ཀྲུང་གོ་བོད་ཀྱི་དྲ་བ།

ཅོ་བྱང་སྐར་གྱི་སྙན་ངག་ཚན་པ་གཉིས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-04-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1556094193313870.png

ཅོ་བྱང་སྐར་ནི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཤར་ཅོ་ནེ་ས་ཆའི་ཆོས་དཔལ་གཉིས་ཀྱི་ཞིང་ས་ཏེ། ཉིན་པ་སྡེ་བ་ནས་ཀ་མད་སུམ་ཅུའི་དབྱངས་རྟ་ཐོག་མ་མི་ཡུལ་དུ་བསྒྲགས། སྤྱི་ལོ་2012ལོར་ནུབ་བྱང་མི་རིགས་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་སུ་མི་རྐྱང་རྟ་རྐྱང་གིས་ཁྲི་འདུ་སྤོས་ལྡན་གྲོང་ཁྱེར་དུ་འཁྱམས་ནས་མི་ཚེའི་གདམ་ག་ཐོག་མ་རང་གིས་བཙལ་ཞིང་། ད་ལྟ་གསར་འགོད་པའི་ལས་ཀ་གཉེར་བཞིན་ཡོད་ལ་ཞོར་ཏུ་བཤད་འདོད་པའི་སྐད་ཆ་དག་ཡི་གེར་ཕབ་བཞིན་ཡོད།

རང་གི་དགའ་ཕྱོགས་ཀྱི་མཐའ་འཁྱོངས་ཕྱིར་མི་ལོ་བཅུ་ཙམ་ལ་སྦྱངས་རྩོམ་གྱི་ལམ་དུ་ཞུགས་ཤིང་། སྔ་ཕྱིར་ཟླ་ཟེར་དང་མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ། གངས་དཀར་རི་བོ་དང་མི་རིགས། ཤྭ་སྐྱ་དུས་དེབ་གཙོ་བྱས་སྤྱི་དེབ་དང་སྒེར་དེབ། ཚགས་པར་དང་དྲ་ངོས་སོགས་སུ་རང་གི་བཤད་འདོད་པའི་སྐད་ཆ་གང་མང་བཀོད་མྱོང་། 2016ལོར་གངས་དཀར་རི་བོ་ཡི་ཕུལ་བྱུང་རྩོམ་པ་པོར་བདམས་ཐོན་བྱུང་ལ་2015ལོར་མཚོ་སྔོན་བོད་ཡིག་ཚགས་པར་ཁང་གིས་རྒྱ་མཚོ་བརྡ་འཕྲིན་རྟགས་མའི་སྤྱོད་ལམ་དང་ཁྲིམས་ལུགས་ཞེས་པའི་ཁ་བྱང་གཅིག་པའི་འབོལ་རྩོམ་འགྲན་བསྡུར་ཁྲོད་བྱ་དགའ་ཨང་གསུམ་པ་ཡང་ཐོབ་མྱོང་།

ཁོ་བོས་དུས་གཏན་དུ་རྩོམ་རིག་ཅེས་པ་དེ་ནི་རང་གིས་བཤད་འདོད་པའི་སྐད་ཆ་དེ་ཡིན་པར་འདོད་ཡོད་ལ། རང་གི་རྣམ་དཔྱོད་ལས་འཁྲུངས་པའི་ཚོར་ཤེས་དང་འཚོ་བ་དངོས་ལས་ཐོན་པའི་དགའ་སྐྱོ་ཆགས་སྡང་སོགས་ཡི་གེར་བྲིས་ནས་མུ་མཐུད་དུ་བཤད་རྩིས་ཀྱང་ཡོད། །


