སྟོན་པ་བཅོམ་ལྡན་འདས་ཀྱི་རྣམ་ཐར་མདོར་བསྡུས།

1.jpg

ཆོས་ཐམས་ཅད་མཁྱེན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བསྟན་པའི་གཙོ་བོ་སྟོན་པ་ཐུགས་རྗེ་ཅན་ལ་སྒོ་གསུམ་གུས་པའི་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།

2.jpg

དེ་ཡང་དང་པོ་དགའ་ལྡན་གྱི་གནས་ནས་འཕོ་བ། བྱང་ཆུབ་སེམས་དཔའ་དམ་པ་ཏོག་དཀར་པོས་འཛམ་བུའི་གླིང་དུ་གཟིགས་པ་རྣམ་པ་ལྔ་ལ་གཟིགས་དེ། རིགས་དང་། ཡུལ་དང་། དུས་དང་། རྒྱུད་དང་། ཡུམ་ལ་གཟིགས་པའོ། དེ་ཡང་རིགས་ཀྱི་མཆོག་ཤིན་ཏུ་བཙུན་པར་བཀུར་བའི་རྒྱལ་རིགས་དང་། ཡུལ་གྱི་མཆོག་ཡུལ་དབུས་ཀྱི་གྲོང་ཁྱེར་དམ་པ་དང་། དུས་ཀྱང་ཡིད་འབྱུང་བ་དང་སྐྱོ་ཤས་ཆེ་ཞིང་ཧ་ཅང་རང་སྙིགས་མ་ལྔ་བདོ་བ་ཡང་མ་ཡིན་ལ། ཕ་མེས་དང་མ་མེས་བདུན་རྒྱུད་ཀྱི་བར་དུ་སྐྱོན་མེད་པ་དང་། ཡུམ་ནི་བུད་མེད་ཀྱི་སྐྱོན་ཀུན་སྤངས་ཤིང་། ཡོན་ཏན་ཀུན་ཚང་ལ། ཁྱད་པར་དུ་བྱང་ཆུབ་སེམས་དཔའ་ཟླ་བ་བཅུར་ལྷུམས་སུ་འཛིན་ནུས་པའི་བསོད་ནམས་བསགས་པ་དང་། སྔོན་གྱི་རྒྱལ་བ་ལ་མཆོད་དེ་སངས་རྒྱས་ཀྱི་ཡུམ་དུ་འགྱུར་བ་སྨོན་ལམ་བཏབ་པ་སྟེ་དེ་དག་དགོས་པ་ལས། ལྷ་མོ་སྒྱུ་འཕྲུལ་མ་ལ་དེ་དག་ཚང་བར་གཟིགས་སོ། །

3.jpg

ལྷུམས་སུ་ཞུགས་པའི་ཚུལ། རྒྱལ་པོ་ཟས་གཙང་ལ་བཙུན་མོ་གཉིས་ཡོད་པ་ལ་ཡུན་རིང་དུ་སྲས་མ་འཁྲུངས། འོན་ཀྱང་རྒྱལ་སྲིད་སྐྱོང་བར་སྲས་ངེས་པར་ཏུ་དགོས་པས་རྒྱལ་པོས་ཡར་དཀོན་མཆོག་ལ་མཆོད་འབུལ་དང་། མར་དབུལ་ཕོངས་ལ་སྦྱིན་པ་བཏང་བས། སྤྱི་ལོ་སྔོན་གྱི་ལོ623ཡས་མས་ཙམ་གྱི་ཆུ་སྟོད་ཟླ་བ་དྲུག་པའི་ཚེས་བཅོ་ལྔ་ཉིན་གྱི་མཚན་མོར་བཙུན་མོ་སྒྱུ་མ་ལྷ་མཛེས་ཀྱི་རྨི་ལམ་དུ། དགའ་ལྡན་གྱི་གནས་ནས་བཅོམ་ལྡན་འདས་མཆོག་གཟིགས་པ་ལྔས་གླང་པོ་ཆེ་ཐལ་དཀར་མཆེ་བ་དྲུག་ལྡན་གྱི་རྣམ་པར་བརྫུས་ཏེ་ལྷ་མོ་སྒྱུ་འཕྲུལ་མའི་ལྷུམས་སུ་ཞུགས།

4.jpg

སྐུ་བལྟམས་པ། བྱང་ཆུབ་སེམས་དཔའ་མཆོག་ལྷུམས་སུ་བཞུགས་ནས་ཟླ་བ་བཅུ་རྫོགས་ནས་ལྕགས་སྤྲེལ་ས་ག་ཟླ་བའི་ཚེས་བདུན་ཉིན་ཡུལ་ལུམ་བྷི་ནཱའི་ཚལ་དུ་གཤེགས་ཏེ་ཕྱག་གཡས་པས་བླག་ཤའི་ཤིང་ལ་འཇུས་པར་ལག་གཡས་པ་ནས་སྐུ་བལྟམས། དེ་དང་དུས་མཉམ་པར་རབ་གསལ་དང་། རབ་སྣང་། གཟུགས་ཅན་སྙིང་པོ། ཤར་བ་བཅས་འོད་ཟེར་ཕོག་པའི་རྒྱལ་སྲས་བཞི་རང་རང་གི་སར་འཁྲུངས་ཤིང་བྱང་ཆུབ་ཀྱི་ཤིང་སྐྱེས། བྱང་ཆུབ་སེམས་དཔའ་མཆོག་སྐུ་བལྟམས་མ་ཐག་ཕྱོགས་བཞིར་གོམ་པ་བདུན་བདུན་སྤོས་པའི་ཤུལ་དུ་པདྨ་རེ་སྐྱེས་པ་སོགས་ཕུན་སུམ་ཚོགས་པའི་རྟགས་མང་པོ་བྱུང་། ཁོང་གི་ཞལ་ནས། “འཇིག་རྟེན་འདི་ན་ང་ཉིད་མཆོག་ཡིན་ཏེ། །འགྲན་པའི་ཟླ་དང་བྲལ་བ་ཉིད་ཀྱིས་སོ། །སྐྱེ་བ་འདི་ནི་ཐ་མར་ངེས་པས་ན། །སླར་ཡང་འཇིག་རྟེན་འདི་རུ་སྐྱེ་མི་འགྱུར། །”ཞེས་སོགས་གསུངས་པར་བཞེད།

