ཀྲུང་གོ་བོད་ཀྱི་དྲ་བ།

ཁྲི་ཀའི་དཔལ་རིའི་ཁམས་གསུམ་ཟིལ་གནོན་གླིང་ལ་ཚིགས་སུ་བཅད་པའི་བསྟོད་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

微信图片_20190202120601.jpg

རྟ་མགྲིན་རྒྱལ་ནི། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཕྲང་དམར་གྲོང་རྡལ་ལ་འགྲོ་ཞོལ་མ་ཀ་གྱ་སྡེ་བ་རུ༡༩༦༣ལོར་སྐྱེས། ༡༩༨༥ལོར་མཚོ་ལྷོ་ཁུལ་མི་རིགས་དགེ་ཐོན་སློབ་གྲྭ་ནས་མཐར་ཕྱིན་ཏེ་བྱ་བར་ཞུགས་ནས་བཟུང་ལོ་ངོ་སུམ་ཅུའི་རིང་སློབ་ཁྲིད་བྱས་ཏེ༢༠༡༥ལོར་ལས་ཁྱུར་ངལ་གསོ་བྱས་པ་ཡིན། ད་ལྟ་མཚོ་ལྷོ་ཁུལ་ལས་རིགས་ཆེད་ལས་ལག་རྩལ་སློབ་གྲྭའི་ནང་དུ་མཐོ་རིམ་བོད་སྨན་ཆེད་ལས་སློབ་དེབ་རྩོམ་སྒྲིག་གི་བྱ་བ་སྒྲུབ་བཞིན་ཡོད།


ཁྲི་ཀའི་དཔལ་རིའི་ཁམས་གསུམ་ཟིལ་གནོན་གླིང་ལ་ཚིགས་སུ་བཅད་པའི་བསྟོད་པ།

——རྟ་མགྲིན་རྒྱལ།

timg.jpg

ཕུལ་བྱུང་ཐུགས་བསྐྱེད་ཆུ་གཏེར་ཆེན་པོ་ཚོགས་གཉིས་མནྡྷ་ར་བས་བསྲུབས་ལས་འཁྲུངས།།

ལུང་རྟོགས་ཡོན་ཏན་དཀྱིལ་འཁོར་བཟླུམས་ཤིང་མཁྱེན་བརྩེ་ཀུན་སྣང་འབར་བའི་གཟི་འོད་ཀྱིས།།

ས་གསུམ་རྨོངས་མུན་གཡུལ་ལས་རྣམ་རྒྱལ་གདུལ་བྱའི་རི་གླིང་རྒྱ་མཚོ་བརྩེ་བས་སྐྱོང་།།

སྐྱེ་དགུའི་ཕན་བདེ་འདབ་བརྒྱ་བཞད་ལ་མཉམ་མེད་སྟོན་མཆོག་ནམ་མཁའི་ནོར་བུར་འདུད།།

  

རྣམ་དག་ཐུགས་གསང་མེ་ལོང་གཙང་མར་མཐའ་ཡས་ཆོས་ཚུལ་གཟུགས་བརྙན་རྣམ་པར་བཀྲ།།

ལེགས་གསུང་བཞི་ལྷག་དྲུག་ཅུའི་ཡོན་ཏན་རྫོགས་པས་ཚངས་པའི་དབྱངས་ཀྱང་ཟིལ་གྱིས་གནོན།།

མཚན་དཔེ་མེ་ཏོག་གསར་བའི་འཛུམ་བརྒྱ་གྲོལ་བས་འགྲོ་བ་ཡོངས་ཀྱི་མིག་གི་དཔྱིད།།

རྒྱལ་ཀུན་ཡབ་གཅིག་མཁྱེན་པའི་གཏེར་ཀྱེ་བློ་གྲོས་མི་ཟད་ཤེས་བྱའི་མཛོད་དུ་སྒྲུབས།།

 

