུང་ལེགས་པར་སྦྲེལ་ཅིང་།
ཕྱི་ནང་གི་གནད་རྣམས་ཁོལ་ཏུ་ཕྱུངས་བས།
ཉེས་གསུམ་ནི་ཁྱེད་ཉིད་ཡིན་ལ། ཁྱེད་ཉིད་ཉེས་གསུམ་གྱི་རིགས་ལམ་ཅིས་མ་ཡིན།
གང་ཉིད་གཟུགས་སུ་མ་ཤེས་པའི་དུས་ནས་ཁྱེད་ཉིད་དེ་ལ་བསྟིམས་པས།
ཉེས་གསུམ་གྱི་ངོ་བོ་དང་། ཉེས་གསུམ་གྱི་བྱེད་ལས། ད་དུང་ཉེས་གསུམ་གྱི་མཚན་ཉིད།
ཀུན་པོའི་སེམས་ལ་ཉི་འོད་ལྟར་འཚེར་ཡང་། ཟླ་འོད་ལྟར་གསལ་ཡང་།
བརྒྱ་ལམ་ན་མར་མེ་བཞིན་སྣང་བ་ཐམས་ཅད་སློབ་དཔོན་ཁྱེད་ཀྱི་སྐུ་དྲིན་མིན་པར་སུས་བརྗོད་ནུས།
ཀྱི་ཧུད། རིགས་པའི་ལྡེ་མིག་ཡ། ཁྱེད་ཉིད་གང་དུ་ཕེབས་ལགས་སམ།

རྫོགས་པའི་སངས་རྒྱས་དེ་ལས་བྱུང་ཞིང་།
སྐད་དང་ཡི་གེའང་དེ་ལས་བྱུང་ལ།
ཁྱོད་དང་ང་། ད་དུང་ཁོ་མོའང་དེ་ལས་བྱུང་བ་དངོས་པོའི་གཤིས་ལ་གྲུབ་ཀྱང་།
རེ་ཞིག་ཅང་མེད་སྨྲ་བའི་བརྟུལ་ཞུགས་ཁོ་ན་ལྷུར་བླངས་ཤིང་།
གང་དེ་ཨ་མའི་ཁོང་ན་ཡོད་པར་སྨྲ་བའི་འབབ་སྟེགས་རིང་བ་ལ།
ཁྱེད་ཀྱི་ཟབ་མོའི་སྔགས་རྒྱུད་ལས་རྡོལ་བའི་རླུང་གི་སྤུ་གྲིས་དུམ་བུ་བཅད་ཅིང་།
ཟབ་མོའི་རྒྱ་གྲོལ་ལ། མན་ངག་གི་གནད་ཕྱུངས།
དེ་བས་ཁྱེད་ནི་ཨ་ཡིག་བཞིན་གསོ་དཔྱད་བསྟན་པའི་གཙུག་རྒྱན་དུ་གྱུར་ལ།
ཨ་ཡིག་ལྟར་ཀུན་ལ་སྙོམས་དྲགས་པས།
ཁྱེད་ལ་མཐོན་པོའི་ཐོབ་མེད་ལ། གྲགས་སྐམ་གྱི་འུད་ཀྱང་མེད།
ཁྱེད་ལ་ཕྱུག་པོའི་དབང་མེད་ལ། མཁས་པའི་ང་རྒྱལ་ནི་དེ་བས་ཀྱང་ངོ་།།
དེ་བས་ཁྱེད་རང་འདི་ལྟར་ཁུ་སུམ་མེར། འཇམ་ཅག་གེར་ལྷོད་ཀྱིས་བཞུད་པ་ལྟར་སྣང་ཡང་།
ཤུལ་དུ་བཞག་པ་ནི་རང་ག་བ་ཞིག་མ་ཡིན་པར།
ཅི་འདྲའི་རྔམ་མཐུག་ལ། ཁོང་ཡངས་པ།
ཅི་འདྲའི་གཏིང་ཟབ་ལ། རྒྱ་ཆེ་བ་ཞིག་རེད་ཨང་།
ཀྱི་ཧུད། ཁྱེད་རང་བཞུད་པ་སྔ་སོང་། གཤེགས་པ་སྔ་དྲགས།  ཞེས་གང་གི་སློབ་མའི་གྲལ་མཐར་ཉུལ་བ། མགོན་ཁོང་གིས་བུ་སྙིང་ལ་རུས་པ་ཅན་པོ་ཞེས་ཡང་ཡང་འབོད་པ་བསོད་ནམས་རྡོ་རྗེ་རུ་འབོད་པས་སློབ་དཔོན་མཆོག་གི་དགོངས་རྫོགས་ཀྱི་ཉིན་མོ་སྟེ་རབ་བྱུང་བཅུ་བདུན་པའི་ས་ཕོ་ཁྱི་ལོ་སྟེ་ཕྱི་ལོ་༢༠༡༩ལོའི་ཟླ་༡པོའི་ཚེས་༦ཉིན་ལ་སྦྱར་བ་དགེའོ།།


རྩོམ་སྒྲིག་པ། : རིག་འཛིན་ཚེ་རིང་།