     དུང་གི་ལྷ་མོ།


ཉི་མ་གཞིས་སུ་ཕེབས་སོང་། །

དུང་གི་ལྷ་མོ་སླེབས་བྱུང་། །

སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །

དྲན་གདུང་ནང་ན་ཡོད་རེད། །

ཕྱིར་དྲན་སེམས་ཀྱི་ཉིན་ཐོ། །

ལོ་དང་ཟླ་བར་བྲིས་ཡོད། །

རེ་སྒུག་ཁྲི་ཡི་སྨོན་པས། །

རྒྱུས་ཡོད་གནས་དེར་ལྷག་སོང་། །

ཟླ་འོད་མོག་མོག་འོག་ནས། །

གོམ་གསུམ་ཕར་ལ་སྤོས་ན། །

ཕྱིར་དྲན་ཀློང་གི་བརྩེ་བ། །

འཆར་ཡོལ་ངོས་ཀྱི་བརྙན་རིས། །

སྔོན་མའི་ཁ་ཆད་ལྟ་བུ། །

ནང་གྲོས་ཨ་ལོང་སྒོར་སྒོར། །

དུང་ཟླ་བཞིན་དུ་ཚེས་དུས། །

ཟམ་ཆེན་འོག་ནས་འཛོམས་པ། །

དུང་མདོག་ཟླ་བའི་འོད་སྣང་། །

ཟམ་ཆེན་ཟམ་འོག་བརྒྱུད་དུས། །

བརྩེ་བའི་སྒོ་གླེགས་རྡུང་པའི། །

གསང་བ་ལྐོག་ནས་སླེབས་སོང་། །

སྡེ་ཆེན་འདི་ཡི་མི་རྣམས། །

སྟོང་གསུམ་རྨི་ལམ་ཉུལ་ན། །

ང་དང་སྙིང་སྡུག་དགའ་ལོས། །

གཏམ་རྒྱུའི་ཡོལ་རས་འབྱེད་དགོས། །

དཀར་གསལ་ཟླ་བའི་བཞིན་རས། །

མཚན་ལྗོངས་འདི་རུ་གསལ་དུས། །

སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །

ལག་འཇུ་ཐོག་མ་དྲན་བྱུང་། །

སྐར་མའི་ཕྲ་ཚོམ་བར་ན། །

འོད་ཆེན་སྐར་མ་ཨ་བརྟན། །

སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །

བརྒྱ་སྟོང་ནང་ན་ལྷང་ངེར། །

སྤྲིན་དཀར་དམ་བུ་དུམ་བུས། །

ཟླ་བའི་བཞིན་རས་འགེབས་དུས། །

སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །

འཐམ་འཁྱུད་ཐོག་མ་དྲན་བྱུང་། །

མཚན་སྲུང་སོ་བའི་དུང་སྒྲ། །

སྡེ་ཆེན་འདི་ནས་གསལ་དུས། །

སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །

ཁ་སྐྱེངས་ངོ་ཚ་དྲན་བྱུང་། །

དུང་གི་ཟླ་བའི་བཞིན་རས། །

ཨ་སྔོན་དབྱིངས་ན་གསལ་ལེར། །

སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །

ཟླ་འོད་འོག་ན་གསལ་ལེར། །

དཀར་གསལ་ཟླ་བའི་འོག་ན། །

ན་གཞོན་ཕོ་མོའི་གྲིབ་གཟུགས། །

མོག་མོག་མིག་ལ་འཆར་དུས། །

སྙིང་སྡུག་བསོད་སྒྲོལ་དྲན་ཡོང་ །

སྒོ་ཁྱིའི་ཟུག་སྐད་བར་ནས། །