ལྷོ་ཕྱོགས་བཻ་ཌཱུའི་ཆུ་གཏེར་མཁའ་ལ་འཕྱོ་བའི་ཀློང་ལས་གྲགས་པའི་དབྱངས་སྙན་ལ།།

ཚངས་ཆེན་ཡིད་ཀྱི་འདུ་བྱེད་གཡོས་ལས་སྲིད་གསུམ་མཛེས་པའི་སྙིང་བོ་ཀུན་རྫོགས་པའི།།

 ལྟ་བས་ཆོག་བྲལ་སྒེག་པའི་ཉམས་ལྡན་ཆོས་ཀུན་རྒྱུད་མངས་དབྱངས་ཀྱིས་འགྲོ་ལ་སྟོན།།

ངག་གི་དབང་ཕྱུག་དབྱངས་ཅན་སྒེག་མོས་ཟབ་དོན་དབྱངས་སུ་ལེན་པའི་ཤིས་པ་སྩོལ།།


ཆོས་སྐུ་སྣང་མཐའི་ཡེ་ཤེས་སྒྱུ་འཕྲུལ་རང་བྱུང་པད་མ་དཀར་པོའི་སྦུབས་ཡངས་སུ།།

རྨད་བྱུང་སྤྲུལ་སྐུའི་གར་བསྒྱུར་འཛམ་གླིང་གྲུབ་པའི་ཁྱུ་མཆོག་མཚོ་སྐྱེས་རྡོ་རྗེ་ཡིས།།

མི་མངོན་དབྱིངས་ནས་རྒྱལ་བསྟན་སྤྱི་དང་འགྲོ་ལ་འཚེ་བའི་རྩ་ལག་སྡེ་བཅས་དགྲ།།

ཐལ་བའི་རྡུལ་དུ་བརླགས་ཤིང་ཁམས་གསུམ་མྱ་ངན་མེད་པའི་དཔལ་ལ་འགོད་པར་མཛོད།།


གསེར་ལྡན་རིང་མོ་དགའ་འཁྱིལ་གཟུགས་ཀྱིས་དབང་བོའི་ཕྱོགས་སུ་འབའ་པའི་འགྲམ་རྒྱུད་ན།།

སྐབས་གསུམ་གྲོང་ལ་སྐྱེངས་པ་སྟེར་བའི་བཀོད་ལེགས་ཁང་བརྩེགས་མཁའ་ལ་འཕྱུར་བ་དང་།།

ཉི་ཟེར་རྡུལ་ལ་འཕྱ་བའི་ཆེ་ཆུང་འཁོར་ལོའི་རིགས་ཀྱི་འགྲོ་འོང་ཟམ་མི་ཆད།།

ཁྲག་མཁྲིགས་གློག་ཞུན་འོད་ཀྱིས་མཚན་ཡང་ཉིན་བཞིན་གསལ་ལ་གསེར་སྨུག་རྫོང་ཞེས་གྲགས།།


དེ་ཡི་ལྷོ་རུ་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་བཞེངས་ནས་འགྲོ་ལ་གཟིགས་པའི་མདུན།

བི་ཤོ་ཀརྨའི་འདུ་བྱེད་ངལ་འདྲའི་བཟོ་ཡིས་རྣམ་རྒྱལ་ཁང་བཟང་དམན་ལ་འགོད།།

ནང་ན་བྱིན་རླབས་འོད་ཀྱི་ཚན་ཁ་འབར་བའི་རྟེན་གསུམ་ནོར་བུས་ཕྱུར་བུར་གཏམས།།

དཔལ་རིའི་ཕོ་བྲང་ཁམས་གསུམ་ཟིལ་གནོན་གླིང་ཞེས་སྙན་པའི་གྲགས་པ་འབར་བ་གང་།།

ལྷ་བཅས་འགྲོ་བ་ཡོངས་ཀྱིས་རླབས་ཆེན་ཚོགས་གཉིས་གསོག་པའི་ཞིང་དུ་ལྷམ་མེར་བརྗིད།།

 

སྟེང་ཕྱོགས་ཆོས་སྐུའི་གཞལ་ཡས་ཁང་དུ་གདོད་མའི་མགོན་པོ་ཀུན་བཟང་ཡབ་ཡུམ་དང་།།

ཕུལ་བྱུང་མཚན་དཔེ་དཔལ་འབར་རྒྱལ་བ་རིགས་ལྔ་ཞི་ཁྲོའི་ལྷ་ཡི་ཚོགས་རྣམས་ཀྱིས། །

གདུལ་བྱའི་ཁམས་དང་མོས་པ་ཇི་བཞིན་སྒེག་དང་དཔའ་བའི་ཉམས་འགྱུར་གང་སྟོན་པ།།

ལན་གཅིག་མཐོང་ཐོས་དྲན་པས་ཡིད་ཀྱི་དང་བ་མི་འདྲེན་སྐྱེ་བོ་གཞན་ཡོད་མིན། །


བར་རིམ་ལོངས་སྐུའི་གཞལ་ཡས་ཁང་དུ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ལ།།