5.jpg

མཚན་གསོལ་བ།  རྒྱལ་སྲས་འཁྲུངས་པ་ན་རྒྱལ་པོས་ཐུགས་ཤིན་ཏུ་དགྱེས་ནས། ད་ནི་བསམ་པའི་དོན་ཐམས་ཅད་གྲུབ་སོང་ཞེས་གསུངས་ཏེ་རྒྱལ་སྲས་ཀྱི་མཚན་ལ་“གཞོན་ནུ་དོན་གྲུབ་”ཅེས་གསོལ་ཏོ། །

6.jpg

ངོ་མཚར་བའི་སྐུའི་བཀོད་པ། རྒྱལ་སྲས་འཁྲུངས་ནས་ཉིན་བདུན་གྱི་རྗེས་སུ་ཕོ་བྲང་ལ་གདན་དྲངས་ཏེ། བྲམ་ཟེ་མཚན་མཁན་ལ་བསྟན་པས། མཚན་མཁན་ཀྱིས་“རྒྱལ་སྲས་ཁོང་ནི་ཁྱིམ་དུ་བཞུགས་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་། རབ་ཏུ་བྱུང་ཚེ་སངས་རྒྱས་སུ་འགྱུར་ཞེས་ལུང་བསྟན།” སྲས་འཁྲུངས་ནས་ཉིན་ཁ་ཤས་ཀྱི་རྗེས་སུ། ཡུམ་སྒྱུ་མ་ལྷ་མཛེས་ཚེ་ལས་འདས། བཙུན་མོ་ཆུང་བ་སྐྱེ་དགུའི་བདག་མོས་རྒྱལ་སྲས་གཞོན་ནུ་དོན་གྲུབ་ལ་གསོ་སྐྱོང་མཛད་པ་ཡིན་ནོ། །

7.jpg

གཞོན་ནུའི་རོལ་རྩེད། དགུང་ལོ་བདུན་གྱི་སྟེང་དུ་རྒྱལ་སྲས་ཀྱིས་རྩེད་ཆས་དང་། རྩེད་གྲོགས་སོགས་ལ་དོ་སྣང་མི་གནང་བར་རྟག་ཏུ་སྒོམ་རྒྱག་ཚུལ་དང་།  ཏིང་ངེ་འཛིན་ལ་མཉམ་པར་བཞག་ཚུལ་སོགས་ཁོ་ནར་མཛད། དེ་ལ་ཡབ་རྒྱལ་པོ་དང་བཙུན་མོ་གཉིས་ཀྱི་ཐུགས་མ་བདེ་བ་བྱུང་ངོ་། །

8.jpg

ཐུན་མོང་གི་རིག་གནས་སོགས་ལ་མཁས་པར་མཛད་པ། སེམས་དཔའ་ཆེན་པོ་དེ་དགུང་ལོ་བདུན་ནས་བཟུང་སྟེ་བཅུ་དྲུག་གི་བར་ལ་བཟོ་ཡི་གནས་ཀྱིས་བསྡུས་པའི་ཡི་གེའི་རིགས་དྲུག་ཅུ་རྩ་བཞི་དང་། སྟོབས་དང་སྒྱུ་རྩལ་ལ་སོགས་པ་ཕྱི་ནང་ཐུན་མོང་གི་བསྟན་བཅོས་སྨྲ་བ་དང་། ལུས་ངག་གི་སྒོ་ནས་ལེགས་པར་བྱ་བ་ཇི་སྙེད་དང་། ལུགས་ཀྱི་བསྟན་བཅོས་དང་འཕྲུལ་གྱི་རིག་པ་སོགས་ལ་བསླབས་ནས་ཁོང་དུ་ཆུད་ཅིང་ལག་ཏུ་བླངས་པས་ལྷས་བྱིན་ལ་སོགས་པའི་དྲེགས་པ་ཅན་དང་། ཤཱཀྱ་གཏུམ་པོ་གཟུ་ལུམ་ཅན་ལ་སོགས་པའི་སྟོབས་ཅན། གནོད་སྦྱིན་ཤཱཀྱ་འཕེལ་ལ་སོགས་པའི་འཇིག་རྟེན་གྱི་མཐུ་དང་ནུས་པ་ཅན་རྣམས་ཀྱི་ཕྱག་བྱ་བའི་གནས་སུ་གྱུར་ཏེ་འཁོར་ལོས་སྒྱུར་བའི་རྒྱལ་པོའི་ཁྱད་པར་གྱི་ཡོན་ཏན་དང་ལྡན་པས་འཇིག་རྟེན་ཐམས་ཅད་ཟིལ་གྱིས་གནོན་པར་མཛད་དོ། །