སྤྱང་མོའི་ཟུག་ངུ་འཇགས་དུས། །

སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །

འཚོ་བར་དམ་ཚིག་བྲིས་ཡོད། །

རླུང་བུ་བསིལ་མོ་ཞིག་གིས། །

སྐྱ་རེངས་ཁུར་ནས་སླེབས་བྱུང་། །

སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །

ལྷད་མེད་འཛུམ་ཆུང་ཡག་སོང་། །

འཇིག་རྟེན་མི་རྟག་འཁོར་བ། །

མི་སེམས་གར་སྟེགས་ཟློས་གར། །

སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །

དྲན་ཤིང་ངོས་སུ་གསལ་ཡོང་། །

སྤྲིན་པ་ལང་ལོང་འཁྲུགས་བྱུང་། །

དཀར་གསལ་ཟླ་འོད་ཉམས་སོང་། །

སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །

མུན་པའི་ནང་ནས་གྱེས་སོང་། །

རྐྱེན་དང་བར་ཆད་གང་ཡིན། །

སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །

སེམས་དང་སེམས་པ་སྦྲེལ་བའི། །

བརྩེ་དུང་ཐག་པ་ཆད་སོང་། །

ཕན་ཚུན་ཁ་ཁ་བྱས་ནས། །

ལོ་དང་ཟླ་བ་འདས་སོང་། །

མི་དང་མི་ཁ་བརྒྱུད་ནས། །

གོ་ཐོས་སྐད་ཆ་མང་གི །

ཚིག་རྐང་མགོ་མ་དེ་ཡིས། །

སྙིང་ལ་ཙག་ཤེད་རྒྱུག་ཐལ། །

ཚིག་རྐང་བར་མ་དེ་ཡིས། །

ཀླད་པ་སྟོང་བར་བཏང་སོང་། །

ཚིག་རྐང་ཐ་མ་དེ་ལ། །

ཉན་པའི་སྤོབས་པ་དབེན་པས། །

གར་འགྲོ་ངེས་མེད་ཅིག་གིས། །

ཐག་རིང་གནས་འདིར་ལྷག་སོང་། །

སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །

ཐག་རིང་ས་ཆ་གང་ན། །

གཞིས་ཁྱིམ་སྐྱིད་པོ་གང་ན། །

འཚོ་བ་སྐྱིད་པོ་རོལ་ཤོག །

ཁྱེད་ལ་དུངས་པའི་བུ་ང་། །

དྲན་གདུང་ནང་ན་ཡོད་རུང་། །

རྨི་ལམ་མངོན་སུམ་ཡོད་ཚད། །

སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །

མ་འཛོམས་ཟླ་ནས་ལོ་ཡིན། །

མ་འཕྲད་ཟླ་ནས་ལོ་ཡིན། །

བསིལ་རླུང་འཇམ་པོར་འགྲོག་ནས། །

ཁྱེད་ཕྱོགས་ལམ་དུ་ཆས་འགྲོ །

ཤར་རླུང་བསིལ་མོར་འཕྲད་ན། །

གོམ་འགྲོས་དལ་ཙམ་གནང་རོགས། །

ཁྱེད་ལ་བཤད་འདོད་སྙིང་གཏམ། །

རླུང་བུ་དེ་རུ་བསྐུར་ཡོད། །

དེ་དུས་ན་ཚོད་གཞོན་པས། །

མི་ཚེའི་ཁ་ཕྱོགས་མ་མཐོང་། །

ད་ནི་ས་མཐའ་འདི་ནས། །

སྙིང་སྡུག་དྲན་ཐེངས་མང་གི །

