ཀྲུང་གོ་བོད་ཀྱི་དྲ་བ།

འབྲོག་མོ་ཤ་འཇམ་རུས་འཇམ།

ཡོང་ཁུངས། : གཞིས་ཀ་རྩེ་ཉིན་རེའི་ཚགས་པར།   རྩོམ་པ་པོ། : མགར་ཐང་དཀར།མཚོ་ལྷོ།   སྤེལ་དུས། : 2019-03-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དབྱར་གཞུང་དུས་ཀྱི་ཚན་ཁ་འབར་བའི་ཨ་ཆེན་གངས་ཀྱི་ལྟག་བརྒྱབ་ན།།

གཡང་གི་འབྲི་མོ་ཤག་ཤག་བཞོ་བའི་འབྲོག་མོ་ཤ་འཇམ་རུས་འཇམ་ཞིག།

མཛེས་པའི་མིག་གི་སྐད་ཆ་བཤད་ཞོར་གོམས་པའི་འདེགས་འཇོག་བསྒྱུར་ཙ་ན།།

སྟག་ཤར་གཞོན་ནུའི་སེམས་ཀྱི་རི་མོ་རང་དབང་མེད་པར་ཤོག་ངོར་ཕབ།།


དགུན་གཞུང་ཁ་བའི་མེ་ཏོག་གཏོར་བའི་ཧི་མ་ལ་ཡའི་མདུན་རྒྱབ་ན།།

ཝ་ཞྭ་དམར་པོའི་སྤུ་རིང་བར་ནས་ལ་གཞས་ལེན་པའི་འབྲོག་མོ་ཞིག།

ཕྱག་གཡས་འཇམ་པོ་ཐོད་ལ་གེར་ནས་གཡང་དཀར་འཚོ་བའི་བྲོ་བ་དེས།།

སྨྱུ་གུའི་རང་མདངས་སེམས་སུ་བསྐོར་བའི་འབྲོག་ཕྲུག་ཅིག་གི་རྣམ་ཤེས་ཁྲིད།།


སྟོན་གྱི་སྡོང་ལོ་མཁའ་རུ་བསྐྱོད་ཤུལ་སྤྲིན་པ་དཀར་པོའི་ཐུ་འོག་ན།།

ཕྱེ་ལེབ་གར་སྟབས་ལྷུན་གྱིས་གྲུབ་པའི་འབྲོག་མོ་ཁ་འཇམ་ཚིག་འཇམ་ཞིག།

སྐྲ་ཡི་ལན་བུས་གངས་ཀྱི་སྲོལ་རྒྱུན་འདྲེན་བྱེད་གམ་དུ་བསྐྱལ་བ་ན།།

རང་བྱུང་ཁམས་ལ་ལྟད་མོར་ཡོང་བའི་ཞིབ་འཇུག་གཞོན་ནུའི་མཁུར་ཚོས་བསྒུལ།།


དཔྱིད་ཀྱི་དཔལ་མོ་ཁུ་བྱུག་སྔོན་མོའི་མགྲིན་པའི་རྩལ་དུ་འཁྲུངས་ཤུལ་ན།།

ཕྱིང་དཀར་ཆར་ལ་ཙད་ལ་གཞེས་པའི་འབྲོག་མོ་ཨ་འཛོམས་ཡང་འཛོམས་ཤིག།

གཡང་གི་ཅང་ཤེས་རྟ་ལ་ཞོན་ནས་བག་མ་འགྲོ་བར་ཆས་པ་ན།།

ཐོད་པའི་ཁ་ཡིག་རང་བསྐོས་དེ་ཡིས་ནམ་མཁའི་མཐིང་དུ་རི་གླུ་བཏང་།།

སྤྱི་ཟླ་ཚེས་བཟང་ལ་སློབ་གླིང་དུ།

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།