9.jpg

བཙུན་མོ་གྲགས་འཛིན་མ་ཁབ་ཏུ་བཞེས་ཚུལ། བཙུན་མོའི་འཁོར་ཕུན་སུམ་ཚོགས་པའི་དབུས་སུ་འདོད་པའི་ཡོན་ཏན་གྱི་དཔལ་ལ་འཇིག་རྟེན་དང་མཐུན་པར་ཡོངས་སུ་རོལ་པའི་མཛད་པ་བསྟན། ཁྱད་པར་དུ་བསོད་ནམས་དང་ཐུགས་བསྐྱེད་ལས་སྨིན་པའི་བཙུན་མོ་གྲགས་འཛིན་མ་ཁབ་ཏུ་བཞེས་ཤིང་དགུང་ལོ་ཉེར་དགུའི་བར་རྒྱལ་པོའི་ཕོ་བྲང་དུ་བཞུགས་སོ། །

10.jpg

11.jpg

འཁོར་བ་སྡུག་བསྔལ་དུ་རྟོགས་པ།  ཕོ་བྲང་གི་ཕྱོགས་བཞིའི་སྒོ་འགྲམ་དུ་བྱོན་སྐབས། མི་རྒས་ཤིང་འཁོགས་པ་དང་། ནད་ཀྱིས་མནར་བ་དང་། ཤི་བ། དགེ་སློང་ཞི་དུལ་ཅན་བཅས་གཟིགས་པས་ཇི་སྲིད་ཞི་བའི་བདེ་བ་མ་ཐོབ་པ་དེ་སྲིད་དུ་ཐམས་ཅད་ཀྱང་ན་རྒ་འཆི་བའི་སྡུག་བསྔལ་ལས་མི་ལྡོག་པའི་ཚུལ་མཁྱེན་པའི་རྐྱེན་དུ་གྱུར་པ།

12.jpg

རྒྱལ་སྲིད་སྤངས་ནས་བྲོས་བྱོལ་དུ་ཕེབས་པ།  ཞག་བདུན་གྱི་ཐ་མར་སྲུང་མཁན་རྣམས་མཚན་མོ་གཉིད་ལ་ལོག་པའི་ནམ་ཕྱེད་ལ་རང་གི་བཙུན་མོ་གྲགས་འཛིན་མ་དང་།  སྲས་སྒྲ་ཅན་འཛིན་གཉིས་ཀྱིས་ཀྱང་མ་མཁྱེན་པར་རྒྱལ་སྲིད་སྤངས་ནས་ཕོ་བྲང་གི་ཕྱིར་གཤེགས་སོ། །

13.jpg

རྒྱལ་སྲིད་སྤངས་ནས་བྲོས་བྱོལ་དུ་ཕེབས་པ།    རྒྱལ་སྲས་གཞོན་ནུ་དོན་གྲུབ་ཀྱིས་རང་གི་ཆིབས་རྟ་བསྔགས་ལྡན་ལ་ཆིབས་ཏེ་ཆུ་བོ་ཨ་ན་མ་ཞེས་པ་བརྒལ་ནས་མཆོད་རྟེན་རྣམ་དག་གི་ཕྱོགས་སུ་ཕེབས།

14.jpg

རབ་ཏུ་བྱུང་བ། ས་ག་ཟླ་བའི་ཚེས་བརྒྱད་ལ་མཆོད་རྟེན་རྣམ་དག་གི་དྲུང་ནས་རང་གི་དབུ་སྐྲ་རང་གིས་བཅད་ནས་རབ་ཏུ་བྱུང་། ན་བཟའ། རིན་པོ་ཆེའི་མགུལ་རྒྱན། ཆིབས་རྟ་སོགས་རང་ལ་ཡོད་པའི་རིན་ཐང་ཅན་གྱི་དངོས་པོ་ཚང་མ་ཤིང་རྟའི་ཁ་ལོ་པར་གནང་། དེ་ནས་ཁོ་རང་ཡང་དག་པའི་ལམ་དང་། ཡང་དག་པའི་ལྟ་བ། ཡང་དག་པའི་ཆོས་འཚོལ་བའི་ཆེད་དུ། དབེན་པའི་གནས་དང་། ནགས་ཚལ། གྲོང་དང་གྲོང་ཁྱེར་ལ་སོགས་མང་པོར་ཕེབས་ནས་བྲམ་ཟེ་དང་། སློབ་དཔོན་མང་པོའི་དྲུང་ནས་སློབ་སྦྱོང་དང་། ཐོས་བསམ་མཛད། སློབ་དཔོན་མང་པོ་བསྟེན་ཡང་སུས་ཀྱང་ཡང་དག་པའི་ལམ་དང་། ཡང་དག་པའི་ལྟ་བ་སྟོན་མ་ཐུབ།