དཀར་གསལ་ཟླ་བའི་བཞིན་རས། །

ཡུལ་འདིར་ཐེངས་རེར་ཤར་དུས། །

སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །

དྲན་པ་ཐེངས་གཅིག་མ་རེད། །

གསང་པའི་འཕྲིན་ཞིག་བཏང་ཡོད། །

སེམས་ཀྱི་སྙིང་སྡུག་བསོད་སྒྲོལ། །

འཕྲིན་ལན་རེ་བས་སྒུག་ཡོད། །

དཀར་གསལ་ཟླ་བར་སྐུར་ཤོག །

              2019.4.24


  མདོ་སྨད་བུ་ལོའི་སེམས་ན་མངའ་རིས་བུ་མོ་ཞིག


གནམ་སྔོན་པོའི་ཁ་དོག་དྭངས་ས། །

ས་དོག་མོའི་ཁ་ཞེང་ཆེ་ས། །

གངས་ལྷུན་པོའི་རྩེ་མོ་མཐོ་ས། །

བྲག་དམར་ཡག་རྔམ་བརྗིད་ལྡན་ས། །

སྤང་རི་བོའི་ཉམས་མདངས་མཛེས་ས། །

ཆུ་ལྷུང་ལྷུང་བཞུར་སྒྲ་སྙན་ས། །

རྩྭ་རྩི་ཤིང་ཡར་བསྐྱེད་མགྱོགས་ས། །

ནོར་གཡང་གི་འཕེལ་ཁ་དར་ས། །

གཞོན་རྗེས་རབས་སྐུ་བསོད་ཆེ་ས། །

བུ་ང་ཚོའི་ཕ་ས་ཕ་ཡུལ། །

ས་མདོ་སྨད་ཨ་མདོའི་ཕྱོགས་ཀྱི། །

ཤར་ཅོ་ནེ་རྒྱལ་པོའི་རྒྱལ་རྒྱུད། །

ས་དེ་ནས་ཡར་ལ་སོང་ན། །

སྡེ་ཆེན་པོ་ཉིན་པ་ཞེས་པའི། །

བུ་ང་ཡི་སྐྱེས་ས་སྐྱེས་ཡུལ། །

བཀྲ་ཤིས་པའི་ལྷ་དར་མོད་ས། །

ཆོས་ལྷ་སྡེའི་ཆོས་མཁར་ཆེན་མོ། །

རྩེ་པོ་ཏ་ལ་ཡི་གཞིས་མལ། །

དབུས་ལྷ་ལྡན་ཆོས་ཀྱི་གླིང་ནས། །

ཤར་གོམ་ཕྲག་བརྒྱ་ལྷག་སོང་ན། །

གནས་ཆེན་པོ་ཆབ་མདོ་ཞེས་པ། །

གན་འཕྲེད་བསྟར་རི་བོའི་འགྲམ་ངོགས། །

འདི་གཙང་གསུམ་ཆུ་བོའི་ཉེ་འགྲམ། །

བོད་ཤར་ཕྱོགས་མུ་ཏིག་མཚན་ཅན། །

གནས་དེ་ནས་འཚར་ལོངས་བྱུང་པའི། །

སྨན་བུ་མོ་རིན་ཆེན་ཆོས་མཚོ། །

གན་སྔོན་བསགས་ལས་ཀྱིས་བསྐོས་པའི། །

ལས་ཟེར་བ་ལྡོག་ཐབས་མེས་པས། །

བུ་ང་དང་རིན་ཆེན་ཆོས་མཚོ། །

རིག་སློབ་གླིང་གཅིག་ནས་འཛོམས་ཐལ། །

ཕར་འཁོར་ནས་ཚིག་གསུམ་དྲིས་ནོ། །

ཚུར་ལྷད་མེད་འཛུམས་མདངས་གྲོལ་བྱུང་། །

བུ་ང་ཚོ་སྐད་ཅིག་མ་དེར། །

ཅི་བྱེད་རྒྱུ་དྲན་ཁོམ་མ་བྱུང་། །

དུས་ཉིན་དང་ཟླ་བ་འགོར་སོང་། །

སྨན་བུ་མོ་ཇེ་ཡག་ཇེ་ཡག །

བུ་ཕོ་རྒོད་ཇེ་མང་ཇེ་མང་། །

ད་ཅི་བྱེད་གང་བྱེད་མི་ཤེས། །

གྲོགས་བྱེད་འདོད་སེམས་ན་ཡོད་རུང་། །

ཁ་སྨྲ་ལྕེ་འགུལ་རྒྱུ་སྐྲག་གི །