རྒྱལ་སྲས་ཕོ་མོ་བརྒྱད་དང་ཁྲོ་རྒྱལ་རྟ་མཆོག་རོལ་བ་རིགས་བཞིས་བསྐོར་བའི་གཙོས།།

རྫོགས་ཆེན་སྟོན་པ་བཅུ་གཉིས་རིགས་གསུམ་མགོན་པོ་སྨན་བླ་བདེ་གཤེགས་མཆེད་བརྒྱད་དང་།།

འཇམ་དཔལ་གཤིན་རྗེ་གཤེད་སོགས་ཞི་དང་ཁྲོ་བའི་ལྷ་ཚོགས་གྲངས་ལས་འདས་པ་ཡིས།།

མི་མངོན་དབྱིངས་ནས་མཐུ་སྟོབས་དཔུང་ཚོགས་བཤམས་པས་བདུད་སྡེའི་སྙིང་ལ་འཇིགས་པ་སྟེར།།


འོག་གཞི་སྤྲུལ་སྐུའི་གཞལ་ཡས་ཁང་དུ་རིན་ཆེན་ལས་གྲུབ་ཁྲི་ཆེན་དྲུག་མགྱོགས་སྟེང་།།

གྲུབ་པའི་དབང་ཕྱུག་སློབ་དཔོན་ཆེན་པོ་སྣང་སྲིད་ཟིལ་གྱིས་གནོན་པའི་ཚུལ་དུ་བཞུགས།།

འཁོར་དུ་མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ་ལྷ་ལྕམ་མནྡཱ་ར་བའི་གཙོས།། 

གུ་རུ་མཚན་བརྒྱད་རྒྱན་དྲུག་མཆོག་གཉིས་རྗེ་འབངས་ཉེར་ལྔ་གཏེར་སྟོན་བརྒྱ་རྩ་བརྒྱད།།

གངས་ལྗོངས་འཇམ་དབྱངས་རྣམ་གསུམ་བདུད་འཇོམས་བླ་བརྒྱུད་ལྷ་ཚོགས་ལ་སོགས་ཕྱུར་བུར་གཏམས།།


མདོར་ན་ཟངས་མདོག་དཔལ་རིའི་ཞིང་གི་ཕོ་བྲང་ལྗོངས་འདིའི་འགྲོ་བ་མ་ལུས་པ།།

རླབས་ཆེན་ཚོགས་གཉིས་གསོག་པའི་ཞིང་མཆོག་བླ་ན་མེད་པར་དུས་ཀྱིས་འཕོས་འདྲ་བར།།

ཕྱི་ཡི་བཟོ་བཀོད་རྨད་དུ་བྱུང་བས་ཕྱོགས་ཀུན་མགྲོན་རྣམས་བོས་པ་མེད་པར་འདུ།།

ནང་དུ་མཆོག་གསུམ་ནོར་བུའི་རྟེན་དང་བརྟེན་པ་མཚར་དུ་དངར་བའི་གཟི་འབར་བའི།།

དགེ་ལེགས་འོད་སྟོང་ཟེར་གྱིས་ལུགས་གཉིས་པད་དཀར་ཚལ་ཕྱེ་བདེ་སྐྱིད་རྩི་ལ་རོལ།། 


བསླུ་མེད་མཆོག་གསུམ་སྤྱི་དང་དཔལ་རིའི་ཕོ་བྲང་ཁམས་གསུམ་ཟིལ་གནོན་གླིང་མཆོག་གི།།

ངོ་མཚར་རྟེན་དང་བརྟེན་པའི་བྱིན་རླབས་ཚན་ཁ་འབར་བའི་འོད་རིས་བཀྲ་བ་ཡིས།།

རྒྱལ་བསྟན་དར་ཞིང་བསྟན་འཛིན་སྐྱེས་བུའི་སྐུ་ཚེ་མི་འགྱུར་གཡང་དྲུང་རིས་སུ་བརྟན།། 

ས་གསུམ་རྨོངས་མུན་གཡུལ་ལས་རྣམ་རྒྱལ་ངེས་ལེགས་བླ་མེད་གྲོང་དུ་འཇུག་པར་སྨོན།།


དེ་སྐད་ཁམས་གསུམ་ཟིལ་གནོན་གླིང་གི་ངོ་མཚར་རྟེན་དང་བརྟེན་པར་ཡི་རངས་ནས།།

བསྟོད་སྨོན་དབྱངས་ཅན་པི་ཝང་གདངས་སུ་གྱེར་པའི་དགེ་བའི་དག་བྱེད་རྒྱུན།།

དུས་གསུམ་རྒྱལ་བ་སྲས་བཅས་རྣམ་དག་སྨོན་ལམ་གང་གཱའི་ཀློང་དང་འདྲེས་ནས་ནི།།

སྐུ་བཞིའི་འབྲས་བུ་དུས་སུ་སྨིན་པའི་བླ་མེད་བྱང་ཆུབ་ལྗོན་པའི་རྩ་བར་སིམ་གྱུར་ཅིག

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།