15.jpg

ལོ་དྲུག་གི་རིང་ལ་ཏིང་ངེ་འཛིན་བསྒོམ་ནས་དཀའ་བ་སྤྱད་པ།   ཡངས་པ་ཅན་དུ་གཤེགས་ཏེ་ཕྱི་རོལ་པའི་སྟོན་པ་རིང་འཕུར་དང་། རྒྱལ་པོའི་ཁབ་ཏུ་ལྷག་སྦྱོད་གཉིས་ལས་བསམ་གཏན་གྱི་གདམས་ངག་གསན་ཏེ་སྲིད་རྩེའི་སྙོམས་འཇུག་མཐར་ཐུག་པའང་ཚེགས་ཆུང་གིས་གྲུབ། དེ་ཡང་དེ་ཙམ་གྱིས་རྣམ་གྲོལ་བའི་ལམ་ལྟ་ཅི་འཁོར་བ་འབའ་ཞིག་གི་རྒྱུར་གཟིགས་ཏེ་ཆུ་བོ་ནེེ་རཉྫ་ནཱའི་འགྲམ་དུ་ཉིན་རེར་རྒྱ་ཤུག་གི་འབྲུ་རྡོག་རེ་དང་། ཆུ་ཐིག་པ་རེ་བཞེས་ཏེ་ལོ་དྲུག་གི་རིང་ལ་དཀའ་བ་དྲག་པོ་སྤྱད་ནས་ཏིང་ངེ་འཛིན་ལ་ཞུགས་ཏེ་སྐྱིལ་ཀྲུང་གཅིག་གིས་ལོ་དྲུག་འདས་པར་མཛད་དེ་སྐུ་ལུས་རིད་ཅིང་བསྐམས་ནས་གདོང་ལ་ས་དྲེག་ཆགས་པས་དགེ་སྦྱོང་ནག་པོ་ཞེས་པར་གྲགས་སོ། ། འོན་ཀྱང་དེ་ལྟར་དཀའ་བ་སྤྱད་ཀྱང་ཡང་དག་པའི་ལམ་དང་། ཡངདག་པའི་ལྟ་བ། ཡང་དག་པའི་བདེན་པ་བཅས་ཀྱི་གནས་ལུགས་གང་ཡང་མཁྱེན་མ་ཐུབ།

16.jpg

བ་མོ་སྟོང་གི་འོ་མའི་ཉིང་ཁུ་བཞེས་ནས་སྐུའི་སྟོབས་རྒྱས་ཚུལ།  ལུས་ངག་གི་དཀའ་ཐུབ་སྤྱད་པ་ཁོ་ནའི་རང་གཞན་གྱི་དོན་མི་འགྲུབ་པར་དགོངས་ཏེ། ཁ་ཟས་རགས་པ་གསོལ་ནས་སྐུའི་སྟོབས་བསྐྱེད། ཕྱག་དར་ཁྲོད་ལས་བླངས་བའི་ཆོས་གོས་བཞེས་ཤིང་། གྲོང་གི་བུ་མོ་ལེགས་སྐྱེས་མ་དང་དགའ་སྟོབས་མ་གཉིས་ཀྱིས་བ་མོ་སྟོང་གི་འོ་མའི་ཉིང་ཁུར་བྱས་པ་འོ་ཐུག་སྦྲང་རྩི་ཅན་ཕུལ་བ་བཞེས་ནས། སྐུ་ལ་གསེར་གྱི་མདངས་དང་འོད་འདོམ་གང་འཕྲོས་བ་སོགས་མཚན་དང་དཔེ་བྱེད་རྣམས་གསལ་རྫོགས་སུ་གྱུར་ཏེ་ལྟ་བས་ཆོག་མི་ཤེས་པར་མཛད་པས་འཇིག་རྟེན་དུའང་དགེ་སྦྱོང་ལེགས་མཛེས་སུ་གྲགས་སོ། །

17.jpg

བྱང་ཆུབ་སྙིང་པོར་གཤེགས་པ།  དགུང་ལོ་སོ་ལྔ་པ་ཤིང་རྟ་ལོ་ལ་རྒྱ་གར་རྡོ་རྗེ་གདན་དུ་ཕེབས་ཏེ། དེར་རྩ་འཚོང་གི་ཁྱེའུ་བཀྲ་ཤིས་ཀྱིས་རྩྭ་ཀུ་ཤ་མང་པོ་ཕུལ་བས། གདན་ཐོག་གཅིག་ལ་འཚང་རྒྱ་བའི་རྟེན་འབྲེལ་ལེགས་པར་འགྲིག །དེ་ནས་ཀུ་ཤའི་ཆག་པ་གདན་ལ་བཏིངས་ནས་རྡོ་རྗེ་བྱང་ཆུབ་ཤིང་ལ་སྐུ་རྒྱབ་མཛད་ཏེ། སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་གདན་དེ་ལས་མི་བསྐྱོད་པར་དམ་བཅའ་བརྟན་པོར་མཛད་པ་ནས་གུང་གི་དུས་སྐྱིལ་མོ་ཀྲུང་གིས་འཁོད་པ་ན། ས་གཞི་ཐམས་ཅད་འཁར་བའི་སྣོད་ལ་སྒྲ་འབྱིན་པ་ལྟར་དབྱངས་སྙན་པོས་འཇིག་རྟེན་ཁྱབ་ཅིང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས་འོད་ཟེར་ཀུན་ཏུ་བཀྲམ་ཞིང་སེམས་ཅན་རྣམས་གཉིད་ལས་སད་པ་ལྟ་བུའི་སྣང་བ་བྱུང་། བྱ་རྣམས་ཀྱིས་ཀྱང་སྙན་པའི་ཅ་ཅོ་སྒྲོག་བཞིན་མཁའ་ལ་གཡས་སུ་བསྐོར་པ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་བ་དང་། ཐུབ་པ་མཆོག་གིས་སངས་རྒྱས་ཀྱི་ཞིང་མང་པོའི་བཀོད་པ་གཟིགས་པ་དང་བཅས་དྲན་པ་མངོན་དུ་བཞག་ནས་བཞུགས་སོ། །

