ཀྲུང་གོ་བོད་ཀྱི་དྲ་བ།

བཀྲ་ཤིས་ལོ་སར་ཚེས་གཅིག

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : ཐ་སྐར།   སྤེལ་དུས། : 2019-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

བཀྲ་ཤིས་ལོ་གསར་ཚེས་གཅིག །

ཞིམ་མངར་ཟས་ཀྱི་ཐོག་མ། །

འོ་ཇ་བདུད་རྩིའི་མཆོད་བཤམས། །

ལྷ་བསང་སྔོན་མོའི་དུ་བར། །

རེ་བའི་ཀི་བསྭོ་བསྟར་ནས། །

མཆོག་གསུམ་ལྷ་ལ་ཕུལ་ཡོད། །

བཀྲ་ཤིས་ལོ་གསར་ཚེས་གཅིག །

ཕ་དང་ཨ་ཁུ་འཛོམས་བྱུང་། །

ཆང་གཞས་མཉམ་དུ་བཏང་ཡོད།

བཀྲ་ཤིས་གནམ་ལོ་གསར་པར། །

རིགས་རྒྱུད་གཙང་མའི་ཕ་ཁྱིམ། །

ཕ་དང་ཨ་ཁུས་བཀྱགས་ཡོད། །

བཀྲ་ཤིས་ལོ་གསར་ཚེས་གཅིག །

མ་དང་སྲུ་མོ་འདུས་ཡོང་། །

བཀྲ་ཤིས་བྲོ་གར་འཁྲབ་སོང་། །

བདེ་ལེགས་གཡང་གི་འབྱུང་ཁུངས། །

སྲིད་པའི་སྦྲ་རྒན་མཐིང་སྨུག །

མ་དང་སྲུ་མོས་ཕུབ་ཡོད། །

བཀྲ་ཤིས་ལོ་གསར་ཚེས་གཅིག །

སྤུན་དང་ན་ཟླ་ཕེབས་བྱུང་། །

དབྱངས་གསལ་ཕྲེང་བར་བརྒྱུས་ནས།

རྟེན་འབྲེལ་གླུ་ཡི་མཆོད་པ། །

གཞིས་བྱེས་བོད་མི་ཡོངས་ལ། །

བཀྲ་ཤིས་ཁ་གཡང་འབོད་དོ། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།