ཁ་སྨྲ་ལྕེ་འགུལ་རྒྱུ་སྔ་ན། །

སྨན་བུ་མོས་འདང་རྒྱག་ཟེར་གྱི། །

ཁ་སྨྲ་ལྕེ་འགུལ་རྒྱུ་ཕྱི་ན། །

གན་རྗེས་ན་ཕོ་སྐྱེས་མང་གི །

ད་གང་དྲན་ཅི་དྲན་མེད་པར། །

ལོ་བཞི་ཡི་འཁོར་མོ་ཟད་ཐལ། །

མོ་མངའ་རིས་ཡུལ་དུ་འཕུར་ཐལ། །

ང་ཨ་མདོ་ཡུལ་ན་ལུས་འདུག །

ལོ་བཞི་ཡི་འཁོར་མོ་བསམ་ན། །

ཞེ་དྲག་པོའི་འགྱོད་པ་འཁོར་མོད། །

མོ་སྔར་བཞིན་མཛངས་མ་དེ་རེད། །

ང་སྔར་བཞིན་བུ་ལོ་དེ་ཡིན། །

སྐྱིད་སྡུག་གི་འཁོར་བ་ཟེར་བ། །

མཉམ་གཅིག་ཏུ་རོལ་དབང་མེད་མོད། །

སེམས་བསམ་པའི་ཟབ་ས་ཞིག་ན། །

མོ་གན་ཚོ་གསལ་ལེ་ཡོད་གི །

ཚེ་གཅིག་གི་མཐུན་རོགས་མིན་རུང་། །

མོ་གན་ཚོ་བརྗེད་པ་མི་འདུག །

ལག་དམ་པོ་འཇུས་ནས་འགྲོ་བ། །

བུ་ང་ཚོའི་ལག་པ་མིན་རུང་། །

མོ་གན་ཚོ་ཡིད་ནས་བོར་མེད། །

སྟོད་མངའ་རིས་ཡུལ་གྱི་བུ་མོ། །

སྨད་ཨ་མདོའི་ཕྱོགས་ཀྱི་བུ་ལོ། །

སྨན་གན་ཚོ་མཐོང་ཐེངས་རེ་ལ། །

ངའི་བློ་སྙིང་སྟེང་འོག་བརྗེས་སོང །

སྨན་གན་ཚོ་སེམས་ལ་ཤར་ན། །

དགོང་རྨི་ལམ་སྐྱིད་པོ་འབྱུང་གི །

སྨན་གན་ཚོ་དྲན་ཤེས་ངོས་ལ། །

ནམ་ཡིན་རུང་གསལ་ལེར་འཆར་ཡོད། །

ངའི་གློ་སྙིང་དོན་ལྔ་སྣོད་དྲུག །

སྨན་གན་ཚོའི་འཕུར་ཤུལ་དེད་ནས། །

རྫ་མཐོན་པོའི་ཉག་ཁ་བརྒྱུད་དེ། །

གན་བྲག་འབབ་ཆུ་མོ་བཞིན་དུ། །

སྟོད་ཆབ་མདོ་སེམས་སུ་བསྒོམས་ནས། །

སུ་ཞིག་གིས་འགོག་ཐབས་མ་བྱུང་། །

སྐྱབས་བླ་མ་ཡི་དམ་སྲུང་མ། །

ང་ཨ་མདོའི་བུ་ལོ་སེམས་པ། །

སྟོད་མངའ་རིས་བུ་མོར་ཤོར་བར། །

ཐུགས་བརྩེ་བ་ཆེན་པོས་བཟུང་ནས། །

ཕྱིར་རང་ལུས་ཞུགས་སུ་འཇུག་རྒྱུ། །

མཁྱེན་མཁྱེན་ནོ་རྩ་བའི་བླ་མ། །

ལྷོ་གཡུ་འབྲུག་ལྡིར་ལྡིར་གྲགས་པ། །

ཆར་ཟིལ་མ་ཤག་ཤག་འཇོ་བའི། །

གན་ན་ནིང་དབྱར་གཞུང་ཞིག་ལ། །

ངས་ཡུན་རིང་སེམས་སུ་ཉར་བའི། །

སྟོད་མངའ་རིས་བུ་མོའི་སྣང་བ། །

ཡིག་སུམ་ཅུའི་སྦྱོར་བ་བརྒྱུད་ནས། །

རང་སེམས་ཀྱི་སྐད་ཆ་དྲོན་མོ། །

གན་འཇིག་རྟེན་མི་བུར་བསྒྲོགས་ཟིན། །

                2014.12.2

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།