18.jpg

བདུད་ཀྱི་གནོད་བྱས་པ།  བྱང་ཆུབ་སེམས་དཔའ་ཉིད་དེ་ལྟར་བཞུགས་པ་ན་བདུད་རྡིག་ཅན་ཏོ་བུ་(དགའ་རབ་དབང་ཕྱུག) ཀྱིས་ཤེས་ཏེ་ཆོས་ལ་བར་ཆད་གཏོང་ཆེད།  ལ་ལས་མེ་སྤོར་བ་དང་། ལ་ལས་རྡོ་ཆར་འབེབས་པ། ལ་ལས་མཚོན་ཆ་སྣ་ཚོགས་ཀྱི་ཆར་འབེབས་པ་སོགས་བྱས། བྱང་ཆུབ་སེམས་དཔའི་ཐུགས་ལ་འཇིགས་པ་དང་ཁྲོ་བ་སྤུ་ཙམ་ཡང་མེད་པར་སྙིང་རྗེ་ཆེན་པོ་འཁྲུངས་པས།    བདུད་ཀྱི་རྡོ་ཆར་དང་། མཚོན་ཆ་རྣམས་བྱང་ཆུབ་སེམས་དཔའི་སྐུ་ལ་རེག་མ་ཐག་མེ་ཏོག་གི་མཆོད་ཚོགས་སུ་གྱུར་ཏེ་སྐུ་ལུས་ལ་གནོད་པ་ཕྲ་མོ་ཙམ་ཡང་མ་བྱུང་། དེ་ལྟར་བྱང་ཆུབ་སེམས་དཔའི་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་ལ་སྐུ་རྒྱབ་བརྟེན་པར་མཛད་ནས་སྔར་ལྟར་ཏིང་ངེ་འཛིན་ལ་མཉམ་པར་བཞག །

19.jpg

བདུད་ཀྱི་ཆོ་འཕྲུལ། བདུད་ཀྱིས་གཡོ་ཅན་བུ་མོ་མཛེས་མ་ལ་སོགས་པའི་ཆོ་འཕྲུལ་སྣ་ཚོགས་བསྟན་ཀྱང་སྐུའི་བ་སྤུ་ཙམ་ཡང་གཡོ་བར་མ་ནུས་ཤིང་། བདུད་ཀྱི་བུ་མོ་རྣམས་ཞེན་ལོག་པའི་རྒན་མོ་འཇིགས་སུ་རུང་བ་དག་ཏུ་གྱུར། དེ་ནས་སྔར་བཞིན་བྱམས་པའི་ཏིང་ངེ་འཛིན་ལ་མཉམ་པར་བཞག

20.jpg

བདུད་བཏུལ་བ།  མཐར་ཤིང་རྟ་ལོའི་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔ་ཉིན་གྱི་མཚན་མོར་བྱང་ཆུབ་ཆེན་པོའི་ཤིང་གི་དྲུང་དུ་གཡོ་མེད་ཏིང་འཛིན་ལ་གནས་ཏེ་ས་སྲོད་ལ་བདུད་འདུལ་བ་དང་། ནམ་གུང་ལ་མཉམ་པར་བཞག

21.jpg

མངོན་པར་རྫོགས་པའི་སངས་རྒྱས་པ།  ཤིང་རྟ་ལོའི་ས་ག་ཟླ་བའི་ཡར་ཚེས་བཅོ་ལྔ་ཉིན་གྱི་ཐོ་རེངས་ལ་མངོན་པར་རྫོགས་པའི་སངས་རྒྱས་དེ་བདེན་པ་བཞིའི་(བཅོམ་ལྡན་འདས་ཀྱིས་ཆོས་འཁོར་ཐོག་མར་བསྐོར་སྐབས་གསུངས་པའི་འཁོར་བའི་རྒྱུ་འབྲས་དང་མྱང་འདས་ཀྱི་རྒྱུ་འབྲས་མ་ལུས་པ་བསྡུས་ནས་བླང་དོར་བྱ་བའི་གཞི་འཕགས་པའི་བདེན་པ་བཞི་སྟེ། སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་པའི་བདེན་པ། ལམ་གྱི་བདེན་པ།) གནས་ལུགས་རྣམས་ཡང་དག་པར་ཐུགས་ལ་རྟོགས་ནས་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དངོས་སུ་ཐོབ་བོ། །

22.jpg

ཚངས་པ་དང་བརྒྱ་བྱིན་གཉིས་ཀྱིས་ཆོས་འཁོར་བསྐོར་བར་གསོལ་བ།  བསྟོད་པ་ལས། “མི་མཛད་བདག་པོ་ཚངས་པ་ཆེན་པོ་ཡིས། །རྩིབས་སྟོང་གསེར་གྱི་འཁོར་ལོ་ཕུལ་ཏེ་བསྐུལ། །ངོ་མཚར་རྨད་བྱུང་འཕགས་པའི་བདེན་པ་བཞིའི། །ཆོས་ཀྱི་འཁོར་ལོ་བསྐོར་ལ་ཕྱག་འཚལ་ལོ། །”ཞེས་གསུངས་བ་ལྟར། དེ་བཞིན་གཤེགས་པ་ཐུགས་ལས་ཆུང་ངུའི་ཚུལ་མཛད་དེ་བཞུགས་པ་ན། ཚངས་པ་དང་བརྒྱ་བྱིན་གཉིས་ཀྱིས་གསེར་གྱི་འཁོར་ལོ་རྩིབས་སྟོང་ལྡན་པ་དང་དུང་དཀར་གཡས་སུ་འཁྱིལ་བ་བཅས་ཕུལ་ཏེ་ཆོས་འཁོར་བསྐོར་བར་གསོལ་བ་བཏབ་པ་ལྟར་ཞལ་གྱིས་བཞེས་སོ། །

23.jpg

བཀའ་དང་པོ་བདེན་བཞིའི་ཆོས་འཁོར་གསུངས།  ཟླ་བ་དྲུག་པའི་ཚེས་བཞི་ལ་ཡུལ་ཝཱ་ར་ཎ་སིར་བསོད་སྙོམས་མཛད་ཅིང་དྲང་སྲོང་ལྷུང་བ་རི་དྭགས་ཀྱི་ནགས་སུ་འཁོར་ལྔ་སྡེ་བཟང་པོ་ཀུན་ཤེས་ཀཽ་ཏི་ནྱ་དང་། རྟ་ཐུལ། རླངས་པ། མང་ཆེན། བཟང་ལྡན་རྣམས་ཚུར་ཤོག་གིས་བསྙེན་པར་རྫོགས། བཀའ་དང་པོ་བདེན་པ་བཞིའི་ཆོས་འཁོར་བསྐོར་པས་ལྔ་སྡེ་དགྲ་བཅོམ་ཐོབ། ཆོས་འཁོར་དང་པོ་སྐོར་སྐབས་ཚངས་པ་དང་བཅས་པའི་འཇིག་རྟེན་གྱི་ལྷ་ཚོགས་གྲངས་ལས་འདས་པ་ཆོས་ཉན་དུ་བྱོན། ཆོས་འཁོར་དེའི་སྐབས་སུ་ཆེད་དུ་བྱ་བའི་གདུལ་བྱ་རྣམས་ལ་མཐའ་གཉིས་(བསོད་ཉམས་ཀྱི་མཐའ། ངལ་ཞིང་དུབ་པའི་མཐའ།)སུ་མ་ལྷུང་བའི་སྒོ་ནས་དམ་ཆོས་ལ་ཉན་བསམ་དགོས་པའི་གདམས་ངག་སྩལ།

24.jpg

བྱ་རྒོད་ཕུང་པོའི་རི་ལ་སོགས་པར་ཆོས་ཀྱི་འཁོར་ལོ་བསྐོར།     དེ་ནས་བཅོམ་ལྡན་འདས་དགུང་གྲངས་ལྔ་བཅུ་རྩ་གཅིག་པ་ལྕགས་ཕོ་ཁྱི་ཡི་ལོར་བྱ་རྒོད་ཕུང་པོའི་རི་ནས་བཀའ་བར་བ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར། འདིར་ནི་འཕགས་པ་ཀུན་དགའ་བོ་ངེས་པར་འབྱུང་བ་དང་། འཕགས་པ་རབ་འབྱོར་གྱིས་དགྲ་བཅོམ་ཐོབ་པའི་དུས་སོགས་ཐུན་མོང་མཛད་པ་ཉིད་གཙོ་བོར་བྱས་སོ། །ཤེར་ཕྱིར་གྱི་མདོ་སྡེ་རིན་པོ་ཆེ་གསུངས་པའི་པའི་ཚེ། ནམ་མཁའ་ནས་ལྷའི་བུ་རྣམས་ཀྱིས། ཨ་ལ་ལ་འཛམ་བུའི་གླིང་དུ་ཆོས་ཀྱི་འཁོར་ལོ་གཉིས་པ་བསྐོར་པར་མཐོང་ངོ་།   །ཞེས་ཆེད་དུ་བརྗོད་པའང་མཛད་དོ།       །དེ་ནས་རིམ་བཞིན་ཡངས་པ་ཅན་དུ་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བསྐོར་ཏེ།  ཆོས་འཁོར་རིམ་པ་གསུམ་བསྐོར།

25.jpg

བཅོམ་ལྡན་འདས་ལགས་རང་གི་རྒྱལ་གཞིས་ལ་ཕེབས་པ།   ཡབ་རྒྱལ་པོ་ཟས་གཙང་གྱི་རེ་འདུན་ལྟར་སངས་རྒྱས་ཀྱིས་རང་གི་རྒྱལ་གཞིས་ལ་བསོད་སྙོམས་བཞེས་པར་ཕེབས།  རྒྱལ་བོ་ཟས་གཙང་ཞུ་བ་དང་། བཙུན་མོ་དང་།  བློན་པོ་འཁོར་དང་བཅས་པ་སངས་རྒྱས་བསུ་བར་ཕེབས།    དེ་ནས་སངས་རྒྱས་བཅོམ་ལྡན་འདས་བཙུན་མོ་གྲགས་འཛིན་མའི་སར་སྐུ་དངོས་སུ་ཕེབས་པ་ཡིན།

26.jpg

བཙུན་མོ་གྲགས་མའི་སངས་རྒྱས་ཀྱི་ཞབས་ལ་ཕྱག་འཚལ་བ།  བཙུན་མོ་གྲགས་འཛིན་མའི་སངས་རྒྱས་མཐོང་མ་ཐག་རང་གི་ལུས་ས་ལ་ཕབ་སྟེ་སངས་རྒྱས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ། སངས་རྒྱས་ཀྱིས་ཡབ་དང་། བཙུན་མོ་གྲགས་འཛིན་མ་འཁོར་དང་བཅས་པར་ཆོས་ཀྱི་བསླབ་བྱ་མང་པོ་གསུངས་སོ། །

27.jpg

བཅོམ་ལྡན་འདས་ཀྱི་སྲས་སྒྲ་ཅན་འཛིན་ལ་རབ་བྱུང་གི་སྡོམ་པ་བསྩལ་བའི་ཚུལ།  བཙུན་མོ་གྲགས་འཛིན་མའི་རང་གི་བུ་སྒྲ་ཅན་འཛིན་སངས་རྒྱས་ཀྱི་དྲུང་དུ་ཕ་མེས་ཀྱི་ནོར་སྐལ་ཞུ་བར་བཏང་།  སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྲས་སྒྲ་ཅན་འཛིན་ལ་རབ་བྱུང་གི་སྡོམ་པ་བསྩལ་ཏེ། ནོར་ཀུན་གྱི་གཙོ་བོ་འཕགས་པའི་ནོར་བདུན(དད་པའི་ནོར། ཚུལ་ཁྲིམས་ཀྱི་ནོར། ཐོས་པའི་ནོར། གཏོང་བའི་ནོར། ངོ་ཚ་ཤེས་པའི་ནོར། ཁྲེལ་ཡོད་པའི་ནོར། ཤེས་རབ་ཀྱི་ནོར། )གྱིས་ཚིམས་པར་མཛད་ནས་དགེ་འདུན་གྱི་སྡེར་འཇུག་པར་མཛད།

28.jpg

རི་དྭགས་དང་གཅན་གཟན་རྣམས་ཀྱིས་སངས་རྒྱས་ལ་མཆོད་པ་ཕུལ་བ།  སངས་རྒྱས་བཅོམ་ལྡན་འདས་ཀྱིས་དུས་རྟག་ཏུ་སེམས་ཅན་ཚང་མ་ལ་དབྱེ་བ་མེད་པར་བྱམས་པ་དང་། སྙིང་རྗེ་ཚད་མེད་མཛད།  བཅོམ་ལྡན་འདས་གཅིག་པུར་ནགས་སུ་བཞུགས་པའི་ཚེ། གླང་པོ་ཆེ་དང་། སྤྲེའུ་སོགས་རི་དྭགས་དང་གཅན་གཟན་རྣམས་ཀྱིས་སངས་རྒྱས་ལ་བསྐོར་བ་རྒྱག་པ་དང་། ཆུ་དང་། ཤིང་ཏོག སྦྲང་རྩི་སོགས་ཀྱི་མཆོད་པ་ཕུལ།

29.jpg

ལྷས་སྦྱིན་གྱིས་སངས་རྒྱས་ལ་གནོད་བྱེད་པ།  སྐབས་དེར་སངས་རྒྱས་ལ་ཕྲག་དོག་བྱེད་མཁན་མང་པོ་ཡོད་ལ་སྡང་དགྲར་འཛིན་ཞིང་། ཕྲག་དོག་བྱེད་མཁན་གཙོ་བོ་རང་གི་ཕུ་བོ་ལྷས་བྱིན་ཡིན། ཉིན་ཞིག་ལ་ལྷས་སྦྱིན་ཀྱིས་སངས་རྒྱས་ཀྱི་སྐུ་ལ་གནོད་འཚེ་བྱེད་དགོས་བསམ་ནས་རྒྱལ་པོ་མ་སྐྱེས་དགྲ་ལ་ངན་བསླབས་བརྒྱབས་ཏེ་སངས་རྒྱས་ཕེབས་པ་དང་། གླང་པོ་ཆེ་སྨྱོན་པ་རི་བོ་སྔོ་སངས་ཞེས་པ་གློད་དུ་བཅུག འོན་ཀྱང་གླང་ཆེན་སྨྱོན་པ་དེས་སངས་རྒྱས་ཀྱི་ཞལ་མཐོང་མ་ཐག་ལམ་སེང་ལ་ཉལ་ནས། ཞབས་འོག་གི་རྡུལ་རང་གི་མགོ་དང་གཟུགས་པོའི་སྟེང་ལ་གཏོར་ཏེ་ཞི་ཞིང་དུལ་བར་གྱུར། དེ་ནས་བཟུང་གླང་པོ་ཆེ་དེས་གཞན་ལ་གནོད་པ་མ་བྱས་སོ། །

30.jpg

གཱོོ་ཏཱ་མ་ཞིག་གིས་རང་གི་བུ་ཤི་བ་སླར་ཡང་གསོན་པོར་འགྱུར་བའི་སྐྱབས་འཇུག་ཞུས་པ།  བྲམ་ཟེ་བུ་མོ་གཱོོ་ཏཱ་མ་ཞེས་པའི་བུ་ཤི་བ་དང་། མོས་རང་གི་བུ་ཤི་བའི་རོ་འཁྱེར་ཏེ་སངས་རྒྱས་ཀྱི་དྲུང་དུ་བཅར་ཏེ་སླར་ཡང་གསོན་པོར་འགྱུར་བའི་སྐྱབས་འཇུག་ཞུས། སངས་རྒྱས་ཀྱིས་གཱོོ་ཏཱ་མ་ལ་བཀའ་བསྩལ་པ། ཁྱེད་ཀྱིས་མི་གཅིག་ཀྱང་འཆི་མ་མྱོང་བའི་ཁྱིམ་ཚང་ཞིག་ནས་ཏིལ་སྙིམ་པ་གང་བྱུང་ན་བུ་ཤི་བ་ལས་གསོ་ཐུབ་ཅེས་གསུངས། མོ་རང་ས་ཕྱོགས་གང་ས་གང་ལ་སོང་ཡང་མི་ཤི་མ་མྱོང་བའི་ཁྱིམ་ཚང་ནི་གཅིག་ཀྱང་མ་རྙེད། དེ་ཚང་མ་འཆི་བའི་འཇིགས་པ་ལས་ཐར་ཐབས་མེད་པ་དང་། རང་གི་བུ་ཡང་ཤི་བ་ལས་སླར་གསོན་ཡོང་ཐབས་མེད་པ་ཤེས་ཐུབ་པ་བྱུང་། འདི་ནི་སངས་རྒྱས་ཀྱི་ཆོས་སྟོན་པའི་ཐབས་ཚུལ་ཐོང་མ་ཡིན་པ་ཞིག་ཡིན།

31.jpg

ཡུམ་གྱི་དྲིན་ལན་གསབ་པ།  རང་ཅག་གི་སྟོན་པ་དགུང་ལོ་ང་བརྒྱད་པར་རང་ཉིད་ཀྱི་ཡུམ་ལྷ་ཡུལ་དུ་སྐྱེས་པ་ལ་དྲིན་ལན་གསབ་ཆེད་དུ་ཆོས་གསུང་བར་བྱོན་ནས་ཟླ་བ་གསུམ་ཀྱི་རིང་དུ་བཞུགས།

32.jpg

ལྷ་ཡུལ་ནས་མར་མི་ཡུལ་དུ་བབས་པ།  སྟོན་ཟླ་ཐ་ཆུང་ཐ་སྐར་ཟླ་བ་བོད་ཟླ་དགུ་བའི་ཚེས་ཉི་ཤུ་གཉིས་ལ་ལྷ་ཡུལ་ནས་གྲོང་ཁྱེར་གསལ་ལྡན་གྱི་འགྲམ་དུ་བབས་པར་མཛད།  དེ་ལ་དྲན་གསོ་ཞུ་ཆེད་བོད་དུ་ཟླ་བ་དགུ་བའི་ཚེས་ཉི་ཤུ་གཉིས་ལ་ལྷ་བབས་དུས་ཆེན་ཞེས་འབོད་སྲོལ་མཆིས་པ་མ་ཟད། དེ་ལྟའང་མ་ཡུམ་དུས་ཆེན་ལ་གཏན་འཁེལ་གནང་ཡོད་ཅིང་ཉམས་སུ་བསྟར་བཞིན་གནས།

33.jpg

འཆི་བ་མི་རྟག་པ་གསུངས། མཐར་ཆོས་དང་ཆོས་མིན་རྣམ་པར་འབྱེད་པ་ན་མདོ་སྡེ་དང་མཐུན། འདུལ་བ་ལ་སྣང་། ཆོས་ཉིད་དང་མི་འགལ་ན་སྟོན་པའི་བསྟན་པ་ཟུངས་ཤིག་དང་། སྐུའི་སྟོད་གཡོགས་བསལ་ནས་འཁོར་རྣམས་ལ་སྐུ་བསྟན། །འདི་ལྟར་འདུས་བྱས་ཐམས་ཅད་ནི་འཇིག་པའི་ཆོས་ཅན་ནོ། །ཞེས་གསུང་གི་ཐ་མར་འཆི་བ་མི་རྟག་པ་གསུངས་སོ།  །

34.jpg

སྐུ་མྱ་ངན་ལས་འདས་ཚུལ། ལྕགས་འབྲུག་ལོའི་ས་ག་ཟླ་བའི་ཚེས་བཅོ་ལྔ་ཉིན་རྩྭ་མཆོག་གྲོང་དུ་གཤེགས་ཏེ་ས་ལའི་ཚལ་གྱི་དབུས་ཐ་མལ་གྱི་གཟིམ་ཁྲིར་བཞུགས་ཤིང་། ཉན་ཐོས་འོད་སྲུང་ཆེན་པོ་ལ་བསྟན་པ་གཏད། འདུས་བྱས་ཐམས་ཅད་ནི་མི་རྟག་པ་དང་། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། མྱ་ངན་ལས་འདས་པ་ཞི་བ་ཞེས་གསུང་གི་ཐ་མ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་བསྩལ་ནས་དབུ་སྔས་བྱང་། ཞབས་ལྷོ། སྐུ་རྒྱབ་ཤར། ཞལ་ལྷོ་ནུབ་ཏུ་བསྟན་ནས་ཟག་མེད་ཆོས་ཀྱི་དབྱིངས་སུ་སྐུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་ནོ། །(སངས་རྒྱས་མྱ་ངན་ལས་འདས་པའི་ཚེ། གནས་དང་ཕྱོགས་ཀུན་ཏུ་དགེ་འདུན་གྱི་ཚོགས་དང་། ཡུལ་གྱི་མི་རྣམས་ཚང་མ་ཚད་མེད་པའི་མྱ་ངན་གྱིས་ཡོངས་སུ་ནོན་པར་གྱུར། དེ་ནས་ས་ཕྱོགས་ཚང་མར་སངས་རྒྱས་ཀྱི་འདང་མཆོད་དང་། ཞུགས་འབུལ་གྱི་ཆོ་ག་ཡང་རྒྱ་ཆེན་པོ་བྱས་སོ། །མ་འོངས་པ་ན་མི་རྣམས་ཀྱི་དད་པའི་རྟེན་དུ་གནས་མི་འདྲ་བ་བརྒྱད་དུ་མཆོད་རྟེན་ཆེན་པོ་བརྒྱད་བཞེངས་ཏེ། དེ་དག་གི་ནང་དུ་སངས་རྒྱས་ཀྱི་ཚེམས་དང་། རིང་བསྲེལ། སྐུ་རུས་སོགས་བཞུགས་སུ་གསོལ་བའི་གནས་རྣམས་ད་ལྟ་ཡང་མཇལ་རྒྱུ་ཡོད་པ་བཅས་སོ། ། )

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།